ཐའེ་ཝན་དང་བོད་ནི་ཨ་རྒྱ་གཉིས་ཀྱི་སྤོ་ལོ་ཡིན།

ཆབ་སྲིད་ནི་རང་ལ་ཁེ་ཕན་ཡོང་ཐབས་ཀྱི་ཐབས་ཇུས་ཤིག་ཡིན་པས་གང་ལ་ཁེ་ཕན་ཆེ་ན་དེར་འཇུག་རྒྱུ་ལས་ལས་འབྲས་དང་བདེན་པ། ཀུན་སྤྱོད་དང་འགན་ཁུར་ཞིག་ནམ་ཡང་རྩ་བར་འཛིན་གྱི་མེད། གཞུང་ལུགས་ཀྱི་ངོས་ནས་བལྟས་ན་ཆབ་སྲིད་ནི་ཐབས་ཇུས་ཤིག་ཡིན་པ་ལས་དེ་ལས་ཁ་གསལ་བ་སྟེ། རྒྱུ་འབྲས་སྲུང་དགོས་མིན་དང་དྲང་བཞག་ཡོད་དགོས་མིན་སོགས་ཀྱི་གནད་དོན་ཐད་དུ་སྒེར་གྱི་ལྟ་ཚུལ་བཟང་ངན་བཏོན་པ་ལས་རྩ་བའི་སྒྲོམ་གཞི་ལ་འདི་འདྲ་ཞིག་དགོས་ཞེས་པ་ནི་ཡོད་སྐད་མི་འདུག སྤྱི་ཚོགས་ཀྱི་འགྱུར་འགྲོས་ཁྲོད་ནས་ཆབ་སྲིད་དང་ཆོས་ལུགས་མཐུན་ལམ་དམ་ཟབ་ཀྱང་བྱུང་མྱོང་ཞིང་། རྦད་དུ་འགལ་བའི་རང་བཞིན་ཡང་བྱུང་ཡོད་པས་ན། རྣམ་པ་གཅིག་ཏུ་འགྲོ་ཐུབ་རྒྱུ་ཞིག་མེད་པ་འདུག

རང་རེའི་བོད་མིའི་འདུ་ཤེས་ཁྲོད་ཆབ་སྲིད་ནི་ཆོས་བཞིན་སྐྱོང་དགོས་པ་ཞིག་ཏུ་མཐོང་ནས་ཡོད་ཅིང་། ཆབ་སྲིད་པ་ཞིག་ཡིན་ན་དྲང་བཞག་བདེན་པ་འཛིན་མཁན་གྱི་མི་སྣ་ཞིག་ཡིན་ལོས་དགོས་སྙམ་པ་དེས་དོན་ལྔ་སྣོད་དྲུག་ལ་བག་ཆགས་ཅི་བས་འཐུག་པ་ཞིག་འཇོག་ཡོད་སྟབས་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་འདྲུ་ནས་ཡོང་གི་ཡོད། ད་ཡོད་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ན་ངེད་ཅག་ལྟར་མ་ཡིན་པར་རང་ལ་ཁེ་ཕན་སྐྲུན་ཅིང་གཞན་ལ་གྱོང་ཁ་སྤྲོད་པ་ཐུབ་པ་ཞིག་བྱུང་ན་ཆབ་སྲིད་པ་ལེགས་པོ་ཞིག་ལ་བརྩི་བཞིན་པའང་གསལ་པོ་ཡིན་སྟེ། ད་ལོའི་ཨ་མེ་རི་ཀའི་འོས་འདེམས་དེ་ལས་ཀྱང་ཁ་གསལ་ཆགས་ཡོད།

ད་རེས་ངས་འདི་ནས་བཤད་འདོད་པ་དེ་ནི་ཐའེ་ཝན་དང་བོད་ཀྱི་གནད་དོན་དེ་ཡིན་ལ་འདི་ནི་ནུབ་ཕྱོགས་པ་ཚོས་ཆབ་སྲིད་ཀྱི་ལག་ཆ་ཡག་པོ་ཡིན་པས་འདི་ཉིད་གློད་ཀྱང་མི་སྲིད་ལ་དམ་དུའང་འཛིན་མི་སྲིད། སྤོ་ལོ་རྩོད་མཁན་གཉིས་ཀྱི་བར་དུ་སྤོ་ལོ་ཞིག་མེད་ན་དོན་མེད་རྐང་པ་གཡུག་རྒྱུ་ལས་ཐོབ་ཤོར་གྱི་འགྲན་རྩོད་ཅི་ཡང་བྱེད་རྒྱུ་མེད་པས། སྤོ་ལོ་ནི་ཁོ་གཉིས་ཀྱི་རྩ་བའི་ཁེ་ཕན་ཆེད་དུ་ཕར་གཡུག་ཚུར་གཡུག་བྱ་རྒྱུ་དེ་ཡིན། ཐའེ་བོད་གཉིས་ནི་ཨ་རྒྱ་གཉིས་ཀྱིས་བར་ན་སྤོ་ལོ་བཞིན་ཡོད་སྟབས་སུས་རྐང་པ་སྔུན་ལ་བསྲིངས་ནས་རྡོག་ཐོ་གཞུས་ཏེ་དྲ་བའི་སྒོ་འགྲམ་དུ་ཁྲིད་རྒྱུ་དེ་ནི་འགྲན་ཡ་ལ་ཞེད་སྣང་སློང་བྱེད་ཡག་ཤོས་དེ་ཡིན། ཌོ་ནལ་ཁྲོམ་གྱིས་ཐའེ་ཝན་སྤྱད་ནས་ཀྲུང་གོའི་དྲ་བའི་སྒོ་ནང་དུ་བླུག་གྲབས་བྱས་པས་ཀྲུང་གོ་ནི་སྡོད་མི་བདེ་ཞིག་བཟོས་ཡོད་པ་རེད། ཀྲུང་གོས་ཀྱང་སྲིད་ཇུས་གསར་པ་ཞིག་བཏོན་རྩིས་ཡོད་ཅེས་སྦོམ་ཤོམ་བཤད་རུང་ཐའེ་ཝན་དང་མཁའ་མཚོའི་འགྲིམ་འགྲུལ་མཚམས་གཅོད་ན་ལས་དེ་མིན་ཧ་ལོས་དགོས་པ་ཞིག་བཟོ་ཐབས་མེད་པ་གསལ་པོ་རེད། ཐའེ་ཝན་གྱི་དཔལ་འབྱོར་རྟེན་གཞི་ཅུང་བརྟན་པོ་ཡིན་པས་ཀྲུང་གོའི་ཚོང་ལམ་འགག་ནའང་འ་ཆད་འུ་ཐུག་ཅིག་ཡོང་མི་ཐུབ་པས། ཀྲུང་གོའི་ཐབས་ལམ་ཅི་ཞིག་བཀོལ་ན་ད་གཟོད་ཐའེ་ཝན་དཀའ་ངལ་རང་བཞིན་གྱི་ལམ་དུ་དེད་ཐུབ་པའི་སྲིད་ཇུས་ཤིག་སུ་ལའང་བཤད་རྒྱུ་རག་གི་མེད། གནས་སྟངས་འདི་འདྲའི་འོག་ནས་ཀྲུང་གོས་ཌོ་ནལ་ཁྲོམ་ལ་ཞེ་པོ་ཞིག་བཟོ་རྒྱུ་ཡོད་མདོག་འཁྲབས་ནའང་ཌོ་ནལ་ཁྲོམ་མི་སྐྲག་པ་མ་ཟད་ཐའེ་ཝན་ནི་དེ་ལས་ཀྱང་ཞེད་སྣང་སྤུ་ཙམ་འབྱུང་གི་མེད།

ཌོ་ནམ་ཁྲོམ་གྱིས་སྤོ་ལོ་གཉིས་པ་ཞིག་གཡུག་རྒྱུ་ཡོད་པ་དེ་ནི་བོད་ཀྱི་གནད་དོན་དེ་ཡིན་ཞིང་། བོད་ཀྱི་གནད་དོན་ལ་སྐད་ཆ་སྦོམ་པོ་རེ་བཤད་པ་ཙམ་མིན་པར་ཀྲུང་གོ་ལ་འགྲམ་ལྕགས་གཞུས་པའི་ཐབས་ཇུས་སྤེལ་རྒྱུ་ཡོད། སྐད་ཆའི་ཐོག་ནས་ཌོ་ནལ་ཁྲོམ་གྱིས་བོད་ལ་རང་བཙན་ཡོད་པའི་བསྒྲགས་གཏམ་སྤེལ་རུང་། དེས་བོད་ལ་རང་བཙན་ཐོབ་ཐུབ་པའི་ནུས་པ་གང་ཡང་སྤྲོད་མི་ཐུབ། ད་ཡོད་དབུ་མའི་ལམ་འགག་ས་ཡང་ཀྲུང་གོའི་ལག་པ་ལ་ཐུག་པ་ཡོད་པ་ལས་ནུབ་ཕྱོགས་ཀྱི་རྒྱབ་སྐྱོར་དེས་གང་ཡང་ཕན་གྱི་མེད་པར་གསལ་པོ་ཆགས་ཡོད། འོན་ཀྱང་ཌོ་ནལ་ཁྲོམ་གྱིས་རྔ་ལ་ལྟོས་ཏེ་ཆམ་ཞིག་འཁྲབ་རྒྱུ་ཡོད་པ་ནི་༸གོང་མཆོག་གདན་ཞུ་དང་དེ་ཡང་ཆབ་སྲིད་ཀྱི་རྣམ་པར་ཤུགས་ཆེན་མངོན་ཐབས་བྱ་རྒྱུ་དེ་ཡིན། ཀྲུང་གོས་ད་ནས་བཟུང་ཌོ་ནམ་ཁྲོམ་ལ་ཁོང་ཁྲོ་ཇི་ཙམ་སློང་ཐུབ་ན་རང་རེ་ལ་དེ་ཙམ་ཡག་པའི་གོ་སྐབས་ཤིག་མངོན་འགྱུར་འབྱུང་གི་ཡོད་ཅིང་། འགལ་ཟླའི་རྣམ་པ་མེ་རི་བཞིན་འབར་ཚེ་གཅིག་ཏུ་བྱས་ན། ཌོ་ནལ་ཁྲོམ་གྱི་སྲིད་འཛིན་ཁྲི་འདོན་མཛད་སྒོ་ལ་༸གོང་ས་མཆོག་མགྲོན་འབོད་བཟོ་སྲིད་ཅིང་། ཁྲི་ཁ་ལངས་པའི་རྗེས་ཀྱི་ཉིན་མ་བརྒྱའི་མཛད་རིམ་ནང་དུ་བོད་དང་འབྲེལ་བའི་གནད་དོན་ལའང་ལག་པ་འཆང་རྒྱུ་འོངས་ཉེ་ཆེ། འདི་དག་ནི་རང་རེ་ལ་མཚོན་ལ་དགའ་འོས་པ་ཞིག་ཨེ་ཡིན་མི་ཤེས་ལ་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་དཀའ་ངལ་དེ་ཇེ་ཆེར་གཏོང་བའི་རྐྱེན་ངན་ཞིག་ཀྱང་འགྱུར་མི་སྲིད་པ་མིན། འོན་ཀྱང་ད་ཡོད་ཀྱི་རང་རེའི་བསམ་ཚུལ་ལྟར་ཀྲུང་གོ་ལ་གནག་པོ་ཞིག་བཟོ་ཐུབ་པ་ནི་གཏན་གཏན་རེད།


2016-12-14
Powered by Blogger.