ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་དང་ཕྱག་ཡིག
ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་དང་ཕྱག་ཡིག་འདིའི་སྐོར།
མཚམས་སྦྱོར་བ། ཏྲེ་ཧོར་ཟླ་བ་ཚེ་རིང་།
ཁོང་རྗེས་སུ་དྲན་པ།
འཕགས་མཆོག་ཕྱག་ན་པདྨོས་ཀྱང་གླང་ཐང་པ་རྡོ་རྗེ་སེངྒེ་ཞེས་ཡང་ཡང་བསྔགས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཁོང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཤིན་ཏུ་དག་ཅིང་གཙང་བ་ཉེ་ཆར་བླངས་པ་ལྟ་བུ་ཞིག་མཇལ་བའི་སྐལ་བཟང་བྱུང་བས། དམ་པ་གོང་མ་རྣམས་ཀྱི་ཞལ་ནས་ཐོས་པའི་ཁོང་གི་རྣམ་ཐར་རྣམས་དྲན་གསོ་ཐེངས་ཤིག་རང་བཞིན་གྱིས་བྱ་དགོས་བྱུང་། དུས་རབས་ཉི་ཤུ་པའི་ནང་མཁས་གྲུབ་གཉིས་ལྡན་གྱི་རྣལ་འབྱོར་པ་ཞིག་འཚོལ་དགོས་ཚེ། སེམས་ན་རང་བཞིན་གྱིས་ཐོག་མར་འཆར་འོང་བ་ནི་གདན་གསུམ་མཁས་མང་སྐར་ཚོགས་ལྟ་བུའི་དབུས་ནས་ལྷ་རམས་པ་རྩེ་ཕུད་དང་པོའི་མཚན་གནས་བཞེས་ཀྱང་ཇི་མི་སྙམ་པར་ཆོས་བརྒྱད་འགོང་པོ་རྒྱབ་ཏུ་བསྐྱུར། བྱ་བཏང་སྤྲོས་མེད་སྤྱད་དེ། མི་ལོ་ཧྲིལ་པོ་བཞི་བཅུ་ལྷག་སྨིག་དྲུག་རྫ་རི་སོགས་གནས་ངེས་མེད་རྣམས་སུ་ལྟོ་སྐྱ་གོས་ཧྲུལ་གྱིས་ཚེ་དང་སྒྲུབ་པ་མཉམ་པར་བཞུགས་པའི་དམ་པ་ཁོང་ལོས་ཡིན།
འཁྲུངས་འདས་ཀྱི་སྐོར།
བོད་རབ་བྱུང་བཅོ་ལྔའི་ས་མོ་ཕག་(1899)ལོར་སྐུ་བལྟམས། རབ་བྱུང་བཅུ་དྲུག་པའི་མེ་ལུག(1967) ཟླ་5ཚེས་30་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་མྱ་ངན་ལས་འདས། འདའ་ཁར་ཞལ་ནས། "ང་རང་ཚོ་རི་ལ་ཤི་ན་བྱ་རོ་དང་། ཀླུང་ལ་ཤི་ན་ཁྱི་རོ་དང་འདྲ་བ་བདག་མེད་རང་སར་འདོར་དགོས། གདུང་མཇལ་ཟེར་བ་སོགས་གཏན་ནས་མ་བྱེད། མཇུག་ཏུ་བྱ་བྱེད་མང་མི་དགོས། རྒྱལ་བ་ཐམས་ཅད་མཁྱེན་པའི་སྙན་དུ་འཁྱོལ་བ་ཞིག་བྱུང་ན་དེ་གས་འགྲིག" ཅེས་ཤག་སྐོར་རྒན་ཉི་མ་སོགས་ལ་ཞལ་ཆེམས་ནན་པོ་གནང་འདུག
ངོ་མཚར་བའི་ཞལ་གསུང་དུམ་བུ།
བྱ་བྲལ་བཞུགས་དུས་སུ། ཉིན་ཞིག་དགེ་སློབ་རྣམས་རི་མགོར་བུད་ཤིང་དང་ལྕི་བ་བསྒྲུགས་ནས་ཕེབས་སྐབས་ཤིིག་ན་ཞལ་སློབ་ཚོས་དམ་པ་ཁོང་གིས་ལྷ་རམས་པའི་མཚན་རྟགས་ཇི་ལྟར་བཞེས་ཚུལ་བཀའ་འདྲི་ཞུས་པར། ཐུགས་ཆེས་མ་རངས་པའི་ཚུལ་གྱིས། "ངའི་བསམ་ན་ལྷ་རམས་ཨང་དང་པོའི་མིང་གིས་ཇ་ཕོ་པ་གང་ཡང་སྐོལ་མི་ཐུབ། ལྕི་བ་སླེ་བོ་གང་འདིས་ཇ་ཞིམ་པོ་ཞིག་སྐོལ་ཐུབ་རྒྱུ་རེད། ཁྱོད་ཚོས་ཅི་འདྲ་བསམ་གྱི་འདུག་གསུངས་པར་" སུས་ཀྱང་ལན་ཞུ་མ་ནུས་པ་རེ་ཞིག་འཇམ་ཐིང་ངེར་འདུག་དགོས་པའི་ཚུལ་ཡང་བྱུང་འདུག
བུ་སློབ།
མཁན་ཆེན་པདྨ་རྒྱལ་མཚན་དང་། ཤག་སྐོར་རྒན་ཉི་མ་རྒྱལ་མཚན།རྒྱལ་རོང་མཁན་ཟུར་འཇམ་དཔལ་བསམ་འཕེལ། ཚུལ་ཁང་རྒན་ཡེ་ཤེས་ཐུབ་བསྟན། ཏྲེ་ཧོར་མཁན་ཟུར་རྗེ་བཙུན་བློ་བཟང་ཉི་མ་སོགས་སྐབས་དེའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཁོང་གི་ཞལ་སློབ་དུ་མ་གྱུར་པ་མེད། ཁྱད་པར་ཌ་ལ་ཧོ་སིར་ཞེས་པའི་གནས་མཆོག་ན། གོང་ས་མཆོག་གི་བཀའ་འབྲེལ་བཞིན་རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་ཉིང་ཁུ་བྱང་ཆུབ་ལམ་རིམ་ཆེན་མོ།ཞི་ལྷག་གི་བར་ཟླ་བ་གསུམ་དང་། དེ་ནས་སྡེ་སྣོད་འཛིན་པ་བརྒྱ་ཕྲག་ལྷག་ཙམ་བཟང་བསྒྲུག་གིས་ཞི་ལྷག་མན་ཟླ་བ་གཅིག་སྟེ་ཁྱོན་ཟླ་བ་བཞིའི་རིང་བཀའ་ཁྲིད་མཛད་པས། སྐབས་དེའི་གདན་གསུམ་མཁས་པའི་ཡང་རྩེ་སོན་པ་ཕལ་མོ་ཆེ་རྗེ་འདི་ཉིད་ཀྱི་གསུང་གི་བདུད་རྩི་མྱོང་བའི་ཞལ་སློབ་ཏུ་འདུས་ཡོད་པའང་དམ་པ་མང་པོས་གསུངས། ཕྱག་ཡིག་འདིའི་སྐོར། ཕྱག་ཡིག་འདི་ཁོང་གི་ཐུགས་ལ་ལྟ་བའི་ཉམས་རྟོགས་ཤར་བ་རྣམས་ཡི་གེ་བཀོད་དེ་གོང་ས་མཆོག་ལ་གསང་ཞིང་སྦས་པའི་ཚུལ་དུ་ཕུལ་བའི་བཀའ་རྩོམ་ཞིག་ཡིན། ཕྱག་ཡིག་གི་མཇུག་ཏུའང་ཡི་གེ་འདི་གཞན་ལ་མི་གསུང་བ་ཞུ། ཞེས་གསལ་ཡོད། ཁོང་བཞུགས་པའི་རིང་ལ་ཕྱག་ཡིག་འདི་སུ་ལའང་གནང་མེད། དམ་པ་ཁོང་སྐུ་མྱ་ངན་ལས་འདས་པའི་རྗེས་ལ་གོང་ས་མཆོག་གིས་དགོས་པ་ཁྱད་པར་ལ་གཟིགས་ཏེ་ཤག་སྐོར་རྒན་ཉི་མ་ལ་གནང་སྟེ་གདན་སའི་སློབ་གཉེར་བ་དྲག་གྲས་རྣམས་ཀྱིས་གཟིགས་རྟོག་མཛད་དགོས་པའི་ཞལ་ཏ་ནན་པོ་གནང་ཡོད། དེ་ནས་རིམ་གྱིས་ངེད་ཅག་རྣམས་ཀྱིས་ཀྱང་མཇལ་བའི་སྐལ་བཟང་གི་གོ་སྐབས་འདི་བྱུང་ཡོད།
གསུང་རྩོམ་གཞན་གྱི་སྐོར།
ཞུ་ཡིག་འདི་དང་། དབུ་མ་ཐལ་འགྱུར་བའི་དགག་བྱ་ངོས་འཛིན། རྟེན་འབྲེལ་རྟགས་དང་དགག་བྱ་སྣང་ཚུལ། བདེ་ལམ་སྙིང་པོའི་ས་བཅད། ལམ་རིམ་བདེ་ལམ་སྙིང་པོ། ལམ་རིམ་དོན་བསྡུས། ཐར་འདོད་རྣམས་ལ་སྙིང་ལྟར་གཅེས་པའི་ཉེ་མཁོ་འགའ་ཞིག་སོགས་བཞུགས།