ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད།
(ཕྱི་ལོ 1935 ལོར་གཙང་ལྷ་རྩེར་སྐུ་འཁྲུངས།)
ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད། གཏམ་དཔེ་འདི་ནི་བོད་མི་ཚོའི་ཁ་ལ་རླུང་ལྟར་གྲགས་པའི་གྲགས་ཅན་གཏམ་དཔེ་ཞིག་ཡིན་ཅིང་། ནང་དོན་ཡང་ཧ་ཅང་ཕུན་སུམ་ཚོགས་པ་ལྡན་ཡོད། གཏམ་དཔེ་འདིའི་འབྱུང་རྩ་ནི་རི་བོ་དགེ་ལྡན་པའི་བསྟན་པའི་བདག་པོ་རྗེ་ཙོང་ཁ་པ་དགོངས་པ་གཞན་དོན་དུ་བཤེགས་རྗེས། རྗེ་ཉིད་ཀྱི་ཚབ་གནང་སྟེ་དགེ་ལྡན་པའི་ལྟ་སྒོམ་སྤྱོད་གསུམ་གཙང་མ་རྒྱུན་འཛིན་དང། རྗེས་སྲོལ་བཟང་གཏོད་པའི་ཀློག་པ་ཐོས་བསམ། སྤང་བ་བསམ་གཏན་བྱེད་བཞིན་པའི་དགེ་ལྡན་པའི་ཆོས་ཕྱོགས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་པའི་ཆོས་ཀྱི་དབུ་ཁྲིད་ཅིག་བསྐོ་སྲོལ་བྱུང་བ་འདི་ལ་ཐུག་ཡོད།
རྗེ་ཙོང་ཁ་པ་ཞི་བར་བཤེགས་རྗེས་རྗེའི་ཁྲི་ཚབ་དང་པོ་གནང་མཁན་ནི་རྒྱལ་ཚབ་དར་མ་རིན་ཆེན་ཡིན་ཞིང་ཁོང་གིས་ལོ་བཅུ་གཅིག་རིང་དུ་ཁྲི་པ་གནང་བས་རྒྱལ་ཚབ་རྗེའམ་རྒྱལ་ཚབ་དར་མ་རིན་ཆེན་ཞེས་མཚན་ཟུར་ན་རྒྱལ་ཚབ་ཀྱི་མཚན་གནས་ཀྱང་ཐོགས་ཡོད་ཅིང་། ཁོང་གི་སྐུ་འདྲ་བཞེས་དུས་དབུ་སྐྲ་དཀར་པོ་དང་ཞལ་འགུལ་སོགས་གཉེར་མས་ཁེངས་པ་ཞིག་བཞེས་དོན་ཡང་ཁོང་ཉིད་ལ་གུས་བཀུར་མཚོན་བྱེད་ཅིག་ཡིན་ནམ་སྙམ།
སྐབས་འདི་ནས་དབུ་བཙུགས་ཏེ་དགའ་ལྡན་ཁྲི་པའམ་མཚན་ཆ་ཚང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་། རྒྱུན་སྤྱོད་མཚན་ནི་དགའ་ལྡན་ཁྲི་རིན་པོ་ཆེ་ཞེས་ཡོངས་སུ་གྲགས་པ་དེ་བྱུང་བ་ཡིན། ད་བར་དགའ་ལྡན་ཁྲི་རབས་༡༠༤བྱུང་ཞིང་མི་རིགས་དང་རྒྱལ་མཚམས་མེད་པར་བསླབ་པ་རྒན་རིམ་བཞིན་དགའ་ལྡན་ཁྲི་པའི་མཚན་གནས་ཐོབ་ཀྱི་ཡོད་པས་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བའི་གཏམ་དཔེ་དེ་ཡང་ཧ་ཅང་དོན་ལ་གནས་ཡོད།
ཁྲི་རབས་བརྒྱ་དང་བཅུ་མེད་བཞིའི་ནང་དུ་ཕེབས་པ་དག་གྲྭ་རྐྱང་སློབ་གཉེར་བ་ཤ་སྟག་ཡིན་ཞེས་བཤད་ཆོག་པ་ལྟ་བུ་ཡིན། བླ་ཆེན་རེ་ཟུང་གིས་ཁྲི་པ་གནང་ཡོད་རུང་ཁོང་དག་ཀྱང་བླ་ཆེན་ཡིན་པས་མཚན་གནས་གནང་བཞག་པ་ཞིག་མ་ཡིན་པར་སློབ་གཉེར་ལེགས་པོར་བྱས་ཏེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུའི་གྲལ་ལ་བསྡད་དེ་དགའ་ལྡན་ཁྲི་པའི་མཚན་གནས་ཐོབ་པ་ཞིག་ཡིན།
གསར་དུ་བསྐོ་བཞག་བྱུང་མ་ཐག་པའི་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་སེར་བྱེས་གཙང་པ་རྗེ་བཙུན་བློ་བཟང་བསྟན་འཛིན་ནི་ཁྲི་རབས་ ༡༠༤ པ་དེ་ཆགས་ཡོད་ཅིང་། ཁོང་ནི་གྲྭ་རྐྱང་ཞིག་གི་གནས་བབས་ནས་སློབ་གཉེར་ལེགས་པོར་བྱས་ཤིང་གདན་སའི་དཔེ་ཁྲིད་དགེ་རྒན་སོགས་གནང་སྟེ་གྲྭ་པ་གྲྭ་རྐྱང་ཞིག་གི་བཞུར་ལམ་རང་ནས་འོད་དུ་འཚེར་བ་ཞིག་ཡིན། མདོ་སྔགས་གཉིས་ཀ་ལ་མཁྱེན་རྒྱ་ཆེ་བ་མ་ཟད་འཚོ་བ་རྒྱས་སྤྲོས་མེད་པར་གྲྭ་རྐྱང་ལྟ་བུས་བཞུགས་མཁན་ཞིག་ཡིན་པ་འདི་ནི་དེང་གི་མིག་དཔེར་འཛིན་འོས་པ་ཞིག་ཡིན།
སེར་བྱེས་གྲྭ་ཚང་ལ་དགའ་ལྡན་ཁྲི་རབས་བཅོ་ལྔ་པཎ་ཆེན་བསོད་ནམས་གྲགས་པ་ནས་དབུ་བཙུགས་ཏེ་ཁྲི་རབས་ ༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་བར་དགའ་ལྡན་ཁྲི་པ་ ༡༦ ཕེབས་མྱོང་ཞིང་། བྱེས་གཙང་པ་ཁང་ཚན་ནི་ཁང་ཚན་ཆུང་གྲས་ཤིག་ཡིན་རུང་རྗེ་བཙུན་བློ་བཟང་བསྟན་འཛིན་ཁོང་ཉིད་བརྩིས་པའི་དགའ་ལྡན་ཁྲི་པ་ལྔ་བྱུང་མྱོང་བའང་ཁང་ཚན་དེའི་གཟི་བརྗིད་ཅིག་ལ་བརྩི་འོས།
Comments
Post a Comment