2021/09/07

༸སྐྱབས་མགོན་༸གོང་མ་མཆོག་གི་འཁྲུངས་སྐར་བསུ།


སྐྱེ་འགྲོ་འདུལ་བའི་སྙིང་སྟོབས་གོ་ཆ་བཟུང་།།

བསྟན་ལ་སྨོན་པའི་སྐྱེ་རབས་ཕྲེང་བ་འཛིན་།།

ཅི་མཛད་འགྲོ་བའི་དོན་དུ་སྨིན་པ་ཡི།།

བདག་གི་ལྷ་སྐལ་༸སྐྱབས་མགོན་༸གོང་མ་མཆོད།།


ཐུགས་རྒྱུད་བྱམས་བརྩེ་མེ་ཏོག་རབ་ཏུ་སྨིན།།

སྙན་པའི་གདམས་པ་ཟབ་མོ་ཆར་དུ་འཇོ།།

ཀུན་ཀྱང་བདེ་ལ་འགོད་པར་མཛད་མཁས་ཅན།།

༸སྐྱབས་མགོན་༸གོང་མ་མཆོག་གི་འཁྲུངས་སྐར་བསུ།།


རིས་མེད་རྒྱལ་བའི་བསྟན་པ་ཉམས་སུ་བཞེས།།

བསྟན་དང་བསྟན་འཛིན་ཡོངས་ལ་སྙིང་ནས་གུས།།

དཔལ་ལྡན་ས་སྐྱའི་དབུ་འཕང་དགུང་ལ་བཏེགས།།

༸སྐྱབས་མགོན་༸གོང་མ་མཆོག་གི་འཁྲུངས་སྐར་བསུ།


ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པ་ཡིས།།

འཁོན་རིགས་བསྟན་པ་སྤེལ་ལ་འགྲན་པར་མེད།།

ས་ཆེན་གོང་མ་རྣམས་ཀྱི་ཐུགས་སྲས་གང་།།

༸སྐྱབས་མགོན་༸གོང་མ་མཆོག་གི་འཁྲུངས་སྐར་བསུ།


འཛམ་གླིང་ས་ཆེན་ཞབས་ཀྱི་པདྨོ་བཞད།།

ལེགས་བཤད་བདུད་རྩི་ཞིམ་མངར་རྟག་ཏུ་བསྩལ།།

སྐྱེ་དགུའི་ཡིད་རབ་འཕྲོག་པའི་རྒྱལ་བའི་སྲས།།

༸སྐྱབས་མགོན་༸གོང་མ་མཆོག་གི་འཁྲུངས་སྐར་བསུ།།


སྐུ་གཞོན་ཉི་མ་སྤྲིན་བྲལ་དབྱིངས་སུ་ཚེས།།

གསུང་རབ་སྦྲང་ཆར་འགག་མེད་མཁའ་ནས་བབས།།

ཐུགས་རྗེ་བསིལ་རླུང་དུས་ལས་མི་ཡོལ་བར།།

གུས་འབངས་སློབ་མའི་ཚོགས་རྣམས་སྐྱབས་གྱུར་ཅིག།


སྔོན་བསགས་དགེ་བ་བཟང་པོའི་བྱིན་མཐུ་ལས།།

ཚེ་འདིར་དཔལ་ལྡན་བླ་མ་ཁྱེད་ཉིད་མཇལ།།

བདག་ཉིད་བསྐལ་པ་ཡུན་གྱི་སྲིད་མཐའི་བར།།

བླ་ལ་ཁྱེད་དང་འབྲལ་མེད་རྗེས་བཟུང་ཤོག།

2021/9/5

2021/07/18

སྤྲུལ་སྐུ་ཨོ་རྒྱན་ལ་ཉི་མར་སྐྱབས་སུ་མཆི།


 

ཆོས་བརྒྱུད་ཀུན་ལ་ཆ་རྒྱུས་ཅན། 

སྦྱོང་པའི་ཡོན་ཏན་བླ་ན་མཐོ།། 

རྣམ་པར་གཅོད་པའི་ཤེས་རབ་མངའ།། 

ཨོ་རྒྱན་ཉི་མ་དོན་ལ་མཁས།།


ཕལ་བའི་བློ་ལ་མི་བདེ་བའི།། 

ཆོས་ཀྱི་གཤིས་ལུགས་མཚར་པོ་དག། 

དོགས་འདྲི་ཚིག་གི་ལམ་དུ་དྲངས།། 

ཨོ་རྒྱན་ཉི་མ་ཚིག་ལ་མཁས།། 


རང་ལྟ་མཆོག་འཛིན་གཡག་རྐོ་ལ།། 

ངར་ལྕགས་ཚིག་གིས་ཨུ་ཁུང་འབིགས།། 

ཆོས་པ་རློམ་པའི་གྲྭ་རྒན་རྣམས།། 

ཁྱེད་ཀྱིས་འགྲམ་ལྕགས་ཡང་ཡང་ལྡེབ།། 


སྦྱོང་པར་མི་དགོས་འཚང་རྒྱ་བ།།

དབང་སྐུར་ཙམ་གྱིས་སྡིག་དག་པ།།

སྔགས་མཚན་འབུམ་གསག་འགྲིག་བློ་ཅན།།

ཁྱེད་ཀྱི་ཚོགས་གཏམ་བདུད་རྩི་ཡིན།།


བྱིང་རྨུགས་ཏིང་འཛིན་འཁྲུལ་ནས་སྒོམ།།

ཅི་ཡང་མི་བསམ་དྲན་པ་རྒྱལ།།

ཧ་ཤང་ལྟ་བའི་རྗེས་སྙེག་ལ།།

ཁྱེད་ཀྱི་དོགས་སློང་བདུད་རྩི་ཡིན།།


གང་ལ་དཔྱད་པས་འཇུག་པ་ཡིས།།

སངས་རྒྱས་ཕེབས་ཀྱང་འདུལ་དཀའ་བ།།

རྟོག་གེ་མགོ་མཁྲེགས་དེ་དག་ལ།།

ཁྱེད་ཀྱི་ཁ་རྡུང་བདུད་རྩི་ཡིན།།


ང་ཆེ་ང་མཁས་དྲེགས་པས་བཟི།།

ཡོད་ཚད་རིགས་ལམ་ནང་དུ་དྲངས།།

སེམས་པ་ཆོས་དང་འདྲིས་མེད་དག།

ཁྱེད་ཀྱི་གཤེ་གཤེ་བདུད་རྩི་ཡིན།།


རང་བླ་གཙོ་བཟུང་སྤྱི་བླ་དོར།།

སྒེར་ཆོས་གཙིགས་འཛིན་སྤྱིར་ཆོས་གློད།།

བོད་ཀྱི་བླ་མའི་ཆོས་ལུགས་ལ།།

ཁྱེད་ཀྱི་མཚང་འདྲུ་བདུད་རྩི་ཡིན།།


སྤྲུལ་སྐུ་ཨོ་རྒྱན་ཉི་མས་དྲ་ཐོག་ཏུ་ཆོས་བྱེད་པ་དག་གི་སྐུ་སྤྱོད་ལ་གཤེ་གཤེ་དང་ཆོས་བརྒྱུད་ཚང་མའི་ལྟ་གྲུབ་ལ་དོགས་སློང་སྣ་ཚོགས་ཤིག་གནང་གི་འདུག་སྟབས་ཕྱེད་རྩེད་མོའི་ཟོལ་གྱིས་ཁོང་ལ་མཆན་དུ་བྲིས།

2019/11/30



ཀུ་ཤུ་པར་གཞི་wordནང་དུ་བོད་ཡིག་གི་མཐའ་མཉམ་པོ་ཡོང་ཐབས།


 

ཀུ་ཤུ་པར་གཞི་wordནང་དུ་བོད་ཡིག་གི་མཐར་ངོས་མཉམ་མི་ཡོང་བའི་དཀའ་ངལ་དེ་སེལ་ཐབས་ཤིག་དྲ་གྲོགས་གཅིག་གི་བརྒྱུད་ཤེས་རྟོགས་བྱུང་ཞིང་ཀུ་ཤུ་གློག་ཀླད་སྤྱོད་མཁན་གྲས་ལ་འདི་ནི་ཕན་ཐོགས་ཡོད་པ་ཞིག་ཡིན། Thai Distributed ཡིག་གཟུགས་མཐའ་མཉམ་བྱེད་ཆས་དེ་wordནང་དུ་ཚུར་འདོན་ཐབས་ནི་ཁྱེད་ཀྱི་ཀུ་ཤུ་གློག་ཀླད་རང་གི་མཛུབ་མནོན་Keyboard ནང་གི་སྐད་ཡིག་འདེམ་ཁུལ་ནས་Thai སྐད་ཡིག་དེ་ཉིད་འདེམས་རྗེས་གློག་ཀླད་སྒོ་བསྐྱར་ཕྱེས་བྱོས་ད། word ནང་བོད་ཡིག་ཡིག་གཟུགས་མཐའ་མཉམ་བྱེད་ཆས་དེ་མངོན་ཡོད། 


__སླད་ནས་དྲ་ཐོག་ཏུ་ཡོང་ཐུབ་པ་དཀའ་བས་ཁྱེད་ཀྱིས་དྲི་བ་ལ་ལན་འདེབས་མ་བྱུང་ན་དགོངས་དག་ཞུ།

ཕྱི་ལོ2020ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས།


 


འདི་ལོའི་དགེ་ལུགས་སྤྲོད་ཆེན་མོར་འཚུད་སྟབས་གཞུང་ཆེན་ཁག་ལ་བསྐྱར་སྦྱོང་དགོས་པས་དུས་ཡུན་ཟླ་བ་བདུན་གྱི་རིང་བསྐྱར་སྦྱོང་བྱས་འདུག་པ་དང་དེའི་རིང་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་དགོས་པ་ནི་སྨོས་ཅི་དགོས། 


དཀའ་ཚེགས་ཆེ་བའི་འབྲི་རྒྱུགས་ཚན་པ་དགུ་དང་རྩོད་རྒྱུགས་ལྔ་བཅས་ཁྱོན་རྒྱུགས་མི་འདྲ་བཅུ་བཞི་སྤྲོད་དགོས་སྟབས་སེམས་ངལ་དང་ལུས་ངལ་གཉིས་ཀ་འདུག་ཅིང་། སློབ་ཚན་ཕྱི་མ་ཕྱི་མ་བསྐྱར་སྦྱོང་བྱེད་དུས་སྔ་མ་སྔ་ལ་བརྗེད་འགྲོ་བ་སོགས་ཀྱིས་སྡུག་ལ་མང་པོར་སྦྱར་སོང་། 


ཏོག་དབྱིབས་ན་ཚ་དེའི་རྐྱེན་གྱིས་རྒྱུགས་སྤྲོད་བྱེད་མི་ཐུབ་པའམ་མཇུག་བསྡུ་མི་ཐུབ་པའི་དཀའ་ངལ་འཕྲད་ཉེན་གྱི་སེམས་འཚབ་མང་པོ་བརྒྱུད་དགོས་བྱུང་ཡང་མཐར་རྒྱུགས་ཞུགས་པ་དགེ་འདུན་ཞལ་གྲངས་༡༠༤༧གྱིས་ཉིན་གྲངས་༢༣རིང་དུ་འདི་ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དེ་ལེགས་པར་སྤྲད་ནས་དེ་རིང་མཇུག་བསྡུས་པ་རེད།


དུས་ཡུན་འདིའི་ནང་དུ་གུས་ལ་སྙིང་ཉེ་བའི་དགེ་རྒན་རྣམས་དང་། ཕ་མ་སྤུན་མཆེད། ས་ཐག་ཉེ་རིང་འདྲ་མིན་ནས་གྲོགས་གྲོགས་མཆེད་མང་པོས་སེམས་ཁུར་དང་ལྷག་པར་རྒྱུགས་སྤྲོད་གཏོང་རེ་བཞིན་རྒྱུགས་གང་འདྲ་བྱུང་མིན་དྲིས་ཏེ་སེམས་ཁུར་གནང་སོང་། རང་ཉིད་ནས་ཀྱང་སེམས་ཁུར་གནང་མཁན་ཁག་གི་ཐུགས་རེ་སྣང་མེད་མ་གཏོང་བར་ རྒྱུགས་གཞི་སློབ་ཚན་རེ་རེ་ལ་བསྐྱར་སྦྱོང་ཐེངས་བཞི་ལྔ་རེ་བྱས་ཏེ་འབད་པར་ལྷོད་མེད་བྱས་ཡོད། རང་གི་ནུས་པ་ཡོད་ཚད་བསྒྲིམས་ནས་འབད་པར་བྱས་པས་རྒྱུགས་ཚད་མ་ལོང་ནའང་བློ་འགྱེད་དགོས་པ་ཅི་ཡང་མེད།  


གུས་ཀྱི་ངོ་དེབ་དང་instagramམཉེན་ཆས་བསུབ་ནས་ཉེ་ཆར་ཕབ་ལེན་བྱས་མ་ཐག་ཡིན་པས་དེའི་རིང་དུ་འབྲེལ་གཏུག་གནང་མཁན་མང་པོ་བྱུང་འདུག་ནའང་ལན་རྒྱག་ཐུབ་པ་བྱུང་མ་སོང་བས་དགོངས་སེལ་ཞུ་རྒྱུ་དང་ཁྱེད་ཅག་གི་སེམས་ཁུར་དག་སེམས་ཀྱི་གཏིང་རུམ་ནས་ཚོར་ཡོད། ཚང་མ་ཁ་དྲོ། 2020/9/11

རྫོགས་ཆེན་རིན་པོ་ཆེ།

 


ཨ་གདུགས་ལྭ་དཀར་ཚང་གི་སྲས་ཆུང་བ་རྫོགས་ཆེན་རིན་པོ་ཆེ་དཔལ་སྔ་འགྱུར་སྙིང་མའི་དབུ་འཛིན་དུ་བསྐོ་བཞག་བྱུང་བ་འཚམས་འདྲི་གྲངས་མེད་ཞུ།


ཏྲེ་ཧོར་ཨ་གདུགས་ལྭ་དཀར་ཚང་། ལྭ་དཀར་ཚང་ནི་མི་རབས་མང་པོར་རིས་མེད་བསྟན་པའི་སྦྱིན་བདག་ཆེན་པོ་ཞིག་ཡིན་ལ། རྗེ་རིན་པོ་ཆེ་གྲྭ་སྐོར་ལ་ཕེབས་པའི་གཏོང་སྒོ་སོགས་ཀྱི་སྦྱིན་བདག་གནང་བ་མ་ཟད། ལྷ་སའི་སྨོན་ལམ་ཆེན་མོ་ཐོག་མར་དབུ་འཛུགས་པའི་སྦྱིན་བདག་ཀྱང་མི་ཚང་འདི་ཉིད་ཀྱིས་མཛད་ཡོད་པར་གྲགས་ཤིང༌། 


རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་བོད་ཡུལ་གྱི་ཚྭ་ལའི་གཏེར་ཁ་ཚང་མ་ལྭ་དཀར་ཚང་གིས་བེད་སྤྱོད་ཆོག་པའི་དམིགས་བསལ་གྱི་བཀའ་ཐམ་གནང་ནས་བརྩེ་གཟིགས་བླ་ན་མེད་པ་གནང་མྱོང་། 


སྲས་ཆེ་བ་བསོད་རྒྱལ་རིན་པོ་ཆེ་དང་ཆུང་བ་རྫོགས་ཆེན་རིན་པོ་ཆེ་གཉིས་པོ་ལྭ་དཀར་ཚང་གི་ཁྱིམ་དུ་འཁྲུངས་ཤིང་ཁྱིམ་ཚང་ཆེན་པོ་འདི་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་ཆེས་སྐད་གྲགས་ཅན་གྱི་ཏྲེ་ཧོར་ཡུལ་གྱི་ཁྱིམ་ཚང་ཞིག་ཡིན།

_ལོ་རྒྱུས་སྙིང་བསྡུས་འདི་བཞིན་ཕྲན་སྲོང་བཙན་གྱིས་བྲེལ་བའི་བར་གསེང་ནས་བྲིས།

དགའ་དགའ་GaGaགླུ་གཞས་ཁང་།



ཊེལ་གྷརམ་གྱི་རྒྱུ་ལམ་འདི་ནས་བོད་གཞས་mp3སྙན་པོ་གང་མང་འགྲེམས་སྤེལ་བྱེད་བཞིན་ཡོད་པས་ཁྱེེད་ཀྱིས་Joinམནོན་ནས་ཐུགས་ཁུར་གནང་རྒྱུ་དང་དྲ་སྣེ་likeགཞན་ལ་ངོ་སྤྲོད་བྱེད་རྒྱུ་ཡང་མ་བརྗེད་པ་གནང་རོགས། 


དགའ་དགའ་GaGa་གླུ་གཞས་ཁང་། https://t.me/tibetsong1959

ཀུ་ཤུ་ཁ་པར་དུ་སྐད་འཕྲིན་ཕབ་ལེན་བྱེད་ཐབས།




 

རྒྱ་གར་ནས་ཀུ་ཤུ་ཁ་པར་དུ་སྐད་འཕྲིན་ཕབ་ལེན་མི་ཐུབ་པའི་དཀའ་ངལ་དེ་སེལ་ཐབས་སྟབས་བདེ་ཞིག་བསྟན་ཡོད།

ཕབ་ལེན་རྗེས་ཀྱི་གནས་ཚུལ་གསུམ། ངེས་པརvpnསྤྱོད་དགོས། ཁ་པར་ཨང་གྲངས་ཐོག་སྐད་འཕྲིན་གསར་བཟོ་བྱེད་མི་ཐུབ། སྔར་བཟོས་ཟིན་པའི་སྐད་འཕྲིན་ཁ་ཕྱེ་ཐུབ།



སྟོང་ལོ་ཉེར་གཅིག མི་ཡུལ་གྱི་ལོ་གསར།


ལོ་རྙིང་ཟད་པའི་གྲིབ་ནག་ནུབ་ཅིང་གནམ་ལོ་གསར་པའི་སྐྱ་རེངས་ཚེས།།

འཇིགས་རུང་ནད་ཀྱི་མཁར་རྫོང་བཅོམ་ནས་སྐྱིད་ཀྱི་དཔལ་ལ་རོལ་འདོད་སྐྱེ།།

ཁ་ངོ་བཏུམས་པའི་རས་ལྷེ་དཀར་པོ་ཁ་དང་འབྱེ་འདོད་གཏིང་ནས་ལངས།།

སེམས་ཐག་ཉེ་ཡང་བར་ཐག་བཅད་ལ་ཡིད་སེམས་ཀུན་ནས་སྐྱོ་བས་རྡུང་།།


ལོ་ཡི་ཕྲེང་བ་རེ་རེ་ཆད་ཅིང་ན་རྒའི་ལང་ཚོ་ཟད་ཅིང་རལ།།

གཞོན་པའི་སྣང་བ་ནུབ་ཅིང་ཡལ་ནས་ཐོད་ཀྱི་གཉེར་མ་ལྟེབ་སུལ་མཐུག།

མཉེན་ལྕུག་ཡང་པོའི་འབྱུང་གཞི་དེ་ཡང་ལྗིད་ལ་མཁྲེགས་པའི་རང་མདོག་མངོན།།

ལོ་གསར་དེ་ནི་ལོ་གསར་མ་ཡིན་ཚེ་ཐག་གཅོད་པའི་སྟ་རེ་འདྲ།།


ཚེ་ཡི་ཚེ་ལ་ངེས་པར་མེད་ལུགས་མིག་མདུན་དེ་ནས་མཐོང་ཐེངས་རེར།།

འཇིགས་སྐྲག་ན་བུན་ཡིད་ལ་འཁྲིགས་ཏེ་སེམས་ཀྱི་གོམ་ཁ་ཆོས་ལ་ཕྱོགས།།

སེམས་ཀྱི་ངན་ལང་ཐུར་ལ་ཤོར་བས་ཆོས་སེམས་དེ་ཡང་ཉིན་འགའ་ཙམ།།

ཆོས་པའི་གཟུགས་ཀྱིས་འཆི་ལམ་སྙེད་པའི་མི་ཚེ་འདི་ཡང་སྐྱོ་བའི་གཞི།།


ཡིད་ཀྱིས་བརྟེན་སའི་སྐྱེས་བུ་དག་ཀྱང་ཕྱི་མའི་ལམ་དེ་འདེམས་ནས་བཞུད།།

སྙིང་རུས་སྲ་མོ་ལྕགས་གོང་འདྲ་བའི་ཕོ་རབ་རྣམས་ནི་མུན་ལ་བཅུག།

གཞོན་པའི་ཚོགས་ཀྱི་མགོ་བོ་བྲེག་ནས་སྐྱེད་ཅིང་འཚར་བར་ཤིན་ཏུ་དཀའ།།

གངས་ཅན་བོད་ཀྱི་རྒྱལ་ཁམས་འདི་ཡི་ཚེ་སྲོག་ཕྲ་མོ་ཆད་ལ་ཉེ།།


རབ་དཀར་གངས་ཀྱི་ཕ་ས་སྨུག་པོ་མི་ལོ་ཉི་ཤུ་རྒྱང་དུ་བཀྱེད།།

ལས་ཀྱིས་འབྲེལ་ཐག་དམ་དུ་འཆིང་བའི་ཉེ་དུ་ཚོགས་ཀྱང་མཇལ་སྐལ་བྲལ།།

ཁྱིམ་དུ་ལོག་པའི་རེ་སེམས་དེ་ཡང་ཉིན་བཞིན་འགྲིབ་ཅིང་འཛད་ལ་ཉེ།།

མི་ཡུལ་འདི་ནས་ལོ་གསར་རོལ་བར་སྐྱིད་ཀྱི་ཚོར་བ་ཅི་ལ་ཡོད།།

2021/2/17

སྙིང་ཉེ་བའི་མི་རྣམས། འདི་ན་བདེ་མོ་ཡིན།

 



སྔོ་སངས་ཀྱི་ནམ་མཁའ། ལྗང་མདོག་གི་རྩི་ཤིང། ད་དུང་སྤུན་ཉེ་དང་གྲོགས་པོ་ཚོའི་དྭངས་གཙང་གི་སེམས་པ་དེ་ཡོད་པས་ང་རང་སྔ་བཞིན་བདེ་ཞིང་སྐྱིད་པ་ཡོད། 

ས་འདིར་ནད་ཡམས་ཀྱི་འཇིག་པ་ཆེ་ཞིང་ཆགས་སྒོ་ཡི་བྱུང་བ་མང་བའང་ལྡོག་ཏུ་མེད་པ་ཞིག་ཏུ་གྱུར་འདུག་པས། སྔོན་བསགས་ལས་དབང་གིས་བཀོད་པ་ཅི་འདྲ་ཞིག་གཏོང་ན་དེ་བསྟུན་གྱིས་འགྲུལ་བཞུད་བྱེད་ཐབས་ལས་མེད། 

སྐྱེ་མ་ཉིད་ནས་སྐད་ཅིག་མ་རེ་རེ་བཞིན་འཆི་ལམ་ལ་སྙེག་བཞིན་པ་དེ་ཡང་བྱ་དངོས་ཀུན་གྱི་རང་བཞིན་ཡིན་བཤིས། འཇིགས་ཤིང་སྐྲག་པ་བྱ་དགོས་པ་ཞིག་མ་ཚོར། གསོན་པའི་ཡུན་ཐུང་ལ་དགའ་ཤིང་སྤྲོ་བས་འཚོ་དགོས། འདི་ནི་གསོན་པའི་དོན་སྙིང་ཤིག་ཏུ་རྩི་ཆོག།

སྙིང་ཉེ་བའི་མི་རྣམས་དང་ས་ཐག་གིས་ཆོད་ཅིང་ཞེ་ཐོགས་སའི་ཕ་ཡུལ་ཡང་ཐག་རིང་ན་ཡོད་པས་ཁོག་པ་སྐྱོ་སྡུག་གིས་ཁེངས་དགོས་པ་ཞིག་ལོས་ཡིན་མོད། གང་ལ་སྡོད་ཀྱང་ཕ་ཡུལ་དུ་རྩིས་ཏེ་སྐྱོ་བ་སངས་ཐག་གིས་མི་ལོ་ཉི་ཤུ་སྐྱེལ་ཡོད། 

སྙིང་ཉེ་དག་གི་སེམས་པ་དྲོན་མོ་ཁོ་བོའི་ཕྱོགས་ལ་སྐུར་ཞིང་། ཁྱེད་ཅག་གིས་དྲན་གདུང་གི་ཚོར་བ་སྐྱུར་མོ་རྟག་ཏུ་མྱོང་བཞིན་ཡོད་པ་ཤེས་ནའང་ཅི་བྱ་མེད་པའི་ལས་དབང་འདི་ལ་ཁག་འདོགས་རྒྱུ་ལས་བྱ་ཐབས་ཅི་ཡོད་ཨང་། 

མཇུག་ཏུ་ཁྱེད་ཅག་ནི་བདེ་ཞིང་སྐྱིད་པར་ཡོད་དགོས། ངེད་ཀྱང་སྐྱིད་ཅིང་བདེ་བར་ཡོད། 

2021/5/18

སྐུ་ངོ་སྤེན་པ་ཚེ་རིང་ནི་བོད་ཀྱི་སྲིད་སྐྱོང་རེད། ཁོང་ལ་གུས་བརྩི་གནང་རོགས།

 



འདས་ཟིན་པའི་མི་ལོ་བཅུའི་རིང་དུ་སྐུ་ངོ་སེངྒེ་ལ་དགའ་མཁན་ཞིག་ཡིན་ན་བཟོད་པར་དཀའ་བའི་གནས་ཚུལ་བྱུང་ཞིང་། སྐུ་ངོ་སྤེན་ཚེས་གསུང་སྟངས་དང་གནང་ཕྱོགས་མང་པོ་ཞིག་ལ་བརྟེན་ནས་སྤྱི་ཚོགས་འཁྲུགས་ཐེབས་ཤིང་། ཁོང་གི་རྒྱལ་སྐྱོར་བས་ལོ་ངོ་མང་པོའི་རིང་དུ་དགྲ་བོ་ཞིག་ཡིན་ནའང་དེ་འདྲ་སྡུག་པོ་རང་བཟོ་ཨེ་ཡོང་བསམ་པའི་སྐྱོན་འཛུགས། རྫུན་གཏམ། དཀྲུང་ཤིང་། མ་ཉེས་ཁག་གཡོགས་དེ་འདྲ་མང་པོ་ཞིག་བཟོས་པའི་རྐྱེན་རྩ་ལས་སྐུ་ངོ་སེངྒེ་ལ་དགའ་བའི་མི་ཁྲི་ཚོ་དུ་མའི་སེམས་ལ་བཟོད་པར་དཀའ་བའི་ན་ཚའི་ས་བོན་བཏབ་ཡོད། 


འགྲོ་བ་མི་ནི་ཁོང་ཁྲོ་ལང་ཆོག་ཆོག་དང་ཚུར་གནོད་པར་བྱས་ན་དེ་ལ་གནོད་ལེན་སྤྲོད་རྒྱུར་གོམས་སྡོད་པ་ཞིག་ལ་སོང་། ཚུར་ལ་ཅི་བྱས་ན་དེ་མཚུངས་ཕར་ལ་བྱེད་པ་ནི་ཆོས་ཉིད་ཅིག་ཡིན་ཞིང་། ཚན་རིག་ནང་དུ་འདི་ལ་སྐྱེ་དངོས་ཀྱི་འཚོ་ཐབས་ཟེར་ཞིང་རང་ཉིད་འཚོ་དགོས་ན་གཞན་ལ་གནོད་ལན་སྤྲོད་དེ་རང་ཉིད་སྐྱེ་འཕེལ་ཡོང་བ་བྱེད་དགོས་པ་བཤད་ཀྱི་འདུག འོན་ཀྱང་ངེད་ཅག་ནི་ལས་དབང་གཅིག་གིས་བཅིངས་པའི་རིགས་མཐུན་སྤུན་ཟླ་ཡིན་པས་ནང་ཁུལ་བཟོད་སྒོམ་བྱེད་དགོས་ཤིང་དེས་རང་ཉིད་ཐེབས་པའི་སྤྱི་ཚོགས་ལ་ཕན་རླབས་ཆེན་པོ་ཡོང་ཐུབ། 


ལྷག་པར་དུ་ང་ཚོའི་མིག་མདུན་རང་ནས་དགུང་ལོ་ཇེ་ཆེར་ཕེབས་བཞིན་པའི་༸གོང་ས་མཆོག་གི་ཞལ་རས་མཇལ་ནས་ཐུགས་བསམ་གཏོང་ཐུབ་དགོས། ཁོང་དགུང་ལོ་འདི་འདྲ་ལ་མ་ཕེབས་བར་དུ་ང་ཚོའི་ཆེད་དུ་སྐུ་ལས་སྐྱོན་ཞིང་ད་ལྟ་ཁོང་ཉིད་སྐུ་ངལ་གསོ་བའི་དུས་ཚོད་ལ་སླེབས་དུས་ཁོང་གི་སྙན་དུ་མ་འགྲིག་མ་འཐུས་ཟེར་བའི་གཏམ་ངན་རྐྱང་རྐྱང་མ་ཡོང་བ་ཞིག་བྱེད་དགོས། ཁོང་ཐུགས་བདེ་པོས་ངང་བཞུགས་ཆོག་པའི་ལས་འགན་དེ་ང་ཚོ་བོད་མི་མི་རེ་ངོ་རེ་ལ་ཡོད། 


ཁོ་ཚོ་སུ་ཡིས་བོད་སྤྱི་པར་བསམ་བློ་མ་བཏང་བར་སྦྱོར་ངན་གང་ཞིག་བརྩམས་ཀྱང་དེ་ནི་མི་དེ་དང་དེ་ཚོའི་སྐྱོན་ངན་ཞིག་ཡིན་པས་ཁྱེད་ཀྱིས་མིའི་སྐྱོན་ངན་དེ་དག་གི་རྗེས་སུ་འཇུག་དགོས་དོན་གང་ཡང་མེད། ཁོ་ཚོ་མང་པོ་ཞིག་གིས་བོད་ཀྱི་སྲིད་སྐྱོང་གི་མཚན་ནས་མ་འབོད་པར་ཁྱི་སེང་ཟེར་ནས་མི་སེམས་དུམ་བུར་བཏང་བའི་ཐ་སྙད་མང་པོ་བཀོལ་སྤྱོད་བྱས་ཡོད། ང་ཚོས་སྤེན་ཕག་ཟེར་ནས་མ་འོས་པའི་ཚིག་འདི་འདྲ་ནམ་ཡང་སྤྱོད་མི་རུང་ཞིང་། བོད་ཀྱི་སྲིད་སྐྱོང་ནི་ཆབ་སྲིད་ཐད་ནས་ཆེས་མཐོ་བའི་དབུ་ཁྲིད་དེ་ཡིན་པས་གུས་བརྩི་ངེས་པར་བྱེད་དགོས། མང་གཙོའི་སྤྱི་ཚོགས་ནང་དུ་གང་ཞིག་བརྗོད་ཆོག་པའི་སྨྲ་བརྗོད་རང་དབང་ཆེན་པོ་ཡོད་ཀྱང་བཟང་སྤྱོད་དང་འགལ་བའི་སྨྲ་བརྗོད་བྱེད་རུང་བ་ཞིག་མིན། ཁྱེད་ཀྱིས་དབུ་ཁྲིད་ཚོས་གནང་ཕྱོགས་མི་འགྲིག་པར་མཐོང་ཚེ་གུས་བརྩི་དང་བཟང་སྤྱོད་ཐོག་ནས་བསམ་ཚུལ་འདོན་དགོས་ལ། ཁོང་ནི་ཆེས་མཐོ་བའི་དབུ་ཁྲིད་ཡིན་པ་དང་སྤྱི་པའི་ལས་ཀ་བྱེད་མཁན་ཡིན་པ་ཐུགས་ལ་བཅངས་དགོས། 


སྐུ་ངོ་སེངྒེ་ལ་དགའ་ཞིང་ཁོང་ལ་གུས་བརྩི་ཡོད་པའི་མི་ཞིག་ཡིན་ན་ཁོང་གིས་མི་ལོ་དེ་དག་གི་རིང་དུ་སྤྱི་དོན་ཆེད་དཀའ་ངལ་དེ་འདྲ་མང་པོ་གདོང་ལེན་བྱས་ཤིང་། ཁོང་ནག་པོ་བཟོ་ཐབས་ཅི་འདྲ་ནའང་ཞལ་འཛུམ་འཛུམ་ངང་ནང་ཁུལ་ལ་བཟོད་སྒོམ་གནང་ཐུབ་པ་དེ་ལ་མིག་དཔེ་ལྟ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ལ། སྤྱི་དོན་ཆེད་དུ་རང་ཉིད་བློས་བཏང་། ནང་ཁུལ་རིགས་མཐུན་སྤུན་ཟླ་ལ་བཟོད་སྒོམ། སྐྱོན་འཛུགས་གང་ཞིག་བྱས་ཀྱང་ཁོག་པའི་ནང་ཤོང་ཐུབ་པའི་བློ་སྟོབས། མདུང་རྩེ་དགྲ་ལ་བཏད་ཐུབ་པའི་སྙིང་སྟོབས་བཅས་ལ་བློ་སྦྱོང་དང་མིག་དཔེར་བལྟས་ནས་སྤྱི་པའི་ལས་དོན་བྱེད་པར་འགོག་རྐྱེན་བཟོ་མི་རུང་བའི་འབོད་སྐུལ་ནན་ཆེར་ཞུ་བཞིན་ཡོད། 

ཕྱི་ལོ2021/5/20

དེ་རིང་གི་བཙན་བྱོལ་སྤྱི་ཚོགས།

ནང་ལ་འཇིགས་ཞུམ་མེད་པར་དཔུང་ངོམ་བྱས།།

ས་འོག་དར་ཐག་འཐེན་ནས་ནང་མགོ་རྡུང་།།

ཕྱི་ནང་ག་ཕྱི་ལོག་པའི་སྤྱི་ཚོགས་འདི།།

དགྲ་བོས་མཚོན་ཆ་མ་སྤྱད་ཕམ་སྟངས་སྐྱོ།།


དགྲ་བོ་ཕ་ཁར་བཞག་ནས་ནུབ་ལ་བྲོས།།

ནུབ་ནས་དགྲ་ལ་མ་རྒོལ་ནང་འཁྲུགས་ལངས།།

ཕུ་ནུ་ནང་དམེ་བྱས་ཏེ་དུས་ཚོད་བསྐྱལ།།

དགྲ་བོའི་དཀྲུང་ཤིང་འོག་ལ་ཡོངས་སུ་འཚུད།།


རིགས་རུས་གཅིག་ལས་ཆད་པའི་སྤུན་ཟླ་ལ།

ཆོལ་གསུམ་མིང་ལ་འཇུས་ཏེ་རིས་སུ་བཅད།།

གངས་ཅན་བོད་ཀྱི་ཆབ་སྲིད་གདུགས་དཀར་འོག།

མཐུན་སྒྲིལ་ལག་གདང་ཐོར་འདི་སྐྱོ་བའི་གཞི།།


མགོན་སྐྱབས་བླ་མ་དགུང་གི་ཉི་ཟླ་ཁོང་།།

རྒས་ཤིང་འཁོགས་པའི་སྣང་བརྙན་མཇལ་ཐེངས་རེ།།

ནང་ཁུལ་འཇིགས་ཞུམ་མེད་པའི་འཁྲུག་ལང་འདིར།།

ཁོང་ཉིད་ཐུགས་ཕམ་ཡོང་སྲིད་བསམས་ནས་འགྱོད།། 


ནག་པོའི་སྟོབས་ཤུགས་ཉིན་བཞིན་འཕེལ་དུས་སུ།།

འུ་ཅག་ནུས་པ་གཅིག་ཏུ་མ་སྒྲིལ་པར།།

ཁ་མཆུ་བོགས་མ་བླངས་པའི་ནང་རྩོད་འདིས།།

གསོན་པོ་གཡང་ལ་མཆོང་དང་ཁྱད་པར་ཅི།།


དཀའ་ངལ་མེ་སྟག་ཆུང་དུས་མ་གསོད་པར།།

མེ་ལྕེ་དགུང་ལ་འཕྱུར་དུས་སྐྱོ་མདོག་འཁྲབས།།

འཇམ་ཐབས་བསླུ་བྲིད་མཁས་པའི་ཟུར་པ་དག།

ལོ་རྒས་རྫི་དིབ་ཆགས་ནས་གཅོས་ལགས་སམ།།


ཁྲིམས་འགྲེལ་སྙིང་ནད་རྩོད་པའི་རྐྱེན་དུ་བྱས།།

བཅའ་ཁྲིམས་རྐུབ་འོག་བཙུར་ནས་ཧད་འདུག་བྱས།།

ཁྲིམས་མེད་ལུང་མེད་ཕྱོགས་སུ་འདེད་པར་འདི།།

ནག་ཉེས་ནམ་མཁར་ཤོང་ཐབས་ཡོད་ས་མེད།།


ཁྲིམས་ར་ཁྲིམས་བཤིག་ར་བའི་ཁང་ཆུང་ནས།།

ཁྲིམས་དཔོན་ཁྲིམས་ལུགས་བཤིག་ལ་དཔའ་མངལ་བ།།

ཁྲིམས་མགོ་བསྟན་པ་བཤིག་པའི་སྟ་རེ་རྣམས།།

ཁྲིམས་ཤིང་ཙན་དན་སྡོང་པོ་གཅོད་ལ་རྣོ།།


གྲོས་རར་མི་ཚེ་སྐྱེལ་ནས་འཆི་ལ་ཁད།།

བཅའ་ཁྲིམས་ལག་གིས་འཛིན་པའི་ཆེན་པོ་དག།

འཕོ་འགྱུར་བྱ་རིམ་མེད་པར་འཕོ་འགྱུར་བཏང་།།

ནང་རླུང་འཚུབ་མ་ཁྲིད་པའི་དཔའ་རྟགས་སྟོན།།


བསམ་ཡོད་གཉེན་ཉེ་ཚོགས་རྣམས་ཡིད་སེམས་མུག།

བསམ་མེད་བྱིས་པ་དག་ནི་འདུར་རྒྱུགས་བཏང་།།

བསམ་ངན་དགྲ་བོ་ནག་པོ་ཁོང་དགོད་ཤོར།།

བསམས་ཤིང་བསམ་ན་སྡུག་གི་མཆི་མ་ཡོང་།།

2021-6-8

རྒྱལ་བའི་དབང་པོ་ཀརྨ་པ་རིན་པོ་ཆེའི་འཁྲུངས་སྐར་བསུ།

 


སྒམ་པའི་གཤིས་ལ་ཐུགས་སེམས་རབས་ཏུ་ཡངས།།

རྫིག་པའི་ཉམས་ལ་མཁྱེན་རྒྱ་ཤིན་ཏུ་ཟབ།

བར་ཆད་མང་ཡང་ཐུགས་སེམས་ཞུམ་པར་མེད།།

རྒྱལ་བའི་དབང་པོ་ཀརྨ་པ་ལ་འདུད།།


ཕྱི་ནང་ཉེ་འཚེ་དུག་གི་རྦ་རླབས་འཕྱུར།།

དུག་ཅན་ཆུ་སྲིན་ནག་པོས་མཆེ་སྡེར་གཡོས།།

འཇིགས་རུང་རྒྱ་མཚོ་ཆེན་པོར་བགྲོད་པ་ལ།།

ཁྱོད་སྐུ་རྡོ་རྗེ་བྲག་རི་བརྟན་པར་དགོས།།


རྒྱལ་བའི་དབང་པོ་ཀརྨ་མཆོག་ལ་ཕྱི་ནང་གཉིས་ནས་ཐབས་བརྒྱ་ཇུས་སྟོང་གིས་སུན་བཙེར་བཟོས་ཤིང་། ཁོང་ཉིད་རླབས་ཆེན་གྱི་སྐྱེས་བུ་ཞིག་ཆགས་པར་མཐོང་འདོད་མེད་པའི་སྐྱེ་བོ་དུ་མ་ཞིག་གིས་ཁོང་ལ་དངོས་ཤུགས་ཅི་རིགས་ནས་བདུད་ལས་སྣ་ཚོགས་ཤིག་བརྩམས་ཏེ་ཁོང་གི་མཛད་འཕྲིན་འགོག་ཐབས་སོགས་བྱས་རྐྱེན་ད་ལྟ་ཁོང་ཉིད་ཀྱི་དད་ལྡན་པ་མི་འབུལ་ཁྲག་དུ་མ་ཡོད་སའི་ཧི་མ་ལ་ཡའི་རི་བརྒྱུད་དུ་ཕེབས་རྒྱུ་སྐུ་ངལ་འཕྲད་ཅིང་། འཛམ་གླིང་ཁྱོན་དུ་ཁོང་གི་མཛད་འཕྲིན་སྤེལ་བར་རང་དབང་གི་འགྲུལ་བཞུད་ལ་དཀའ་ཁག་འབྱུང་བཞིན་ཡོད་པ་ནི་བོད་ཀྱི་བསྟན་སྲིད་ལ་གྱོང་ཆེན་པོ་ཞིག་ཡིན་པས་ཕྱི་ནང་གི་ཉེ་འཚེ་འདི་དག་ཉེ་བར་ཞུ་སྟེ་ཁོང་ཉིད་སྐྱེ་འགྲོའི་དཔལ་དུ་སྐུ་ཚེ་བརྟན་ཅིང་རླབས་ཆེན་གྱི་མཛད་བཟང་མཐའ་དག་གེགས་མེད་བདེ་བླག་ངང་འགྲུབ་ཐུབ་པའི་སྨོན་ལམ་སྙིང་ནས་འདེབས་བཞིན་ཡོད།

ཞེས་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ཞེས་པའི་མཚན་སྙན་པའི་བ་དན་དཀར་པོ་འཛམ་གླིང་ཁྱོན་དུ་གྲགས་པ་འབར་མྱོང་བ་གོང་ཉིད་དང་ཕ་ཡུལ་གཅིག་ཅིང་། ད་ལྟའི་ཀརྨ་པ་རིན་པོ་ཆེ་ལའང་དད་གུས་ཆེན་པོ་ཡོད་པས་ཁོང་གི་འཁྲུངས་སྐར་ལ་ཚིག་སྣ་རེ་བྲིས་ཀྱང་འབྲེལ་ཆེན་པོ་ཡོད་ངེས་སྙམ་ནས་སྨོན་ཚིག་འདི་བཞིན་ཏྲེ་ཤོད་གངས་ཀྱི་རྭ་བ་ནས་འཚར་ལོངས་བྱུང་ཞིང་མཐའ་མེད་པའི་རྒྱ་མཚོའི་འགྲམ་ནས་སྐྱབས་བཅོལ་བའི་མིང་བྱང་ཐོགས་པའི་གུས་ཏྲེ་ཧོར་བསོད་ནམས་ཀྱིས་བྲིས་ཤིང་འབུལ་བ་ལགས།

2021/6/26

ད་ཞག་གི་བྱུང་བ་བྲིས་པ།

ཆུ་ལོག་སྲིད་ལོག་ཁྲིམས་ལོག་གསུམ།།

རྡ་སའི་ཡུལ་ནས་མཉམ་དུ་རྒྱུགས།།

ཞེན་ལོག་གྱེན་ལོག་ངོ་ལོག་གསུམ།།

རྡ་སའི་ཡུལ་ལ་མཉམ་དུ་བརྒྱབ།།


སླར་ལོག་གསུམ་པོ་བཙན་གྱིས་འཛུལ།།

ཁྲིམས་ཁང་མགོ་མཇུག་ཡོངས་སུ་ལོག།

བ་རྒན་ཚོགས་གཙོ་སྦྲང་མས་བཙག།

དཔེ་ཟུར་དབང་འདུས་ཁྱིམ་ལ་རྒྱུགས།།


འོས་བསྡུའི་འགན་འཛིན་གྲོད་ཁོག་བཤལ།།

རྙོང་དྲི་རྡ་སའི་ཡུལ་ནས་མཆེད།།

རྙོང་དྲི་སྣོམ་ལ་དགའ་བ་འགའ།།

དཔེ་ཟུར་དབང་འདུས་གཞང་ཁར་ཉལ།།


ལྐོག་ནས་འཇིགས་སྐུལ་མ་བཟོད་པར།།

ཚོགས་དྲུང་ངུས་ནས་ཞུ་བ་འཐེན།།

རྩ་དགོངས་ཞུས་ཀྱང་དགོངས་འཁྲོལ་མེད།།

ནག་ཉེས་ཡོད་ཚེ་མགོ་ལ་སྤུངས།།


ཁྲིམས་ཞིབ་ཀ་བ་ཆག་དུས་དེར།།

སེམས་ཤུགས་ཅན་གྱི་ཟུར་པ་ལངས།།

གྲོས་ཚོགས་ཀ་བ་ཆག་ཉིན་མོ།།

ཟུར་པའི་སེམས་ཤུགས་མཇའ་ལྟར་ཡལ།།


ཁྲིམས་ཟུར་བཀའ་ཟུར་གཞུང་ཟུར་གསུམ།།

ཁྲིམས་ཞིབ་ཁང་ལ་འགྲོན་དུ་སོང་།།

ཁྲིམས་དཔོན་ཕ་རྒན་ཉལ་ས་ན།།

ཁྲིམས་ཆང་འཐུང་ནས་བཟི་ཉལ་བྱས།།


ཟམ་གདོང་པན་ཆེན་མཁས་ཉམས་ཀྱིས།།

སུ་རུང་ཚིག་འགྲེལ་གསར་པ་མཛད།།

འཁྲབ་སྟོན་བཅའ་འདྲི་གཅིག་གིས་ནི།།

པད་འབྱུང་འོས་ཤོག་ཏག་ཏག་བཟོས།།


སྐུ་ངོ་སྲིད་སྐྱོང་གྲོད་ཁོག་ན།།

ཆབ་ཆེན་ཀི་ལོ་བཅོ་ལྔ་བཏང་།།

གསོལ་ཐབས་མ་བྱན་ཆེན་མོ་དེས།།

ཆབ་ཆེན་ནག་པོས་སྤྲིན་གོར་བཟོས(cake)


ཁྲིམས་དྲུང་ཁ་ལ་ཨ་ར་ཅན།།

ཁྲིམས་ཞིབ་ཁང་དུ་སྲན་མ་བརྔོས།།

བཀའ་ཤག་ནང་དུ་མག་པ་ཡོང་།།

ཆབ་སྲིད་སྲན་མ་བརྔོ་རྒྱུ་རེད།།


གཞུང་རྟེན་དགྲ་ལྷ་སྤྱན་འདྲེན་ཞུས།།

བཀའ་ཡིག་གོ་རྒྱུ་ཅན་ཞིག་བསྩལ།

སྐུ་དབང་གསོལ་སྩལ་གནང་ན་ཡང་།།

སྤྱི་དོན་ལབ་གླེང་མང་འདུག་ཟེར།།


དཀའ་ངལ་ཅན་ནས་ཞལ་འདེབས་བསྡུས།།

དཀའ་ངལ་ཅན་ལ་སྤྲོད་རྒྱུ་ཟེེར།།

ཁྱི་རྒན་ཁ་ནས་རུས་གོག་འཕྲོག།

སླར་ཡང་ཁྱི་ལ་བསྟེར་བ་འདྲ།།


སྐུ་ངོ་སྲིད་སྐྱོང་སྲིད་ལ་མཁས།།

བཀའ་བློན་བདུན་པོ་གཅིག་ལྕོགས་གནང་།།

ཁྲི་ལ་འཁོད་ནས་ཟླ་ངོ་ཙམ།།

ཡང་སྲིད་ཕམ་ཚོང་རྒྱག་ལ་ཁད།།


རྡི་ལི་དཔོན་གྱིས་བཀའ་འགུག་གནང་།།

ཚོགས་གཏམ་ཉི་མ་ཕྱེད་ཀ་བཟེད།།

མཇལ་འཕྲད་ཡག་པོ་བྱུང་སོང་ཞེས།།

འབྲོང་ཆུང་སྐུ་ངོས་གསལ་བཤད་བྱས།།


བཀའ་ཤག་ལྷན་འཛོམས་ཡོང་བར་ཤོག།

ཁྲིམས་དཔོན་གསར་པ་ཡོང་བར་ཤོག།

དམ་འབུལ་ཁྲིམས་མཐུན་ཡོང་བར་ཤོག།

གྲོས་ཚོགས་མཉམ་འཛོམ་ཡོང་བར་ཤོག།


དེ་རིང་གི་གུང་སེང་དང་བསྟུན་ད་ཞག་གི་བྱུང་བ་ཁག་རྩེད་མོའི་ཚུལ་གྱིས་བྲིས།།

2021/7/15

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་འཁྲུངས་སྐར་བསུ།།

སྐྱེ་དུས་སྤྲུལ་མིང་མ་ཐོབ་སྤྱི་སྟངས་ཤིག།

གཞོན་དུས་བླ་མིང་མ་ཐོབ་གྲྭ་རྐྱང་ཞིག།

རང་གི་ཐོས་བསམ་འབད་པས་བླ་རུ་འཕགས།།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་འཁྲུངས་སྐར་བསུ།།


དབང་ཆེན་དཔོན་པོ་མིན་ཡང་ཀུན་གྱིས་བཀུར།

འབྱོར་ལྡན་ཕྱུག་པོ་མིན་ཡང་ཀུན་གྱིས་དགའ།།

རྫུ་འཕྲུལ་སྟོན་རྒྱུ་མེད་ཀྱང་ཀུན་གྱིས་དད།།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་འཁྲུངས་སྐར་བསུ།།


ཐོས་སྟོབས་མཁྱེན་རྒྱ་ཀུན་ལས་ཁྱད་དུ་འཕགས།།

སྒོམ་སྟོབས་རང་སེམས་དུལ་བ་ཁྱད་དུ་འཕགས།།

གང་བཤད་ལག་ལེན་འདེབས་པ་ཁྱད་དུ་འཕགས།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་འཁྲུངས་སྐར་བསུ།།


ཤེས་རིག་སྲོག་རྩ་ཆད་ལ་མ་བཟོད་པར།།

སྐད་ཡིག་སླར་གསོ་འབད་པ་བརྒྱ་ཡིས་བསྒྲུབས།།

རང་གི་རིགས་ལ་ཞེན་པའི་སྙིང་སྟོབས་ཅན།།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་འཁྲུངས་སྐར་བསུ།།


གསེར་ཐང་ནང་བསྟན་ལྔ་རིག་ཆོས་གྲྭ་ཆེ།།

སུམ་རྩེ་ལྷ་ཡི་གྲོང་ཁྱེར་འཕོས་འདྲ་དེ།།

ཀུན་གྱིས་དད་ཅིང་མོས་པའི་ཡུལ་དུ་བསྐྲུན།།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་འཁྲུངས་སྐར་བསུ།།


འཛམ་གླིང་ཤར་ནུབ་ཀུན་ཏུ་འགྲུལ་བཞུད་ཀྱིས།།

སྐྱེ་འགྲོ་སྐལ་བ་ཅན་རྣམས་འདུལ་མཁས་པ།།

དད་ལྡན་ཐར་ལམ་བཀོད་པའི་བཀའ་དྲིན་ཅན།།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་འཁྲུངས་སྐར་བསུ།།


གུས་སྲོང་བཙན་གྱིས་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ནས་བྲིས་ཤིང་སྤེལ།

2021/07/06

༸གོང་ས་མཆོག་གི་ལེགས་བཤད113

སྔོན་གླེང་།

འདི་ནི་ཕྲན་གྱིས་ཨིན་ཇིའི་ནང་དུ་ཡོད་པའི་ྋ་གོང་ས་རྒྱལ་བའི་དབང་བོ་མཆོག་གི་ལེགས་བཤད་རྣམས་ལས། ལེགས་བཤད་བརྒྱ་དང་བཅུ་གསུམ་བཏུས་ཏེ་བོད་སྒྱུར་བྱས་པ་ཞིག་ཡིན། ཨིན་ཇིའི་ནང་དུ་ཁོང་གི་ལེགས་བཤད་མང་པོ་ཡོད་ཀྱང་བོད་ཡིག་ནང་དུ་དེ་འདྲ་མང་པོ་མེད་སྟབས། དེ་ཁ་སྐོང་ཙམ་གྱི་སླད་དུ་གཞན་གྱིས་མ་སྐུལ་དང་བླང་གི་སྒོ་ནས་བསྒྱུར་བ་ཡིན།མ་དག་པ་དང་ནོར་བའི་ཆ་ཅི་ཡོད་ལ་མཁྱེན་ལྡན་རྣམས་ཀྱིས་ལེགས་བཅོས་བྱ་བའི་རེ་བ་དང་བཅས། 

ཚེ་བརྟན་བཀྲ་ཤིས་ནས།

ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན།


ལེགས་བཤད་འདི་ནས་ཕབ་ལེན་གནོངས་རོགས།

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...