སྟོད་འགག་སེར་བོ་ཞིག་གི་བརྒྱུད་རིམ།

—•ཀླུ་སྐལ་རྒྱམ།
         
 

སྟོད་འགག་སེར་བོ།  ཞྭ་མོ་སེར་བོ། ད་དུང་ཆོས་གོས་སེར་བོ་བཅས་གྱོན་པའི་ལྷ་རམས་པའི་དགེ་བཤེས་ལྔ་བོ་འདིས་གྲྭ་སའི་དཀྱེལ་ཡངས་ཀྱི་རྣམ་པ་གསར་བའི་སློབ་གསོའི་ལམ་ལུགས་ཤིག་མཚོན་གྱི་ཡོད་ལ།  འདིའི་ཁྲོད་དུ་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་དང་དགེ་ལུགས། གཡུང་དྲུང་བོན་དང་བཅས་པ་འདུས་ཡོད། ཁོང་ཚོའི་ཐོད་པའི་རྒས་གཉེར་གྱི་ཁྲོད་དུ་དཀའ་སྡུག་གི་ལོ་ཟླ་རིང་མོ་ཞིག་གི་མི་ཚེའི་ལོ་རྒྱུས་སྦས་ཡོད་ལ། ཁོང་ཚོའི་འཛུམ་མདངས་ཀྱི་ངོས་སུ་ཕྲག་ལ་ལྕི་བའི་འགན་འཁྲི་ཅི་ཞིག་དང་དུ་ལེན་རྒྱུར་སྤྲོ་བས་བརྟས་ཡོད།
མི་ལོ་ཉེར་གསུམ་ལྷག་གི་སློབ་ཞུགས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་ཁོང་ཚོ་འདི་ལྟར་གཟི་བརྗིད་ལྡན་པའི་ངང་སློབ་མཐར་ཕྱིན་ཡང་ཕྱི་ཚུལ་ནས་གྲྭ་དམངས་དང་ཁྱད་པར་འབྱེད་པའི་མངོན་མཚན་གྱི་རྟགས་ནི་སྟོད་འགག་སེར་བོ་འདི་ཁོ་ན་ཡིན། འདིས་ནི་གྲྭ་སའི་རྒྱས་སྤྲོས་མེད་པའི་དཔལ་འབྱོར་གྱི་བཀོལ་སྤྱོད་དེ་མཚོན་གྱི་ཡོད།   གྲྭ་སའི་གྲྭ་བ་མང་ཆེ་བར་སྒེར་གྱི་ཁང་བ་མེད་ལ་རླངས་འཁོར་གྱི་རིགས་དེ་བས་ཀྱང་མེད།  སྣུམ་པོ་མེད་པའི་སྤྱི་ཐབ་ཀྱི་ཟ་མ་ནི་ཐུན་མོང་གི་ལོངས་སུ་སྤྱད་བྱ་དེ་ཡིན།  དེའི་ཕྱིར་གྲྭ་སའི་གྲྭ་བ་དང་གྲྭ་བ་གཞན་དག་བསྡུར་ན་ཁོང་ཚོའི་ངོ་གདོང་ལ་ཅི་ཞིག་མ་ཚང་བ་ལྟ་བུའི་སྐྱ་ཐང་ཐང་ཞིག་དང་གྱོན་གོས་སྲབ་མོ་དེ་ཧ་ཅང་རྙིང་ཧྲུལ་དུ་སོང་བ་ཤ་སྟག་ཡིན།  འཛིན་གྲྭ་དམའ་བའི་གྲྭ་བ་ལོ་གཞོན་མང་ཆེ་བའི་སྟོད་འགག་གི་མཆན་གོར་གཤགས་ནས་ལྷབ་ལྷུབ་ཏུ་གཡུགས་ཀྱིན་ཡོད།  དེ་ནི་ཆོས་རྭའི་ནང་དུ་དགག་སྒྲུབ་ཀྱི་རྩོད་པ་བྱེད་སྐབས་འཚང་ཁ་བྱས་ནས་གཤགས་རལ་ཏུ་བཏང་བ་ཞིག་རེད།  ལྷམ་ནི་ཧ་ཅང་གི་སྟབས་བདེ་ཞིག་སྟེ།  དུས་ཚུགས་བཞི་གར་བརྗེ་རེས་མེད་པའི་ཡུལ་མི་ཚོས་གྱོན་བཞིན་པའི་བསིལ་ལྷམ་རྐང་བའི་མཛུབ་བར་དུ་འཛིན་རྒྱུ་འགྱིག་གིས་བཟོས་བ་ཞིག་ཡིན་ལ།  འགྲོ་བའི་སྐབས་གོམ་པ་ལེན་མ་ཤེས་ན་ཐག་སྒྲ་བར་མེད་དུ་གྲགས་འོང་།  གྱོན་ཆས་ཕྱོགས་ཡོངས་ནས་གཅིག་པའི་རྐྱེན་གྱིས་ངོ་གདོང་སོགས་ན་དམིགས་བསལ་གྱི་རྟགས་མཚན་མེད་ན་ཡུལ་མི་ཚོ་ཡང་ཡང་ནོར་བཞིན་ཡོད། དེ་ལྟར་ཟས་གོས་དང་ཁོར་ཡུག་ནམ་གཤིས་སོགས་ངན་ངོན་དང་བཟང་རྒྱུ་མེད་ན་ཡང་། ནང་བསྟན་རིག་གནས་ཀྱི་དྲི་མ་ཅུང་ཟད་ཚོར་བ་ནས་བཟུང་ཁོང་ཚོའི་སེམས་ཁམས་དུས་རྟག་ཏུ་དགའ་བདེས་བརྒྱན་ཡོད། ཡུལ་བསྐོར་དུ་ཡོང་བའི་ཕྱི་གླིང་གི་མི་ཚོས།  ཁོང་ཚོའི་བག་ཕབ་ཀྱི་སྤྱོད་ལམ་དང་ངོ་གདོང་གི་འཛུམ་མདངས། འཆམ་མཐུན་གྱི་རྣམ་པ་འདི་དག་མཐོང་སྐབས།  འདི་དག་གང་ནས་བྱུང་ཞིང་འབྱུང་བའི་རིག་གནས་དེ་ལ་རང་དབང་མེད་པར་ཡིད་སྨོན་དང་སྦྱོང་འདོད་སྐྱེ་གྱིན་ཡོད།  དེའི་ཕྱིར།    མི་རིགས་དང་ཆོས་ལུགས་ལ་དབྱེ་བ་མེད་པར་འཚང་ཁ་ཤིག་ཤིག་གིས་ཡུལ་གྲུ་ཀུན་ནས་འདིར་སློབ་སྦྱོང་དུ་ཡོང་བཞིན་ཡོད་ལ།  ལ་ལ་ཞིག་སློབ་མཐར་ཕྱིན་ནས་ཕྱིར་སོ་སོའི་ཡུལ་དུ་ལོག་པ་དང་། ཁ་ཤས་འདི་གར་གཏན་བསྡོད་བྱས་ཡོད།   དཔེར་ན།  ད་ལྟའི་རྭ་སྟོད་གྲྭ་ཚང་གི་མཁན་པོ་དེ་གར་སློབ་མཐར་ཕྱིན་པའི་ཕྱི་གླིང་བའི་དགེ་བཤེས་དབུ་སྐྲ་སེར་བོ་དང་སྤྱན་ལྗང་ཁུ་ཅན་ཞིག་ཡིན་ལ།  སྔོན་ལོར་ཝེ་བན་གྱི་གྲྭ་བ་ཞིག་ལྷ་རམས་སློབ་མཐར་ཕྱིན་པ་ལྟ་བུ་རེད།
དཔལ་འབྱོར་ཁོ་ནས་འཇིག་རྟེན་ཁ་ལོ་བསྒྱུར་བའི་སྐབས་འདིར་འགྲོ་བ་མིའི་བཟང་སྤྱོད་ཀྱི་གོམས་གཤིས་ཡོད་ཚད་ཉམས་རྒུད་དུ་འགྲོ་བཞིན་ཡོད་ལ།  དེ་མཚུངས་སུ་ནང་བསྟན་སློབ་སྦྱོང་གི་བསྟི་གནས་གཞན་ཁག་ཀྱང་ཉམས་དམས་སུ་འགྲོ་བཞིན་ཡོད།  འོན་ཀྱང་གྲྭ་སའི་སློབ་སྦྱོང་གི་མཁའ་དབུགས་སྟུག་པོའི་ཁྲོད་དུས་རབས་རྐྱེན་ངན་གྱི་རླངས་པ་ཅི་ལྟར་འཐིབ་ཀྱང་ནམ་ཡང་ཉམས་པ་མེད་པར་མདུན་ནས་མདུན་དུ་བཞུར་གྱིན་ཡོད།  འདི་ནི་ཤེས་རྒྱུད་ཀྱི་ཆོས་གང་ཞིག་ཉམས་དམས་སུ་འགྲོ་བ་དེ་ཕྱིའི་ཁོར་ཡུག་ལས་གཙོ་བོ་ནང་སེམས་ཀྱི་འདུ་ཤེས་ལ་ཐུག་པའི་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་ཅིག་སྟོན་ཀྱི་ཡོད་ལ།  མིའི་སེམས་ཁམས་ལ་ཁྲིམས་ལུགས་ཁོ་ནས་དབང་བསྒྱུར་བྱེད་མི་ནུས་པར་རང་གིས་རང་ལ་དབང་བསྒྱུར་བྱེད་དགོས་པའི་གནས་ལུགས་ཤིག་ཀྱང་སྟོན་གྱི་ཡོད།  ལྷག་པར་ཏུ་གྲྭ་ས་སྤྱིའི་སློབ་སྦྱོང་གི་སྒྲིག་འཛུག་དང་།  མི་སྒེར་གྱི་ལྡོག་ཏུ་མེད་པའི་དོན་གཉེར་གྱི་བསམ་བློ་ལས་བྱུང་བ་ཞིག་རེད།  ལོ་རེ་བཞིན་སློབ་གཉེར་གྱི་ཆེད་དུ་ཚོགས་འདུ་ཆེ་ཆུང་དུ་མ་འཚོག་གྱིན་ཡོད་ལ་དེ་ལ་ཞུགས་མཁན་ནི་དགེ་བཤེས་རྣམས་དང་འཛིན་གྲྭ་ཐོན་ཟིན་པའི་གྲྭ་བ་ཚོ་ཡིན།  ཚོགས་འདུའི་སྟེང་སུས་ཀྱང་རེ་བ་དང་བསམ་འཆར་འདོན་ཆོག་ལ།  སྐྱོན་བརྗོད་དང་ཐེར་འདོན་ཡང་བྱེད་ཆོག  ཉེས་འགོག་ལེགས་སྤེལ་གྱི་བསླབ་བྱ་སུ་ལ་ཡོད་ན་མཐོ་དམན་དང་ཆེ་ཆུང་གི་དབྱེ་བ་མེད་པར་དེ་ལ་མང་མོས་ཀྱིས་ཐག་གཅོད་གཏན་འབེབ་བྱེད་པ་རེད། 
      གྲྭ་སའི་སློབ་སྦྱོང་གི་ཐོག་མ་ནི་ཚན་པ་ཉེར་བཞི་ཡོད་པའི་བསྡུས་གྲྭའི་རིགས་ལམ་ཡིན་ལ། འདི་ནི་ནང་བསྟན་གཞུང་ལུགས་ཙམ་དུ་མ་ཟད་ཆབ་སྲིད་དང་དཔལ་འབྱོར་ལོ་རྒྱུས་ལ་སོགས་པའི་རིག་གཞུང་དང་རིག་གནས་སྤྱི་ལ་རྩོད་སྒྲུབ་ཀྱིས་དཔྱོད་ཚུལ་སྟོན་བྱེད་ཅིག་ཡིན་ལ།  རིགས་ལམ་དེ་ལ་སྦྱངས་ཏེ་རང་གི་ཤེས་རབ་གྱི་རལ་གྲི་རྣོ་དབལ་ཅན་དུ་གྱུར་བ་ན།  དེ་ནས་འཛིན་གྲྭ་གོང་མ་རྣམས་རིམ་གྱིས་བགྲོད་དགོས་པ་ཡིན།  རྩྭ་བརྔ་བ་ལ་ཐོག་མར་ཟོརབ་བརྡར་བའི་དཔེ་ལྟར་རང་གི་དཔྱོད་ཤེས་ཀྱི་ནུས་པ་ཚད་དུ་སྨིན་པར་བྱས་ཏེ་རིགས་ལམ་དེས་གཞུང་ལུགས་གཞན་དང་གཞན་ལ་ཡང་དམིགས་འབྱེད་པ་ནི་བོད་དུ་ལོ་ངོ་སྟོང་ཕྲག་གི་སྔོན་ནས་དར་ཡོད་པས།  རྒྱ་ནག་གི་རྩོམ་པ་པོ་ལེས་ཁེ་ཧྥོས། སྔོན་དུ་ཤེས་ཚོར་ཇེ་ཟབ་ཏུ་བཏང་ནས་ཕྱིས་སུ་ཤེས་བྱ་སློབ་པ་ཨ་རིའི་སློབ་གསོ་རྒྱ་ནག་ལས་ཁྱད་པར་འབྱེད་བྱེད་དུ་སྟོན་པ་ནི་གསར་བ་གང་ཡང་མིན།
 དེ་ལྟར་ལོ་ངོ་བཅུ་བདུན་གྱི་རིང་ལ་ཕྱི་ཉལ་སྔ་ལངས་ཀྱིས་གདན་ས་སོ་སོའི་སློབ་གཉེར་རིམ་གྱིས་རྫོགས་པ་ན།འཛིན་གྲྭའི་ནང་རྩེ་ཏོག་གིས་སྐད་གྲགས་ཆེ་བའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ལོ་ངོ་དྲུག་གི་རིང་ཞུགས་དགོས་ལ།  ལོ་ངོ་དྲུག་གི་རིང་དེ་ནི།  ལུས་སེམས་ཀྱི་ངལ་དུལ་དང་།  འཇིགས་སྣང་།   སེམས་ཁྲེལ་གྱིས་ཟིན་པའི་ལོ་ངོ་དྲུག་ཡིན།   དེའི་རིང་ལ་སྒྲིག་འཛུགས་ཀྱི་ངོས་ནས་སློབ་ཁྲིད་བྱེད་མཁན་ཅི་ཡང་མེད་པར་རང་གིས་དཔྱོད་ཀྱི་ནུས་པ་བེད་སྤྱོད་གཏོང་བའི་དུས་ཡིན་ལ། དགེ་ལུགས་རྒྱུགས་སྤྲོད་པ་ཞིག་གིས་བཤད་དོན།  སྐབས་དེར་ཁོས་ཉིན་རེ་ལ་ཆུ་ཚོད་བཅུ་བདུན་ལ་དཔེ་ལྟོས་བྱས་པ་ཡིན་ཟེར།  དེའི་ཁར་ཟས་ཐུན་གསུམ་གྱི་ཆུ་ཚོད་བསྣན་ན་ཤུལ་ཏུ་ངལ་གསོ་དང་གཉིད་ཀྱི་ཆུ་ཚོད་ཅི་ཙམ་ཞིག་ལྷག་འདུག གྲྭ་སར་སྤྱི་ཡོངས་ཀྱི་གོམས་སྲོལ་ཞིག་ནི་དགོང་མོ་ཆུ་ཚོད་མང་བོ་དཔེ་ཆ་བལྟ་རྒྱུ་དེ་རེད་ལ། མང་ཆེ་བ་ཆུ་ཚོད་དང་བོ་ནས་གཉིས་པའི་བར་འདུག་ཀྱིན་ཡོད།  འོན་ཀྱང་དགེ་ལུགས་རྒྱུགས་སྤྲོད་པ་ཚོའི་ཉལ་ཁང་གི་གློག་འོད་ནི་ནམ་ཡང་གཟིམ་རྒྱུ་མེད།  མཚན་གུང་ཡོལ་རྗེས་ཐོག་བརྩེགས་ཅན་གྱི་ཉལ་ཁང་དེ་ཚོར་རྒྱང་བལྟ་ཞིག་བྱས་ན།  མཚན་མོའི་ལྷང་འཇག་གི་ཁྲོད་ནས་སྒེའུ་ཁུང་ཁ་ཤས་ལས་གློག་འོད་ལམ་ལམ་དུ་འཕྲོ་བཞིན་ཡོད་ལ།   དེ་ནི་དགེ་ལུགས་རྒྱུགས་སྤྲོད་པ་ཚོའི་ཉལ་ཁང་ཡིན།  ལྷ་རམས་སློབ་ཐོན་ཟིན་པ་ཞིག་གིས།  ཁོས་ལོ་ངོ་དྲུག་གི་རིང་ལ་དབྱར་ཁའི་དཔལ་ཡོན་ལ་རོལ་མྱོང་བྱས་པ་མི་དྲན་ཟེར།  དེ་ནི་འགྲོ་འཆག་ཉལ་འདུག་གང་གི་སྐབས་སུ་ཡང་དམིགས་བསལ་ཅན་གྱི་ཚོར་ཤེས་ཤིག་གིས་སེམས་ཁམས་ལ་ཡོངས་སུ་དབང་བསྒྱུར་བའི་རྐྱེན་གྱི་རེད་ལ།  གྲྭ་སའི་སློབ་གཉེར་བ་ཚོས་སྤྱི་ཡོངས་ཀྱི་འདུ་ཤེས་གཉིས་ཏེ།   ཀུན་སྤྱོད་དང་ཆུ་ཚོད་ཀྱི་འདུ་ཤེས་ཤུགས་དྲག་པ་ལས་བྱུང་བ་ཞིག་རེད།
 ལོ་ངོ་དྲུག་གི་རིང་ལ་རྒྱུགས་སྤྲོད་སྣ་ཁ་ལྔ་བཅུ་ལྷག་གཏོང་དགོས་ལ།  དེ་དག་བརྒལ་རྗེས་ད་དུང་ཁང་ཚན་དང་གྲྭ་ཚང་གདན་ས་སྤྱིའི་སྨོན་ལམ་ཆེན་མོའི་སྐབས་སུ་དམ་བཅལ་ཉིན་གྲངས་མང་བའི་རིང་འཇོག་དགོས།  གསེག་བཅད་བརྡར་གསུམ་གྱིས་བཙོ་སྦྱངས་ལེགས་པར་བྱས་བའི་གསེར་ལྟར་ཁོང་ཚོའི་མཚུངས་པ་མེད་པའི་ཤེས་རབ་དང་རྣམ་དཔྱོད་ཀྱི་ནུས་པ་ཡང་དེ་དང་འདྲ། 
    མདོར་བསྡུས་ནས་བཤད་ན།   དེང་གི་དུས་འདིར་གྲྭ་སའི་སློབ་སྦྱོང་ནི་མི་སྒེར་བྱེ་བྲག་པ་ཞིག་གི་དམིགས་འདུན་ཁོ་ནའི་ཕྱིར་མིན་པར་འཇིག་རྟེན་སྤྱི་སྨན་གྱི་འགན་འཁུར་སློབ་གསོ་ཞིག་གི་ངོ་བོར་འགྱུར་བཞིན་ཡོད་ལ།  འདི་དག་གིས་མཚོན་པའི་ལྷ་རམས་དགེ་བཤེས་རྣམས་ནི་ནང་བསྟན་ཀུན་སྤྱོད་རིག་པའི་མིག་དཔེར་འོས་པའི་མཚན་གཞི་དང་།  ནང་བསྟན་ལྟ་གྲུབ་ཉམས་བཞེས་དང་སྒྲོག་སྦྱངས་བྱེད་པའི་དོན་དམ་པའི་མཁས་དབང་དངོས་མ་རྣམས་ཡིན། 
                 2014/2/20
Powered by Blogger.