ཧི་མ་ལ་ཡའི་གྲྭ་རྒྱུན་དང་མོན་པའི་སྐྱེས་བུ།


ད་སྐབས་བོད་ནས་གྲྭ་རྒྱུན་ཡོང་མཁན་དཀོན་པའི་དཀའ་ངལ་གསར་པ་ཞིག་འཕྲད་བཞིན་པའི་དུས་སྐབས་དེར་༸ བདག་ཉིད་ཆེན་པོས་བསྟན་པའི་འགན་འཁྲི་དེ་ཧི་མ་ལ་ཡའི་མི་རིགས་ཚོ་ལ་བབ་ཡོད་ཅེས་ཉེ་དུས་ཀྱང་བསྐྱར་དུ་གསུངས་པ་འདི་ལ་གོ་རྒྱུ་གཉིས་པར་སྣང་སྟེ། གྲྭ་ས་ཁག་ཏུ་ཧི་མ་ལ་ཡའི་མི་རིགས་ཀྱི་གྲྭ་རྒྱུན་བསྡུ་འཚོལ་རུང་མིན་བཤད་རིས་དང་བསམ་བློའི་ལྟ་ཚུལ་གཉིས་གྱེར་བཞིན་པ་དང་སྐབས་ཁེལ་ཡོད་པས། ལྟ་ཚུལ་འདི་ཞི་འཇམས་སུ་བཏང་སྟེ་ཧི་མ་ལ་ཡའི་མི་རིགས་ནས་གྲྭ་རྒྱུན་འཚོལ་བསྡུ་དགོས་པའི་ལམ་བསྟན་ཞིག་དང་དོན་དངོས་སུ་བོད་དང་འདྲ་མཚུངས་ཀྱི་བསྟན་པའི་འགན་འཁྲི་ཁུར་ཐུབ་མཁན་ཞིག་དགོས་ན་ནི་ཧི་མ་ལ་ཡའི་མི་རིགས་ཁག་ལས་གཞན་དུ་འཚོལ་ས་མེད་པར་དགོངས་པ་རེའང་ལོས་ཡིན་སྙམ། 

གྲྭ་ས་ཁག་ཏུ་ཧི་མ་ལ་ཡའི་གྲྭ་རྒྱུན་འཚོལ་བསྡུ་བྱེད་པར་མི་འདོད་པ་འདི་ནི་ཕྱོགས་རིས་དང་ལྟ་ཚུལ་ནག་རྐྱང་ཞིག་མིན་པར་མི་ལོ་བཅུ་ཕྲག་གཅིག་ནང་དུ་འབྲུག་པ་དང་མོན་པ། ལ་དྭགས། འབྲས་ལྗོངས། ག་ཤ། ཁུ་ནུ། སྤིས་ཏི། བལ་ཡུལ། རྟ་མང་། ཤར་པ་སོགས་ཀྱི་གྲྭ་རྒྱུན་ཕོན་ཆེ་ཞིག་ཡོང་ནས་གྲྭ་ཚང་སོ་སོའི་སློབ་གྲྭར་འཛུལ་བཞུགས་བྱས་པ་དང་མཐའ་སློབ་ཐོན་ལག་ཁྱེར་ཐོབ་ནས་དགོན་པའི་ནང་དུ་གཞུང་ཆེན་གཟིགས་པར་བཞུགས་མཁན་ཞིག་ཆེས་དཀོན་པར་གྱུར་ཏེ། མང་པོ་ཞིག་རང་རང་ཡུལ་ན་ཕྱི་ལོགས་སུ་སོང་དང་འགྲོ་བཞིན་པ་འདིས་དགོན་སྡེ་ཁག་ཏུ་དཀའ་ངལ་ཞིག་བསལ་ཐབས་ལས་ལྡོག་སྟེ་དཀའ་ངལ་གསར་པ་ཞིག་གི་སྣེ་མོ་ལ་ལག་འཇུ་བྱེད་དགོས་ཐུག་ཡོད། དེར་བརྟེན། གྲྭ་རྒྱུན་འཚོལ་བསྡུ་རུང་མིན་གྱི་སྐད་ཆ་མི་ཉུང་བ་ཞིག་སླེབས་པ་རེད། དེ་སྔ་དང་ད་སྐབས་གཏན་ནས་འདྲ་མཚུངས་བྱེད་ས་མེད་པ་བདེན་དུ་ཆུགས་ཀྱང་གྲྭ་རྒྱུན་བདག་སྐྱོང་བྱེད་ལུགས་ལ་ལྟོས་ཚགས་ཆེན་པོ་ཞིག་ཡོད་འདུག་སྙམ་པ་ནི་ཁོ་བའི་རྨོངས་འཆར་ཙམ་ཡིན། 

ད་སྔ་ལོ་རབས་བདུན་ཅུའི་ནང་དུ་གྲྭ་རྒྱུན་མེད་པའི་དཀའ་ངལ་བྱུང་སྟེ་ཧི་མ་ལ་ཡའི་མི་རིགས་ཁྲོད་དུ་གྲྭ་རྒྱུན་འཚོལ་བསྡུ་དང་གྲྭ་རྒྱུན་དེ་དག་བདག་སྐྱོང་ལེགས་པོར་གནང་བའི་ཉེར་ལེན་ལས་གྲྭ་རྒྱུན་ཆད་ཉེན་གྱི་བཀའ་ཁག་ཟློག་པ་ཙམ་དུ་མ་ཟད་ཁོ་ཚོའི་གྲས་ནས་སློབ་གཉེེར་སྤུས་ལེགས་ཅན་དང་གྲྭ་ཚང་ཁག་གི་ལས་འགན་རྐང་ལེན་བྱེད་ཐུབ་མཁན་དུ་མ་བྱུང་སྟེ་ད་སྐབས་སུ་ཆེས་དགོས་མཁོ་དང་ཕན་ནུས་ཅན་ཞིག་ཏུ་གྱུར་ཡོད།

འབྲས་སྒོ་མང་གྲྭ་ཚང་ལ་དྭགས་པས་འཛིན་སྐྱོང་བྱས་ནས་ཡོད་ཅིང་ཟེར་ནའང་རྫུན་དུ་མི་འགྲོ་བ་ཞིག་ཡོད་ལ་གྲྭ་ཚང་གཞན་དང་གཞན་ནའང་ཧི་མ་ལ་ཡའི་མི་རིགས་ཀྱི་གྲྭ་རྒྱུན་ཚོས་བསྟན་པའི་ཁུར་བཞེས་པ་མང་དུ་སྣང་ཞིང་། ད་སྐབས་ཀྱི་དགའ་ཤར་གྲྭ་ཚང་གི་མཁན་རིན་པོ་ཆེ་ནི་ལོ་རབས་བདུན་ཅུའི་སྐབས་ཀྱི་གྲྭ་རྒྱུན་ཁྲོད་ནས་ཆེས་གོ་གནས་མཐོ་ས་ཕེབས་པའི་ཧི་མ་ལ་ཡའི་མི་རིགས་ཤིག་ཡིན། འདི་ག་སེར་བྱེས་གྲྭ་ཚང་དུའང་ཕྱི་ལོ་༢༠༠༠ཐམ་པའི་རྗེས་ནས་ད་བར་ལོ་རེའི་ཁྲིམས་བདག་དགེ་བསྐོས་ཁྲོད་དུ་ཧི་མ་ལ་ཡའི་མི་རིགས་དྲུག་བྱུང་ཡོད་ཅིང་། འདི་ག་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་གྲས་ནས་ཆེས་སློབ་མ་མང་ཤོས་ཀྱི་དཔེ་ཁྲིད་དགེ་རྒན་དེ་ནི་ཧི་མ་ཡའི་མི་རིགས་ཡིན་པ་སོགས་ཀྱིས་བྱེས་ཀྱི་གདན་ས་ཁག་ཏུ་ཧི་མ་ཡ་མི་རིགས་ཀྱི་གྲྭ་རྒྱུན་ཁག་ནས་ཞབས་འདེབས་རླབས་ཆེན་ཞུ་དང་ཞུས་མུས་སུ་ཡོད།

དེ་ལས་ཀྱང་དགའ་གུས་དང་སྤོབས་པ་བྱེད་ཆོག་པ་དེ་ནི་ཧི་མ་ལ་ཡའི་གྲྭ་རྒྱུན་ཁྲོད་ནས་གཞུང་ཆེན་སློབ་པ་མཐའ་སོན་གྱིས་ལྷ་རམས་དགེ་བཤེས་ཐོན་པ་ཙམ་མིན་པར་རང་རྒྱུད་ཉམས་ལེན་དང་འདྲེས་ནས་ཡོད་པའི་སྐྱེས་བུ་ངོ་མཚར་ཅན་དུ་མ་འདུག་པའི་ནང་ནས་<<མོན་པའི་བཤེས་གཉེན་ཆེན་པོ་གསུམ>>*ནི་ད་སྐབས་ངེད་ཅག་གི་མིག་མདུན་ན་འཚོ་ཞིང་བཞེས་པའི་རང་རྒྱུད་ཆོས་ཀྱིས་འཚོས་པའི་ཧི་མ་ལ་ཡའི་མི་རིགས་ཀྱི་སྐྱེས་བུ་ངོ་མཚར་ཅན་གསུམ་ཡིན་ལ་ཁོང་གསུམ་ཡང་ལོ་རབས་བདུན་ཅུའི་དུས་སྐབས་སུ་ཕེབས་པའི་གྲྭ་རྒྱུན་ཡིན། 

བདག་དང་འདྲ་བའི་གཞོན་སྐྱེས་ཚོའི་ཁྲོད་དུ་ལོག་རྟོག་ངན་པ་ཞིག་ཡོད་པ་ནི་གཞུང་ལུགས་རབས་འབྱམས་ལ་མཁས་པའི་བཤེས་གཉེན་མང་བ་ལས་ཉམས་ལེན་ཅན་གྱི་སྐྱེས་བུ་མེད་ཚད་འདུག་སྙམ་པ་དེ་ཡིན་མོད། དེང་གི་འཚོ་ཞིང་བཞེང་པའི་<<མོན་པའི་བཤེས་གཉེན་ཆེན་པོ་གསུམ>>དང་དེས་མཚོན་པའི་སྤྱི་ཚོགས་སུ་མི་མངོན་པའི་སྐྱེས་ཆེན་ཅི་འདྲའི་མང་པོ་ཡོད་འདུག་ཨང་སྙམ་ནས་དགའ་དད་དང་སྤྲོ་སྣང་ཆེན་པོ་རེ་སྐྱེས་མྱོང་བ་ནི་དོན་དངོས་ཤིག་ཡིན། 
ཁོང་གསུམ་པོས་ད་རུང་གཞན་ལ་སློབ་གསོ་གཏོང་བའི་ལས་འགན་ཆེ་ཙམ་བཞེས་ཐུབ་ཚེ་ངེད་ཅག་གི་གཞོན་སྐྱེས་ཚོ་ལ་ཤུགས་རྐྱེན་དང་སློབ་གསོའི་ནུས་པ་ཧ་ཅང་ཆེན་པོ་རེ་ཐེབས་ངེས་སུ་འདུག་སྙམ་པ་ཡང་དང་བསྐྱར་དུ་དྲན་ཡོང་གི་འདུག དེ་ལྟ་ནའང་གཅིག་ཏུ་ན་ཉམས་ལེན་ཅན་གྱི་སྐྱེས་བུས་ཚོས་གཞན་ལ་སྤོབས་པ་ཆེན་པོས་གསུང་སྨྲ་བ་ལའང་འཛེམ་ཟོན་ཆེན་པོར་གནང་བའི་ཕྱག་བཞེས་རེ་ཡོད་ཚད་འདུག་པས་ངེད་ཅག་གཞོན་སྐྱེས་ཚོས་བསོད་ནམས་ཀྱི་མ་ཁྱོག་པ་ཞིག་ཀྱང་ལོས་ཡིན་སྙམ།
རང་རེའི་སྤྱི་ཚོགས་ནང་དུ་གཞུང་ལུགས་འཆད་རྩོམ་དང་སྨྲ་མཁས་ཡོན་ཏན་གྱིས་ཕྱུག་པའི་དགེ་བཤེས་ཙམ་མིན་པར་ཉམས་ལེན་ཅན་གྱི་སྐྱེས་ཆེན་ཉུང་ངུ་ཙམ་མིག་དཔེ་ལྟ་ས་རེ་ཡོད་ནའང་དགོན་སྡེ་སློབ་གསོ་གང་འཕེལ་དང་གཞོན་སྐྱེས་ཚོས་དམིགས་འདུན་མ་བོར་བར་ཐོས་སྟབས་ཞི་ཞིང་དུལ་བ། སྒོམ་སྟབས་ཉེན་མོངས་ཆུང་བ། ཞེས་པའི་སྡོམ་ཚིག་གི་རྒྱ་ལས་མ་འདར་བ་ཞིག་ནི་ངེས་པར་ཡོང་ངེས་དང་།
དེང་གི་ཧི་མ་ལ་ཡའི་གཞོན་སྐྱེས་གྲྭ་རྒྱུན་ཚོ་ལ་ཤུགས་རྐྱེན་དང་བབ་ཆགས་བཟང་པོ་རེ་འཇོག་ནས་དགོན་སྡེ་ནང་གི་གྲྭ་རྒྱུན་འཚོ་གནས་དང་བསྟན་པའི་འགན་འཁྲི་ལེན་པའི་རྐང་འཛིན་པ་ཆེས་མང་པོ་ཞིག་འབྱུང་ཐུབ་པའི་ཆ་རྐྱེན་བླ་མེད་ཅིག་ཆགས་ཐུབ་པར་འདུག

*<མིང་འདི་ནི་རང་གིས་བཏགས་པ་ཞིག་ཡིན། དགེ་སྐོས་ཟུར་པ་ཐུབ་བསྟན་ཕུན་ཚོགས། དགེ་སྐོས་ཟུར་པ་བཀྲ་ཤིས་ཚེ་དར། དགེ་སྐོས་ཐུབ་བསྟན་རབ་བརྟེན།)

Powered by Blogger.