སྲོང་བཙན་ཟིན་བྲིས་ལེགས་བཅོས་ཐུབ་པ།

བོད་ཡིག་གི་དྲ་ཚིགས་དང་ཟིན་བྲིས་གཉེེར་མཁན་ཇེ་མང་ནས་ཇེ་མང་དུ་འཕེལ་བཞིན་པའི་དུས་སྐབས་འདིར་<སྲོང་བཙན་ཟིན་བྲིས།>ཀྱི་པར་གཞི་ལ་བཟོ་བཅོས་དང་མཛེས་རྩལ་སྣོན་མ་བྱས་ནས་ཟིན་བྲིས་ཀྱི་ཁ་དོག་མ་ཡལ་བའི་སྒེར་གཉེར་ཟིན་བྲིས་ཞིག་གི་འཕོ་འགྱུར་གྱི་ལམ་སྣེ་གསར་པ་ཞིག་ཏུ་གོམ་པ་སྤོས་ཡོད།
སྤྱི་ན་བོད་ཡིག་དྲ་ཚིགས་ཁག་ལྟ་ཀློག་བྱེད་མཁན་ཉུང་ཉུང་ཡིན་པས་བདག་གི་ཟིན་བྲིས་ལྟ་བུ་ཞིག་ལ་མིག་ཤར་ཙམ་བྱེད་མཁན་ཡང་ཧ་ཅང་དཀོན་པོ་ཡིན་ངེས་མོད། རེད་དེ་རང་གིས་ཞར་ཞོར་དུ་རྩོམ་ཡིག་ཐར་ཐོར་རེ་བྲིས་ཤིང་བསམ་ཚུལ་ཡིག་ཐོག་བཀོད་པའི་སྤྲོ་སྣང་རེ་ཡོང་དུས་ཡིག་འབྲི་འགའ་ཤོག་ཐོག་ཏུ་ཕབསནས་ཉར་ཚགས་རེ་བྱས་ཀྱང་མང་པོ་ཞིག་བོར་བརླག་དང་ཆུད་ཟོས་སུ་སོང་དང་འགྲོ་བཞིན་འདུག་སྟབས་ཉར་ཚགས་བྱེད་ས་ཞིག་བྱུང་ན་ཕན་ཐོགས་ཕྲན་བུ་ཡོང་ངེས་དང་། འདི་ནས་མར་རྩིས་པའི་རང་ཉིད་ལོ་རྒན་བདུན་ཅུ་ལྷག་ཙམ་སྟེ་ཕྱི་ལོ 2060 ལོར་ད་ལོ་སང་ལོའི་རྩོམ་ཉོག་དེ་དག་ལ་ལྟ་རྒྱུ་རེ་བྱུང་ན་ཆུང་དུས་དྲོ་སྐྱིད་ཀྱི་འཚོ་བ་དང་སྐྱོ་སྡུག་གི་བརྒྱུད་རིམ་ལ་དྲན་གསོ་རེ་ཡོང་ངེས་སྙམ་ནས་ཟིན་བྲིས་རེ་གཉེར་ཁུལ་བྱས་པ་ཡིན། 
<སྲོང་བཙན་ཟིན་བྲིས།>ནི་ཟིན་བྲིས་ཀྱི་ཁ་དོག་ལས་དྲ་ཚིགས་ཀྱི་རྣམ་པར་སྒྱུར་མེད་སྟབས་ལྟ་ཀློག་བདེ་བ་དང་ངོས་གཙང་མའི་ཁྱད་ཆོས་ཤིག་ཡོད། <ཆ་འཕྲིན།> <ཆེད་རྩོམ།> <འབོལ་རྩོམ།> <རྩོམ་བཏུས།> <སྲོང་བཙན་བོད་ཡིག> <གྲོགས་པའི་ཚོམས།> བཅས་ཚན་པ་དྲུག་ཏུ་ཕྱེས་ཡོད་ལ། <རྩོམ་བཏུས།>་ནང་དུ་གཞན་གྱི་རྩོམ་ཡིག་ལེགས་པོ་བརྒྱུད་འགོད་དང་། <གྲོགས་པའི་ཚོམས།>སུ་གུས་ཀྱི་དྲ་གྲོགས་བློ་མཐུན་མི་ཉུང་བ་ཞིག་གི་རྩོམ་ཡིག་ཉར་ཚགས་བྱེད་ས་ཞིག་ཏུ་འགྱུར་འདོད་ཀྱིས་ས་མིང་ཞིག་བཞག་ཡོད།
གུས་པས་སྔ་ལོ་བཟུང་རང་གིས་ABCDཐེབས་ཆག་ཤེས་པ་དེས་ཕོ་ཚོད་ཀྱིས་Blogg དང Wordpress གཉིས་ཀའི་ཐོག་ཏུ་ཚོད་ལྟའི་ཚུལ་དུ་ཟིན་བྲིས་གཉེར་ནས་ལོ་འཁོར་གཅིག་ཙམ་སོང་ལ་དེའི་རིང་དུ་ཉམས་མྱོང་རིམ་གསག་བྱས་ཏེ་ཟིན་བྲིས་ཀྱི་ཕྱོགས་གང་ཐད་ནས་འཐུས་ཚང་བྱེད་ཐུབ་ཙམ་བྱུང་། འོན་ཀྱང་ད་རུང་མི་འདང་ས་མང་བས་ལེགས་བཅོས་བྱེད་འདོད་ཤིན་ཏུ་ཆེ་ནའང་བཟོ་བཅོས་ལག་རྩལ་གྱི་མི་འདང་བ་དང་རང་གིས་ཤེས་པའི་ABCDདེ་ཙམ་གྱིས་ཕན་ཐོགས་ཡོང་དཀའ་བ་འདུག ལྷག་པར་དུ་HTMLནང་དུ་ལས་ཀ་དེ་དག་ནི་ཧ་ཅང་རྒྱ་ཆེན་པོ་དང་རྙོག་འཛིང་ཅན་ཞིག་འདུག་སྟབས་ཉམས་མྱོང་ཡག་པོ་རེ་མེད་ན་ཨིན་ཡིག་ཤེས་པས་ཅི་ཡང་མི་ཕན་པ་འདུག་པས་བདག་གི་གྲོགས་པོ་བོད་ཀྱི་དཔེ་མཛོད་ཁང་གི་གློག་ཀླད་ཁྱད་མཁས་དང་དྲ་ཚིགས་ཇུས་འགོད་པ་བསོད་ནམས་ཟླ་བ་ལ་རེ་ཞུའི་སྙན་ཚ་བཟོ་དགོས་བྱུང་། གྲོགས་པོ་ཁོང་གིས་དཀའ་ལས་དང་དུས་ཚོད་ནར་བཏང་བྱས་ནས་ཇུས་འགོད་དང་པར་གཞི་བཟོ་བཅོས་ལེགས་པོར་གནང་བྱུང་བས་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། 

ད་རུང་ཡར་རྒྱས་དང་འཐུས་ཚང་གཏོང་རྒྱུ་ཡོད་ཀྱང་(ཇོ་ལགས་ཀུན་དགའ་དོན་འགྲུབ་)མེད་ན་(ཨ་ཕོ་རིན་མེད་)རྐྱང་རྐྱང་གིས་ཡོང་ཐབས་མི་འདུག་པས་དེ་ཙམ་ལ་ཡིད་ཁ་གང་ནས་སྡོད་རྒྱུ་ལས་ཐབས་གཞན་མ་མཆིས།


སྲོང་བཙན་ཟིན་བྲིས་གཙོ་གཉེར་བ་སྲོང་བཙན་གྱིས་དགའ་བསུའི་ཚུལ་དུ་སྤེལ། ཕྱི་ལོ 2014-9-26ཉིན།
Powered by Blogger.