དགེ་ལུགས་རྒྱུགས་སྤྲོད་ཀྱི་སྐོར་ཡང་བསྐྱར་གླེང་བ།








                                        ཀླུ་སྐལ་རྒྱམ།
  2014-8-31--ཉིན་ནས་བཟུང་མཉམ་མེད་རི་བོ་དགེ་ལྡན་པའི་གདན་ས་སྤྱིའི་རྒྱུགས་སྤྲོད་དངོས་སུ་མགོ་བཙུགས་བྱས་སོང་། ཉིན་མ་འདི་ཚོ་ནི་རྒྱུགས་སྤྲོད་པ་རྣམས་ཀྱིས་ཉིན་མོའི་ཟས་ཀྱི་བྲོ་བ་མི་ཚོར་ཞིང་།  མཚན་མོར་གཉིད་ཀྱི་དུངས་ཀ་ཡོངས་སུ་བྲལ་བའི་དུས་སྐབས་ཧ་ཅང་གི་ཛ་དྲག་པོ་ཞིག་རེད། དེ་ཡང་ལོས་ཡིན་ཏེ་རྒྱུགས་སྤྲོད་སྣ་གཅིག་གི་གཞུང་ཚན་ལའང་ཧ་ལམ་པོ་ཏི་གཅིག་རེ་ཡོད་པས།  སང་ཉིན་ཁྱོད་ཀྱིས་རྒྱུགས་སྤྲོད་གང་ཞིག་གཏོང་བ་དེར་དེ་རིང་ཁྱོད་ཀྱིས་སྔོན་ཆད་བལྟས་ཟིན་པ་རྣམས་ལ་དྲན་གསོ་དང་ཕྱོགས་བསྡོམས་ཤིག་བྱེད་དགོས་ལ།  དེ་ལ་དགོས་པ་ནི་ཁུ་སིམ་སིམ་གྱི་ཆུ་ཚོད་ཁོ་ན་རེད།
གསེར་ཕྲེང་ལྟ་བུའི་གཞུང་ཆེན་པོ་ཞིག་ལ་ཉིན་རེ་གཉིས་ནང་ངེས་ཆ་གཏོང་རྒྱུ་ཧ་ཅང་དཀའ་ནའང་།    ལོ་གཅིག་གི་གྲྭ་སྒྲིག་དང་སྦྱོང་བརྡར་ལས་ས་བཅད་རེ་རེའི་མགོར་སླེབས་དུས་ས་ཁོངས་དེའི་བརྗོད་དོན་རྣམས་ཧ་ལམ་སེམས་སུ་འཆར་ཐུབ་པ་ལྟ་བུ་ཡིན།  དེའི་ཕྱིར་རྒྱུགས་སྤྲོད་འདིར་ཞུགས་པའི་མི་ཞིག་ཡིན་ན་ལོ་གཅིག་གི་རིང་དུ་ཁྱོད་ལ་སོས་དལ་དལ་གྱི་རྣམ་གཡེང་གི་ཆུ་ཚོད་རིང་བོ་ཞིག་མེད་ཅེས་བཤད་ཆོག   དེ་ལྟར་ལོ་གཅིག་གི་རིང་ཉིན་མཚན་ཁོར་མོ་ཡུག་ཏུ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་དཀའ་སྡུག་བསྟེན་དྲག་པ་དང་།  མཚན་རེར་ཆུ་ཚོད་བཞིའམ་ལྔ་ཙམ་ལས་གཉིད་མ་ཁུག་པའི་དབང་གིས་ལུས་ལ་ན་ཚ་འདྲ་མིན་བྱུང་སྟེ་རྒྱུགས་སྤྲོད་ཕྱིར་འཐེན་བྱེད་མཁན་ཡང་ལོ་རེར་སུམ་ཅུ་ནས་བཞི་བཅུ་ཙམ་ལོ་རྟག་པར་འབྱུང་གི་ཡོད་ལ།   གདན་སའི་ཁྲོད་འདི་ནི་ཧ་ཅང་གི་རྒྱུན་ལྡན་ཞིག་ཏུའང་གྱུར་ཡོད།
གདན་ས་སོ་སོར་ལོ་ངོ་བཅུ་བདུན་རིང་སོ་སོའི་ཡིག་ཆའི་སློབ་ཚན་གཙོ་བོར་བྱས་ཏེ་སྦྱངས་པ་རྣམས་ཀྱིས་ལྡེ་མིག་བྱས་ཏེ།   སྐབས་འདིར་ནི་རྗེ་ཙོང་ཁ་བ་ཡབ་སྲས་དང་དཔལ་ནལེནྡྲའི་པཎ་གྲུབ་དག་གི་གསུང་ལ་ཁུངས་གཏུགས་ཏེ་གཞུང་པོ་ཏི་ལྔའི་རྩ་བ་ལ་རྒྱ་བོད་ཀྱི་འགྲེལ་བ་འགྲེལ་བཤད་མི་འདྲ་བ་དུ་མའི་སྟེང་ནས་ལོ་དྲུག་གི་རིང་དུ་བསྐོར་བ་ཐེངས་གསུམ་བྱེད་དགོས་པ་ཡིན།  གྲྭ་སའི་དཔེ་ཁྲིད་ཀྱི་ཞལ་རྒྱུན་དུ་འགྲེལ་བ་རྩ་བའི་སྟེང་དུ་བླངས།   རྩ་བ་བློ་ཐོག་ཏུ་བླངས།   ཞེས་གསུངས་པ་ལྟར་རྩ་བ་གང་ཞིག་ཡིད་སྐྱོར་བྱེད་དུས་དེའི་འགྲེལ་བ་འགྲེལ་རྣམས་ཀྱིས་བཤད་སྲོལ་མི་འདྲ་བ་རྣམས་རྩ་བ་རང་གི་སྟེང་ནས་མ་འདྲེས་པར་དྲན་གསོ་ཐུབ་པ་ཞིག་དགོས་ལ།  ནང་བསྟན་སློབ་སྦྱོང་གི་རིམ་པ་འདི་རིག་གནས་གཞན་གྱི་སློབ་སྦྱོང་གི་རིམ་པ་དང་མི་འདྲ་བ་ནི།  ཤེས་པ་ཙམ་གྱིས་མི་ཆོག་པར་ཐོས་བསམ་སྒོམ་གསུམ་གྱི་བསླབ་པའི་རིམ་པ་རིམ་གྱིས་བརྒྱུད་དགོས་པ་འདི་ཡིན་ལ།   དགེ་ལུགས་རྒྱུགས་སྤྲོད་ཀྱི་གོ་རིམ་འདིས་ནི་ཁྱེད་རང་རིམ་པ་དེ་ལས་ཁྲིད་ཀྱིན་ཡོད།
དེ་ཡང་བཀའ་རམས་འཛིན་གྲྭ་གཉིས་དང་སློབ་དཔོན་འཛིན་གྲྭ་གཉིས། ལྷ་རམས་འཛིན་གྲྭ་གཉིས་བཅས་ལ་གདན་ས་གསུམ་དང་སྟག་ཚ་རྭ་སྟོད་པ་བཀྲ་ཤིས་ལྷུན་པོ་བཅས་ཀྱི་རྒྱུགས་སྤྲོད་བྱེད་པོ་དགེ་འདུན་པ་དྲུག་བརྒྱ་ལྷག་ཅིག་ཡོད་ལ།  རང་ལ་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་ཚང་ན་ངེས་པར་དུ་དགེ་ལུགས་པའི་ཁྲོད་ནས་ཡིན་མི་དགོས་ལ། ཐ་ན་དགེ་འདུན་པ་ཡང་ཡིན་མི་དགོས་པར་ཆོས་བརྒྱུད་དང་སྐྱ་སེར་ལ་དབྱེ་བ་མེད་པར་སུ་ཡིན་ཡང་ཞུགས་ཆོག་པ་ཞིག་ཡིན།  དེ་ཡང་བཀའ་རམས་འཛིན་གྲྭ་གཉིས་ལ་ཕར་ཕྱིན་ལ་ཟུར་བཀོད་དང་བཅས་པས་གཉིས་སུ་ཕྱེ་བས་བཀའ་པོད་ལྔ་དང་།  རིག་གནས།  ཆོས་འབྱུང་།  ལོ་རྒྱུས་བཅས་ཀྱི་འབྲི་རྒྱུགས་སྣ་དགུ་དང་། རྩོད་རྒྱུགས་སྣ་ལྔ་བཅས་བསྡོམས་པས་ལོ་རེར་རྒྱུགས་སྤྲོད་སྣ་ཁ་བཅུ་བཞི་དང་།   སློབ་དཔོན་འཛིན་གྲྭ་གཉིས་ལ་རིག་གནས་ཀྱི་སྐོར་མེད་པས་འབྲི་རྒྱུགས་དྲུག་དང་རྩོད་རྒྱུགས་ལྔ་བཅས་རྒྱུགས་སྤྲོད་སྣ་བཅུ་གཅིག་དང་།  ལྷ་རམས་འཛིན་གྲྭ་གཉིས་ལ་འབྲི་རྒྱུགས་མེད་པས་རྩོད་རྒྱུགས་སྣ་ཁ་ལྔ་རེ་བཅས་ཡིན་ལ།  འཛིན་གྲྭ་རེའི་ལོ་དང་བོར་པོད་ལྔའི་སྟོད་ཆ་དང་ལོ་གཉིས་པར་སྨད་ཆ།  དེ་ཡང་གཞུང་སོ་སོ་སྟེ་བཀའ་རམས་སྐབས་སུ་ཕར་ཕྱིན་ལྟ་བུར་མཚོན་ན་རྣམ་བཤད་སྙིང་བོ་རྒྱན་དང་།  སློབ་དཔོན་སྐབས་སུ་གསེར་ཕྲེང་སྟོོད་སྨད་བྱས་ཏེ་སློབ་ཚན་དུ་བསྒོས་ཡོད།  ལྷ་རམས་གཉིས་ལ་ནི་སྔར་གྱི་གཞུང་ཆ་ཚང་ལས་ཁྱབ་མགོ་ཡོང་བས་སྟོད་སྨད་ཙམ་ལས་གཞུང་ངེས་བཟུང་དམིགས་བསལ་མེད།   འཛིན་གྲྭ་གང་ཡིན་ཡང་རྟགས་གསལ་རང་མོས་ཀྱིས་གཏོང་ཆོག་པ་མིན་པར་རྒྱུགས་ཞིབ་པའི་མདུན་དུ་ཤོག་དྲིལ་བྱས་ཏེ་ཁྱབ་མགོ་རྣམས་བཞག་ཡོད་ལ།  དེ་ལས་གཅིག་བླངས་ཏེ་ཤོག་དྲིལ་དེར་གདེམས་གསེས་བྱེད་ཆོག་པའི་རྟགས་གསལ་གྱི་མགོ་གསུམ་ཡོད་པ་ལས་གཅིག་ལ་བགྲོ་གླེང་བྱེད་དགོས།  ཁྱབ་མགོ་རང་གི་ལག་ཏུ་བླངས་པ་ནས་ཁྱོད་ལ་སྐར་མ་ལྔའི་རིང་བསམ་བློ་གཏོང་བའི་གོ་སྐབས་ཡོད།  དུས་ཡུན་བཀའ་རམས་དང་སློབ་དཔོན་གཉིས་སྐར་མ་བཅོ་ལྔ་དང་ལྷ་རམས་ཆུ་ཚོད་ཕྱེད་ཀའི་རིང་ཡིན།   དེ་ཡང་རང་གིས་མགོ་འཛུགས་ས་དེ་ལས་མ་བཏང་བར་རྟགས་གསལ་གཞན་ལ་འཕྲོས་ན་རྒྱུགས་ཞིབ་པས་འགོག་ངེས་ལ་བརྒྱ་ཆའི་སྐར་མ་ཡང་གཅོག་ངེས་པ་ཡིན།
མ་གཞི་རྒྱུགས་སྤྲོད་འདིར་ཞུགས་པའི་མི་རྣམས་ནི་གདན་ས་སོར་ཤེས་ཡོན་དང་ཀུན་སྤྱོད་ཀྱི་སློབ་སྦྱོང་སྔོན་དུ་སོང་བ་ཤ་སྟག་ཡིན་པས་སྒྲིག་འགལ་གྱི་རིགས་ནི་ཧ་ལམ་མི་སྲིད་པ་ལྟ་བུ་ཞིག་ཡིན་ལ།   འབྲི་རྒྱུགས་ཀྱི་སྐབས་སུ་འདུ་ཁང་དུ་རྒྱུགས་སྤྲོད་པས་བཀང་ཡོད་ནའང་ཤོག་བུའི་ཧྲོག་སྒྲ་ཙམ་ལས་ཕྱི་ལོགས་ནས་ཉན་ན་ཧ་ལམ་འདུ་ཁང་དུ་མི་ཞིག་ཨེ་ཡོད་དམ་སྙམ་པའི་ཐེ་ཚོམ་སྐྱེ་སྲིད།   དེ་ལྟར་རྒྱུགས་སྤྲོད་ཡོངས་སུ་རྫོགས་ཏེ་ཟླ་གཅིག་དང་ཕྱེད་ཀའི་རྗེས་སུ་དུས་མཚུངས་སུ་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་རྣམས་གདན་ས་སོ་སོར་གསལ་བསྒྲགས་བྱེད་ངེས་རེད་ལ།དགེ་ལུགས་པའི་དྲ་རྒྱའི་སྟེང་དུའང་ཐོན་ཡོང་།
བཀའ་རམས་ལས་ཁྱོད་རང་གཞུང་ཚན་གང་རུང་གཅིག་ལ་སྐར་མ་ཕྱེད་ཀས་རྒྱུགས་ཚད་མ་ལོངས་ན་རྒྱུན་ལས་ཀྱིས་ཁ་སྣོན་བྱེད་པའི་ཐོབ་ཐང་ཡོད་ལ།  གཞུང་གཅིག་ལ་སྐར་མ་གཅིག་གིས་མ་ལོངས་ལ་ཁྱོད་ལ་བསྐྱར་རྒྱུགས་གཏོང་རྒྱུའི་ཐོབ་ཐང་ཡང་ཡོད།   སློབ་དཔོན་གྱི་སྐབས་སུ་སྐར་མ་གཅིག་གི་མ་ལོངས་ན་ཁྱེད་ཀྱི་དྲིས་ལན་ལ་བསྐྱར་ཞིབ་བྱེད་པའི་ཐོབ་ཐང་ཡོད་ཀྱང་ཁྱོད་ལ་བསྐྱར་རྒྱུགས་ཀྱི་གོ་སྐབས་མེད།   དེ་ལའང་ཐོག་མར་གྲྭ་ཚང་དྲུག་གི་མཁན་པོ་རྣམས་ཀྱིས་མང་མོས་ཀྱིས་འོས་ཤོག་ཐོབ་དགོས།  ལྷ་རམས་ཀྱི་སྐབས་སུ་ནི་བསྐྱར་རྒྱུགས་དང་བསྐྱར་ཞིབ་གཉིས་ཀ་མེད།      འཛིན་གྲྭ་འོག་མའི་སྐབས་སུ་འཛིན་གྲྭ་གཅིག་ཏུ་ཐེངས་གཉིས་ལ་རྒྱུགས་མ་འཕྲོད་ན་ཁྱོད་ཀྱི་རྒྱུགས་སྤྲོད་ཀྱི་གོ་སྐབས་ཡོངས་སུ་ཤོར་བ་ཡིན།
དེ་ལྟར་ཐབས་ལམ་གྱི་སྒོ་མོ་རིམ་གྱིས་དོག་ཏུ་བཏང་སྟེ་གདན་ས་ཁག་གིས་ཁྱེད་ལ་ཆེས་མཐོ་བའི་ཤེས་ཡོན་གྱི་སློབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་ལ།  འདི་ཕྱི་གཉིས་ཕན་གྱི་མི་ཚེའི་ལམ་ཁ་ཞིག་ཀྱང་སྟོན་གྱིན་ཡོད།

          2014-9-3--མཚན་མོ།
Powered by Blogger.