2014/12/09

སྙན་ངག་གི་མཆོད་པ། ཞི་བདེ་གཟེངས་རྟགས་ལ་ཕུལ།

སྙན་ངག་གི་མཆོད་པ། ཞི་བདེ་གཟེངས་རྟགས་ལ་ཕུལ།


རྩོམ་པ་པོ། དངོས་དགའ།- བཙན་རུས།-འཇའ་ཐང་འབྲང་བུ།-གངས་བཙན་པོ།-བློ་དབང་།-སྲོང་བཙན།




                           བསྟོད་པ་དད་པའི་རི་མོ།
    
                                      –•དངོས་དགའ།
ཀུན་ལ་ཕན་ན་ཀྱོག་ཐིག་ཙམ་ལ་ཕྱི་ནུད་ཕར་ཟད་ནོན་གྱིས་འཇུག ། 
འཚེ་བའི་ལས་ཀྱི་ཟུར་ཆ་ཙམ་ལ་སྐད་ཅིག་ཙམ་ལའང་གཡེང་བ་སྤངས། ། 
འདྲིས་དང་མ་འདྲིས་འཇིག་རྟེན་ཡོངས་ལ་བརྩེ་བའི་བསམ་པས་ཤུགས་ཀྱིས་མཁྱུད། །
ཤེས་ལྡན་མི་བུ་སུ་ཞིག་ཡིན་ན་ཞི་བདེའི་མགོན་པོར་འདི་ལྟར་བསྟོད། ། 
མཚོན་དང་དམག་དཔུང་ཏིལ་འབྲུ་ཙམ་གྱིས་རྒྱབ་རྟེན་དཔུང་གཉེན་འཚོལ་མ་མྱོང་། །
དམར་སེར་མདོག་ཅན་ཐེབས་ཆག་ཙམ་ཞིག་རྟག་ཏུ་བསྣམས་པའི་གྲྭ་རྐྱང་འདིས། །
སྐྱེ་རྒུ་ཡོད་ཚད་གཉེན་དུ་བཀུག་པའི་མཛད་པ་འདི་ནི་ངོ་མཚར་ཆེ། །
ཤེས་ལྡན་མི་བུ་སུ་ཞིག་ཡིན་ན་ཞི་བདེའི་མགོན་པོར་འདི་ལྟར་བསྟོད། ། 

མགོན་པོ་གང་ཉིད་ཀྱི་སྐྱབས་འོག་པ་དངོས་དགས་2013, 12,10, དགོང་མོར་དང་བ་ཆེན་པོས་སྦྱར་བའོ། །
---------------------------------------------------------------------------

      གངས་རི་གླིང་གི་ཉི་ཟེར།
         
                                       –•བཙན་རུས།

བཙན་པོ་བཞུད་པའི་མྱ་ངན་ཐང་དཀྱིལ་དུ།།
སྲིད་པའི་ཀློང་ནས་ཉི་འོད་མ་ཤར་ཡང་།།
རྒྱ་ཕིབས་མུན་པས་བསྒྲུབས་པའི་བར་གསེང་ནས།།
ཞི་བདེའི་ཆར་ཟིམ་བབས་པའི་གཏམ་རྒྱུད་བྱུང་།།

གངས་རི་གླིང་ཕྲན་མེ་ཡིས་སྲེགས་ཤུལ་དུ།།
གདོང་དམར་རིགས་ཀྱི་རུས་རྐང་མཐོར་ན་ཡང་།།
མཐེབ་བོང་གནམ་ལ་རེ་བའི་མིག་ཆུའི་ཁྲོད།།
མེས་པོའི་ཁྲག་རྒྱུན་གསེབ་ནས་ཞི་བའི་གཏམ།།

རྟེན་འབྱུང་བསླུ་བ་མེད་ཅན་སྟོན་པ་པོ།།
ས་འཛིན་གཞིས་སུ་མ་འཛིན་ཕེབས་རྗེས་ལ།།
བསྟན་པ་ཆུ་བོ་རྒྱུན་སྐྱོང་གསོ་བའི་མགོན།།
གོ་ལའི་གཞི་ཁྱིམ་འདི་ལ་གསར་དུ་བཞད།།

ལྐོག་གྱུར་སྲིད་ཀྱིས་རྒྱལ་ཕམ་གླེང་བ་ནས།།
མི་ཆོས་འཚོ་བའི་གནད་ཀྱི་བྱ་བ་བཅས།།
འཚེ་མེད་སེམས་པའི་ལམ་གྱི་གཞུང་ཤིང་དུ།།
གང་གི་ཐུགས་ཀྱིས་སྐྱོང་མཛད་ཞི་བའི་དཔོན།།

དེ་ལྟར་ཐུགས་ཀྱི་དྲོ་འཇམ་ཉི་འོད་ཀྱིས།།
སྲིད་པའི་གླིང་འདིའི་མི་ཡི་རིགས་ཅན་ལ།།
ཟེར་མ་བློ་ཡིས་གསེབ་ཏུ་སྟེར་བས་ན།།
མགོན་པོ་གང་ནི་ཞི་བདེའི་དེད་དཔོན་འོ།།

ངེས་རྟེན་གཞི་ཁྱིམ་བྲལ་བའི་ཡུལ་གྱལ་ངས།།
ཞི་བའི་དེད་དཔོན་མཚོན་པའི་གཟུ་དཔང་ཉིན།།
དགའ་གུས་གཟུགས་ཅན་མིན་པའི་འདུན་པ་ཡིས།།
གང་ཉིད་སྐུ་ཚེ་རྟེན་པའི་སྨོན་ལམ་འདེབས།།

  ༢༠༡༤-༡༢-༨ ཉིན།
-----------------------------------------------------------------

    སྙན་ངག་གི་མཆོད་པ། ཞི་བདེ་གཟེངས་རྟགས་ལ་ཕུལ།

                                            –•འཇའ་ཐང་འབྲོག་བུ།

རྣམ་སྲས་བང་མཛོད་ཀྱི་སྡེའུ་མིག་དགྲ་བོས་ཁྱེར་སོང་། །
ཕོ་བྲང་དམར་པོ་ཡི་མཁར་རྫོང་སྒྱོགས་ཀྱིས་གཏོར་སོང་། །
བཙན་པོའི་གདུང་རྒྱུད་ཀྱི་སྤོབས་པར་བར་ཆད་གཡབ་དུས། །
གངས་དཀར་རྭ་བ་ཡི་རྐང་རྗེས་རྗེན་པ་རྗེན་རྐྱང་། །

བྱམས་བརྩེ་དཀྱེལ་ཡངས་ཀྱི་བསམ་པས་འཛུམ་ཞལ་གྲོལ་སོང་། །
གཞན་ཕན་མཐའ་མེད་ཀྱི་ནུས་པས་དགོད་སྒྲ་ཤོར་སོང་། །
འཛམ་གླིང་ཞི་བདེ་ཡི་འགན་འཁྲི་ཕྲག་པར་ལེན་དུས། །
ཐལ་མོ་ཙོག་ཙོག་གི་ཕྱག་རྒྱ་དྲོན་པོ་དྲོ་རྐྱང་། །

བཙན་གནོན་ང་གཅིག་གི་གྲོས་དོན་རྫུན་པར་བསྒྲགས་སོང་། །
བཅིང་གྲོལ་དམར་དམག་གི་གསང་བའི་རྒྱབ་འདུན་བཏོར་སོང་། །
བདེན་དོན་རྒྱལ་ཁམས་དང་རྒྱལ་ཁམས་ལྷན་དུ་བརྡར་དུས། །
རང་བཙན་གཙང་མ་ཡི་རྒྱབ་ཤ་དཀར་པོ་དཀར་རྐྱང་། །

ཀུན་ཁྱབ་ལྷག་བསམ་གྱི་དཔུང་བས་བྱས་རྗེས་བཞག་སོང་། །
ཐ་དད་མི་རིགས་ཀྱི་འདྲ་མཉམ་བདག་གིར་བཞེས་སོང་། །
ནོར་སྦེལ་གཟེངས་རྟགས་ཀྱི་ཆེ་བ་མགུལ་རྒྱན་སྒྲོན་དུས། 
ཞི་བདེའི་དེད་དཔོན་གྱི་མཚན་སྙན་བདེན་པ་བདེན་རྐྱང་། །

ལྟ་བ་མཐའ་བྲལ་གྱི་རྟེན་འབྱུང་རང་གཤིས་རྟོགས་སོང་། །
སྤྱོད་པ་འཚེ་མེད་ཀྱི་བྱ་བས་ཉིན་མཚན་བདས་སོང་། །
འཁོར་ཚོགས་རྒྱ་མཚོ་ཡི་དབུས་ནས་དམ་ཆོས་འཆད་དུས། །
མ་བཅོས་སྤྱན་ཟུང་གི་འདབ་མ་རློན་པ་རློན་རྐྱང་། །

རྒྱལ་པོའི་ལམ་ལུགས་ཀྱི་སྲིད་ཇུས་མགོ་གཞུག་སློག་སོང་། །
ཡང་དག་དམངས་གཙོ་ཡི་སྒོ་མོ་དལ་གྱིས་ཕྱེས་སོང་། །
དགའ་ལྡན་ཕོ་བྲང་གི་མིང་བྱང་གཤག་བཅོས་གཏོང་དུས། །
དེང་རབས་ཆབ་སྲིད་ཀྱི་ལམ་སྲོལ་གསར་བ་གསར་རྐྱང་། །

ཕྱོགས་རིས་ཆོས་བརྒྱད་ཀྱི་འཆིང་བའི་མདུད་པ་བཀྲོལ་སོང་། །
སྣ་ཚོགས་ཞྭ་རིགས་ཀྱི་མཛེས་རྒྱན་དབུ་ལ་བསྒྲོན་སོང་། །
མ་འདྲེས་སྙིང་རྗེ་ཡི་ལེགས་བཤད་ཀུན་ལ་འགྲེམ་དུས། །
གྲངས་མེད་འགྲོ་ཁམས་ཀྱི་མོས་ངོར་གཅིག་པ་གཅིག་རྐྱང་། །

སྤྱི་ལོ༢༠༡༤ཟླ༡༢ཚེས༩ཉིན་སང་ཉིན་གྱི་འཛམ་གླིང་ཞི་བདེའི་དུས་དྲན་ལ་དམིགས་ཏེ་མེའི་སོར་འགྲུལ་བཞུད་ཀྱི་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་བྲིས།
-----------------------------------------------------------------

    གངས་ཅན་པའི་ཁ་བསོད་ཉིན།

                                                 –•གངས་བཙན་པོ།

ངོ་མཚར་གསར་པའི་དགའ་སྟོན་དེ་རིང་བསུ།།
ཞི་བདེ་སྣང་བ་དཀར་པོའི་ངང་ཚུལ་འདིས།།
རྒྱལ་ཕྲན་གླིང་བཞིར་འགྲོ་བའི་དོན་དུ་བྱོན།།
གོ་ལ་ཟླུམ་པོའི་སྟེང་ན་ཁྱེད་ཉིད་རྒྱལ།།

ས་ཆེན་རྐང་པའི་འཇལ་ཀྱང་སྲིད་པ་འཕེལ།།
ལུས་ཀྱི་དར་རྒུད་གཡོ་བའི་འཇིག་རྟེན་འདིར།།
སྙིགས་མའི་དུས་ཀྱི་འཛུམ་དྲུག་ཤོར་ལ་ཁད།།
བསིལ་ལྡན་ལྗོངས་ཀྱི་ཉི་མ་ཁྱེད་ཉིད་རྒྱལ།།

ཡུལ་ཁམས་སྐྱོངས་བའི་ང་ཕོ་ཡོད་ནའང་།།
རང་དབང་བདེན་པའི་ལམ་ཁར་བསྐྱོད་མཁན་དཀོན།།
ལོ་རྒྱུས་ཁྲག་གི་དཀྲུགས་པའི་མུན་པའི་གླིང་།།
མཐའ་མཚམས་འདི་ན་ཁྱེད་ཉིད་ཞི་བའི་རྒྱལ།།

གནས་ལུགས་རྟོགས་པའི་ཅ་ཅོ་འདོན་མཁན་མང་།།
དུས་ཀྱི་འགྱུར་བག་གནས་ལ་རྨོངས་བས་ན།།
འཚེ་མེད་ཞི་བའི་རིན་ཐང་མི་རྟོགས་ཨང་།།
མཁས་མཛངས་འབུམ་གྱི་དབུས་ན་ཁྱེད་ཉིད་རྒྱལ།།

གྲང་ངར་ལྕགས་སྒྲོག་སྲ་བའི་ལུས་གཡོགས་ཀྱང་།།
གངས་ཅན་རྒུད་པའི་རེ་བའི་དུས་འདའ་བར།།
ས་འོག་དར་ཐག་འཐེན་པའི་གནས་འདི་ན།།
གཞུང་ཤིང་དྲང་བའི་ནང་ན་ཁྱེད་ཉིད་རྒྱལ།།

ལ་ལ་ཤེས་བྱའི་གནས་ལ་མཁས་ཀྱང་རུང་།།
གཞན་ཕན་སེམས་ཀྱི་རྩ་བ་མེ་རུ་བསྲེགས།།
ངག་གི་རྩེ་དགའ་རོལ་བའི་འཛམ་གླིང་འདིར།།
སྣ་འཛོམས་གཟེངས་རྟགས་ཕུལ་བ་ཁྱེད་ཉིད་རྒྱལ།།

བརྩེ་བའི་བྱམས་པས་བསྐྱངས་པའི་སྲོག་ལྡན་དང་།།
དེང་རབས་འཕྲུལ་ཆས་གསར་བའི་འཇོ་སྒེག་གཉིས།།
ཚུལ་མཐུན་ལས་ལ་སྦྱར་བ་ངོ་མཚར་གནས།།
ཀྱེ་མ་ཞིང་འདིར་གཟིགས་མཁན་ཁྱེད་ཉིད་རྒྱལ།།

འདས་པའི་ལོ་ཟླ་དཀའ་སྡུག་ངང་གིས་བསུ།།
ཐོར་ཞིག་མི་རིགས་ཤིག་གི་དར་རྒུད་བསམ།།
སྤྲང་འཁྱམས་མི་ཚེ་ཞིག་གི་སྐྱོ་གུར་འོག།
རྒྱུས་མེད་ཡུལ་དུ་ཁྱེད་ཉིད་བདེན་པའི་རྒྱལ།།

མཐོན་པོའི་དཔུང་ལ་བཙན་པོའི་རྗེས་ཡོད་པས།།
རུས་པ་ས་ལ་འཐིམས་པའི་ལོ་རྒྱུས་མང་།།
ཞེན་ཆགས་གནས་སུ་འཕེལ་བའི་རྨི་ལམ་ཁམས།།
བསམ་གཞིགས་ཁྲོད་ན་གདམས་པ་ཁྱེད་ཉིད་རྒྱལ།།

དེ་རིང་བཀྲ་ཤིས་ཉི་མ་འོད་ཀྱིས་བསུས།།
ཁ་བ་གངས་ཅན་པ་ཡི་དགའ་སྟོན་ཡོད།།
འཛམ་གླིང་ཞི་བདེ་ནང་ནས་ཁྱད་མཚར་ཅན།།
ལྷ་མོ་དོན་གྲུབ་ཁྱེད་ཉིད་ཕྱོགས་བཅུར་རྒྱལ།།

  ༸གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་གྲངས་ཉེར་ལྔ་འཁོར་བའི་དུས་སྟོན་འདིར་ཆེད་དུ་སྤེལ།   ༢༠༡༤/༡༢/༡༠ཉིན་ཕུལ།
---------------------------------------------------------------                  


    བསྟོད་ཚིག་དད་པའི་མེ་ལོང་།     
                                            –•བློ་གཡང་

སྐུ་ཡི་མཚན་དཔེའི་འཛམ་གླིང་ཡོངས་སུ་ཁྱབ།།
གསུང་གི་བདུད་རྩིས་གདུལ་བྱའི་ཤེས་རྒྱུད་བརླན།།
ཐུགས་ཀྱི་བརྩེ་བའི་སྐྱེས་འགྲོ་བདེ་ལ་འགོད།།
ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོར་འདུད།།

སྤྱི་ན་བདག་ཅག་སྟོན་པའི་བསྟན་པ་དང་།།
བྱེ་བྲག་འཇམ་མགོན་བླ་མའི་བསྟན་པ་དེར།།
དཀའ་བ་ཁྱད་གསོད་ངལ་བ་དང་བླངས་ཏེ།།
འཛིན་མཁས་སྤེལ་ལ་ཟླ་བྲའི་མགོན་པོར་འདུད།།

སྤྱོད་པ་འཚེ་མེད་ལྟ་བ་རྟེན་འབྱུང་ཞེས།།
ཐ་སྙད་སྲོལ་གཏོད་ཞི་བདེའི་ལམ་སྟོན་པོ།།
འཛམ་གླིང་ཞི་བདེ་བསྐྲུན་ལ་ངལ་མ་གྱུར།།
ཞི་བདེའི་དེད་དཔོན་ཆེན་པོ་ཁྱེད་ལ་འདུད།།

ཡང་སྒོས་ཁ་བ་ཅན་གྱི་ལྗོངས་འདི་ལ།།
ཤིན་ཏུ་བརྩེ་བའི་བོད་མི་སྐྱབས་གཅིག་ཉིད།།
ཐུགས་རྗེས་གཟིགས་ཤིང་ཡལ་བར་འདོར་མྱོང་མེད།།
བཀའ་དྲིན་གཞལ་མཐའ་བྲལ་བའི་མགོན་པོར་འདུད།།

རང་ཡུལ་གངས་ཅན་ལྗོངས་དང་ཞལ་བྲལ་ཏེ།།
རྒྱུས་མེད་གཞན་ཡུལ་ཕེབས་དགོས་བྱུང་ན་ཡང་།།
བསྟན་དགྲ་རྒྱ་མིའི་ཐོག་ཏུ་ཁོང་ཁྲོའི་ཚབ།།
བྱམས་དང་སྙིང་རྗེ་སྒོམ་པོ་ཁྱེད་ལ་འདུད།།

གཞན་ཡུལ་ཕེབས་ཏེ་བགྲང་བྱ་ང་ལྔ་སོང་།།
རྐྱེན་ངན་གྲོགས་འཆར་བརྗོད་པ་མ་རུང་ནའང་།།
འཛམ་གླིང་ཀུན་ལ་ཏཱ་ལའི་བླ་མ་ཞེས།།
ཡོངས་སུ་གྲགས་པའི་མགོན་པོ་ཁྱེད་ལ་འདུད།།

མདོར་ན་༧སྐྱབས་མགོན་ཏཱ་ལའི་བླ་མ་ཡིས།།
ཞི་བདེའི་གཟེགས་རྟགས་བཞེས་པའི་དུས་དྲན་ལ།།
གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་བྱས་ཏེ།།
སྐུ་ཚེ་ཁྲི་ཕྲག་བརྟན་པའི་སྨོན་འདུན་ཞུ།།

མཛད་པ་ཆ་ཤས་ཙམ་ཞིག་བྲིས་ཁུལ་བྱས།།
གསོན་འོས་སྙན་པོའི་དབྱངས་དང་མ་འདྲེས་ཀྱང་།།
བློ་དམན་བུ་ཆུང་བློ་གཡང་བདག་གིས་ནི།།
བླ་མ་དྲན་པའི་གདུང་བ་ངག་ནས་ཤོར།།

ཕྱི་ལོ ༢༠༡༤/༡༢/༡༠ ཉིན་མགོན་པོ་ཁྱེད་ཀྱི་སློབ་གྲལ་དུ་འཁོད་པའི་ཐ་ཤལ་བ་བློ་གཡང་ནས།
-----------------------------------------------------------------

བདག་གི་མཆོད་པ། ཉེར་ལྔ་ལ་ཕུལ།
                                                 –•སྲོང་བཙན།

བྱིན་བསིར་ཆབ་ཀྱིས་གླང་པའི་རང་གཤིས་བརླན།།
མཚན་དཔེ་ཉི་གཞོན་ཟེར་བརྒྱས་སྨག་རིབ་འདེེད།།
དཀྱེལ་ཡངས་ས་ཆེན་དེས་ནི་དྲོད་ཀྱིས་སྐྱོང་།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཁྱེན།།

རྟེན་འབྱུང་སྙན་དབྱངས་རིང་མོ་འགུལ་དུ་བླངས།།
འཚེ་མེད་སྲབ་འཇམ་དར་ཡུག་ཕྱག་ཏུ་བཞེས།།
བྱམས་བརྩེ་ཀུན་མཉམ་འཛུམ་མུར་ཞལ་ནས་འཕྲོས།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཁྱེན།།

གཟེངས་པ་མེ་ཏོག་ཕྲེང་བ་སྣ་ཚོགས་མོད།།
ཞབས་རྡུལ་སྤྱི་བོས་བླངས་པའི་ཟློས་གར་མཚར།།
ཕྱོགས་བཞི་ས་ཆེན་འགྲིམས་པའི་སེམས་པ་ཆེ།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཁྱེན།།

རང་སྲོག་དམར་ཆུང་མཆོད་ལ་མི་འཛེམ་པར།།
རང་ལུས་སྡོང་རྐང་འཛུགས་པའི་བོད་འབངས་ཚོས།།
ཟུང་ཁྲག་སྒྲོན་མེར་སྤར་ནས་སྐྱབས་ཞུ་བའི།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཁྱེན།།
༢༠༡༤/༡༢/༩ མེ་སོར་གྲོང་ཁྱེར་ནས།

2014/12/05

གཞས་ཚིག་ཚོམ་བུ།——སྲོང་བཙན་གྱི་གཞས་ཚིག་ཚོམ་བུ།


མ་ཡུལ་བོད། 

 (གཞས་ཚིག)    ––•སྲོང་བཙན།

སྔོ་ཞིང་དྭངས་པའི་ནམ་མཁའ་འདི། ང་ཚོ་བོད་ཀྱི་མཁའ་དབྱིངས་རེད། དྭངས་གཙང་ནམ་མཁའ། ང་ཚོའི་མེས་པོ་ཚོས་ནམ་འཕང་གཅད་ས་རེད། ནམ་མཁའ་ཡ། ང་ཚོ་བོད་ཀྱི་མཁའ་དབྱིངས།
 མཐོ་ཞིང་བརྗིད་པའི་གངས་རི་འདི། ང་ཚོ་བོད་ཀྱི་གངས་རི་རེད། ཇོ་མོ་གླང་མ། ང་ཚོའི་མེས་པོ་ཚོས་རྒྱབ་རྟེན་བཅོལ་ས་རེད། གངས་རི་ཡ། ང་ཚོ་བོད་ཀྱི་གངས་རི།

རྒྱུག་ཅིང་འབབ་པའི་ཆུ་བོ་འདི། ང་ཚོ་བོད་ཀྱི་ཆུ་བོ་རེད། གསེར་ལྡན་རྨ་ཆུ། ང་ཚོའི་མེས་པོ་ཚོས་དཔའ་སྟོབས་ངོམ་ས་རེད། རྨ་ཆུ་ཡ། ང་ཚོ་བོད་ཀྱི་འབབ་ཆུ།
བཙན་ཞིང་དམར་བའི་ཕོ་བྲང་འདི། ང་ཚོ་བོད་ཀྱི་ཕོ་བྲང་རེད། ཕོ་བྲང་དམར་པོ། ང་ཚོ་མེས་པོ་ཚོས་རྒྱལ་ཕྲན་འགུག་ས་རེད།
ཕོ་བྲང་ཡ། ང་ཚོ་བོད་ཀྱི་ཕོ་བྲང་།

དཔའ་ཞིང་ངར་བའི་མི་རིགས་འདི། ང་ཚོ་བོད་ཀྱི་མི་རིགས་རེད། བཙན་པའི་མི་རིགས། ང་ཚོའི་མེས་པོ་ཚོས་ཕྱི་མིག་ལྟ་ས་རེད། མི་རིགས་ཡ། ང་ཚོ་བོད་ཀྱི་མི་རིགས།
དམ་ཞིང་གཙང་བའི་མཐུན་སྒྲིལ་འདི། ང་ཚོ་བོད་ཀྱི་མཐུན་སྒྲིལ་རེད། སྤུན་ཟླ་མཐུན་སྒྲིལ། ང་ཚོའི་མེས་པོ་ཚོས་ཁུ་ཚུར་སྒྲིམ་ས་རེེད། མཐུན་སྒྲིལ་ཡ། ང་ཚོ་བོད་ཀྱི་མཐུན་སྒྲིལ།
–––––––––––––––––––––––––––––––––––––––––––––
2014-12-6

ཕ་ཡུལ་དཀར་མཛེས།

གཞས་ཚིག -•སྲོང་བཙན།

སྤྲིན་པ་ལང་ལོང་འཕྱུར་བ། ཨ་སྔོན་སྔོ་ཞིང་དྭངས་བ། ཁྲི་གདུག་ཉི་མ་སེར་པོ། ནམ་མཁའ་དྭངས་གཙང་འདི་ནི། ང་ཡི་ཕ་ཡུལ་དཀར་མཛེས། ཕ་ཡུལ་དཀར་མཛེས།
སྨུག་པ་སིབ་སིབ་འཐིབ་པ། གངས་རི་མཐོ་ཞིང་བརྗིད་པ། སྤུན་གསུམ་ཁ་བ་ལོ་རིང་། རི་ལུང་མཛེས་པོ་འདི་ནི། ང་ཡི་ཕ་ཡུལ་དཀར་མཛེས། ཕ་ཡུལ་དཀར་མཛེས།

སྙེམ་མ་ལྡེམ་ལྡེམ་གཡོ་བ། རྩ་ཐང་ལྗང་ཞིང་ནེམ་པ། སྟོན་ཐོག་འབྲི་རིགས་སྣ་ལྔ་། ས་གཞི་ཕྱུག་པོ་འདི་ནི། ང་ཡི་ཕ་ཡུལ་དཀར་མཛེས། ཕ་ཡུལ་དཀར་མཛེས།
དགོད་སྒྲ་ལྷང་ལྷང་སྒྲོག་པ། སྐྱེས་ཕོ་དཔའ་རྩལ་འཛོམས་པ། བུ་མོ་སྐྱེས་གཟུགས་ཡག་པོ། མི་བཟང་གཤིས་བཟང་འདི་ནི། ང་ཡི་ཕ་ཡུལ་དཀར་མཛེས། ཕ་ཡུལ་དཀར་མཛེས།
2014-12-6

2014/12/03

བོད་བཞུགས་དགེ་རྒན་ཆེན་མོ་ཞིག་གི་མིག་ནང་གི་དགེ་ལུགས་རྒྱུགས་སྤྲོད་ཀྱི་དྲི་ཤོག

དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ལོ་རྒྱུས་ཀྱི་རྒྱུགས་ཤོག་མཐོང་བའི་འཆར་སྣང་།


དགེ་རྒན་ཞིག་ཡིན་ཚེ་སློབ་ཁྲིད་ལས་གཞན་པའི་ལས་ཀ་གལ་བོ་ཆེ་ནི་ཕལ་ཆེར་རྒྱུགས་ཤོག་དང་མ་བྲལ་ཞིང་འབྲལ་དུ་མེད་དེ། ལན་རེར་རང་ཉིད་ཀྱིས་རྒྱུགས་སྤྲོད་དགོས་ལ་ལན་རེར་རྒྱུགས་གཞི་འདོན་དགོས། ཡང་ལན་རེར་རྒྱུགས་རྟོག་པ་དང་རྒྱུགས་དཔྱད་པའི་ཆ་བྱད་ཀྱང་སྤྲོ་དགོས། ཁོ་བོ་ཡང་རང་ལོ་བདུན་གྱི་སྟེང་ནས་བཞི་བཅུར་སོན་པའི་བར་དུ་རྒྱུགས་ཀྱི་ཐེམ་པ་རེ་རེ་བརྒལ་བཞིན་འོངས་པ་ཡིན་ཏེ། བཤུལ་ལམ་འདི་ལས་རྒྱུགས་སྐར་དགའ་ཤོས་བླངས་མྱོང་ལ་སྡུག་ཤོས་ཀྱང་བླངས་མྱོང་། རྒྱུགས་འདོན་མཁན་ལ་འཁང་ར་བྱས་མྱོང་ཞིང་སྤྲོད་མཁན་རང་ཉིད་ལ་ལེ་བདའ་ཡང་བྱས་མྱོང་།

རྒྱུགས་ཞེས་པའི་ལས་ཀ་འདིས་སློབ་གྲྭ་འགྲིམ་མཁན་དག་གི་མི་ཚེར་དགའ་སྐྱོ་ཆགས་སྡང་གི་རི་མོ་བརྗེད་དུ་མེད་པ་གང་མང་ཞིག་བྲིས་ཡོད་ཅིང་། རྒྱུགས་སྤྲོད་ཐེངས་གཅིག་གིས་འབྱུང་འགྱུར་གྱི་མི་ཚེའི་འདུན་མ་ཐག་གཅོད་པར་བྱེད་ཀྱང་སྲིད་པས། ལས་ཀ་འདི་ནི་རྒྱུན་ལྡན་གྱི་ལས་ཀ་ཞིག་མིན་པ་གསལ་བཤད་བགྱིས་ཡོད་དོ། །
དེའི་དབང་གིས་འཛམ་བུ་གླིང་གི་སློབ་གྲྭ་སོ་སོར་རྒྱུགས་སྤྲོད་ལེན་གྱི་བྱ་བར་ཤིན་ཏུ་མཐོང་ཆེན་བྱེད་པ་ཡིན་ཏེ། ལྷག་པར་རྒྱུགས་ལེན་གྱི་ལས་ཀའི་ལྷུ་ལག་ཏུ་གྱུར་པ་རྒྱུགས་ཤོག་འདོན་པའི་བྱ་བར་དེ་བས་ཀྱང་དམ་ནན་བྱེད་པ་ཡིན། དེ་ལ་རྒྱུགས་ཤོག་སུ་ཞིག་གིས་འདོན་པ་དང་། གནས་གང་དུ་འདོན་པ། དུས་ནམ་ཚོད་འདོན་པ། ཁྱབ་ཁོངས་གང་ནས་འདོན་པ། སྦ་གསང་གི་ཐབས་ལམ་ག་འདྲར་བྱེད་པ་སོགས་བྱ་བའི་འགྲོས་རིམ་མང་པོ་ཞིག་གྲ་འགྲིག་སྤུས་དག་དགོས་ངེས་ཡིན། དེ་བཞིན་རྒྱལ་ནང་གི་རྒྱུགས་ལེན་གྱི་རིམ་པ་མང་པོའི་ཁྲོད་ནས་མཐོ་རྒྱུགས་ནི་གྲགས་འགུལ་ཤིན་ཏུ་ཆེ་བ་ཞིག་སྟེ། སྐབས་དེར་ཁྱིམ་བདག་དང་སློབ་མ་རྣམས་གཉིད་མི་འོང་བའི་དུས་རིམ་ཞིག་ཡིན་པ་མ་ཟད། དགེ་རྒན་དང་ཆེད་མཁས་ཚོས་ཀྱང་ལོ་དུ་མའི་རྒྱུགས་ཤོག་གུང་བསྒྲིགས་ནས་དྲི་བར་ཚོད་དཔག་བྱེད་པ་སོགས་ཁོམ་ལོང་ཡེ་ནས་མེད་པའི་དུས་ཤིག་ཡིན། ཁོ་བོ་ཡང་མཐོ་རྒྱུགས་ལ་ཞུགས་མྱོང་བ་མ་ཟད་ཉེ་བའི་ལོ་འགའི་ནང་ལ་ལན་དུ་མར་མཐོ་རྒྱུགས་ཀྱི་རྒྱུགས་དཔྱད་པའི་གྲས་སུ་ཡང་ཞུགས་མྱོང་། མཐོ་རྒྱུགས་ལ་མཚོན་ན་བོད་སྐད་ཡིག་གི་རྒྱུགས་ཤོག་མ་གཏོགས་ལོ་རྒྱུས་དང་ཆབ་སྲིད་ལ་སོགས་པའི་བསླབ་ཚན་གཞན་དག་ནི་རྒྱའི་ཆེད་མཁས་པ་དག་གིས་བཏོན་པ་བོད་ཡིག་ཏུ་བསྒྱུར་ནས་ཐོན་པ་ཡིན་ལ། དེར་ལན་ཡང་རྒྱ་བོད་ཡིག་རིགས་གཉིས་གང་བདེས་བྲིས་ཆོག་པ་ཡོད། བསླབ་ཚན་དེ་དག་གི་རྒྱུགས་གཞིའི་རྣམ་པ་དང་ནང་དོན་རྣམས་ཕྱོགས་གང་ཐད་ནས་རྒྱུགས་སྤྲོད་མཁན་གྱི་སློབ་མའི་བློ་ཁ་དང་འཚམ་ཞིང་། ཡུལ་དུས་ཀྱི་ཁྱད་ཆོས་ཐོན་པ། ཁ་གསལ་བ་སོགས་དགེ་མཚན་བརྗོད་ཀྱིས་མི་ལང་བ་ཡོད་དེ། དེ་བཞིན་ཡིག་ནོར་མཆིས་པ་དང་བརྡ་ཆད་མ་ངེས་པ། རྗོད་པ་མི་བདེ་བ་སོགས་རྒྱུགས་གཞི་སྐྱོན་ཅན་ཡན་ལག་ཉིང་ལག་ཉམས་པ་མི་མཛེས་པ་ཞིག་མཐོང་དུ་མེད། ངེད་ལ་མཚོན་ན་རྒྱུགས་འབྲས་དཔྱད་འཇོག་གི་རིམ་པ་དེ་ནི་རྒྱུགས་ཤོག་རོལ་མྱོང་གི་རིམ་པ་ཞིག་ཡིན་ལ། དེ་ལས་རྒྱུགས་གཞི་འདོན་མཁན་དང་ལན་འདེབས་མཁན་གཉིས་ཀྱི་ཤེས་རབ་ཀྱི་རྩལ་ཡོངས་སུ་མཐོང་ནུས་པ་མ་ཟད། རང་ལ་བློ་སྐྱེད་དང་འཆར་སྣང་སྣ་ཚོགས་འབྱུང་བའི་ལས་ཀ་སྤྲོ་སྣང་ཅན་ཞིག་ཀྱང་ཡིན། དེ་བས། འཕགས་ཡུལ་དུ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཟེར་བ་ཞིག་ཡོད་པ་སྔ་མོ་ནས་ཐོས་ཤིང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཟེར་བའི་སྒྲ་བོ་ཆེ་དེ་རྣ་ལམ་དུ་གྲགས་ཐེངས་རེ་རེར་དགའ་བ་དང་བྲེད་ཤ་མཉམ་དུ་ཐོན་པའི་ཚོར་སྣང་ཞིག་རྟག་པར་འབྱུང་། རྒྱུ་མཚན་ནི་དེ་ཉིད་རྒྱུགས་སྤྲོད་ཆེན་མོ་ཞིག་ཡིན་པས་རེད། དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་གདན་ས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་མ་ཟད། རང་ལ་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་ཡོད་ན་ངེས་པར་དགེ་ལུགས་པའི་ཁྲོད་ནས་ཡིན་མ་དགོས་ལ། ཐ་ན་དགེ་འདུན་པ་ཡང་ཡིན་མ་དགོས་པར་ཆོས་བརྒྱུད་དང་སྐྱ་སེར་ལ་དབྱེ་བ་མེད་པར་སུ་ཡང་ཞུགས་ཆོག་པས་ཆེན་མོ་ཟེར་བ་ནི་དོན་དང་ལྡན་པའོ་སྙམ་དུ་བསམ་པ་དང་། དེ་ཉིད་ཆེན་མོ་ཡིན་པའི་རྒྱུ་མཚན་གཞན་ཞིག་ནི་རྒྱུགས་སྤྲོད་བསླབ་ཚན་གྱི་རྣམ་གྲངས་མང་བ་དང་རྒྱུགས་གཞིའི་སྟེང་ན་དྲི་བ་འདོན་ལུགས་རྨད་བྱུང་ངོ་མཚར་ཆེ་བའི་གནད་མང་པོ་ཡོད་དམ་སྙམ་པས་སོ། ། དེར་མ་ཟད་ཡིག་རྒྱུགས་ཀྱི་རིམ་པ་དེ་ཀུན་ལྷ་རམས་དམ་བཅའི་སྔོན་འགྲོ་འམ་རྨང་གཞི་ཡིན་ཞིང་། ཡིག་རྒྱུགས་མ་འཕྲོད་པ་རྣམས་ལ་ལྷ་རམས་དམ་བཅའ་འཇོག་པའི་ཐོབ་ཐང་མེད་པ་འདིས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ནི་དོན་དང་ལྡན་པའི་བོད་པའི་རྒྱུགས་སྤྲོད་ཚད་གཞི་མཐོ་ཤོས་དེ་ཡིན་པ་གསལ་བར་བསྟན་ཏོ། །

2014/12/02

ཕ་ཡུལ་དང་དགུན་ཟླ།










དགུན་འཁྱགས་ལག་པས་ས་གཤིན་དམ་དུ་འཆིང་།།
བཞུན་རྒྱུན་བཙན་པོ་འགུལ་མེད་མལ་དུ་བསྙལ།།
མཐོ་འགྱིང་རི་ཚོམ་གངས་དཀར་རྩམ་པས་གཡོགས།།
ཕ་ཡུལ་སྐྱིད་པོ་ཆབ་རོམ་སྦུབས་ན་ཚུད།།

ལྗོན་པའི་འདབ་ལོ་སྟོང་ལྡན་ཁྲ་ཆིམ་བཞད།།
གྲུ་བཞི་ཞིང་སར་སྟོན་ཐོག་གཡོར་ཞིང་ལྡེང་།།
རི་སུལ་སྟེབས་མར་སྔོ་ལྗང་ཚོས་ཀྱིས་བྲིས།།
དགུན་ལྷགས་སྔུན་ན་སྐྱོ་བའི་ཁ་རུ་བསྟབས།། 

སྐྲ་ཕོན་དམར་དཀྲིས་ཕོ་ཉམས་སྟོབས་ཀྱིས་བརྗིད།།
ཁུར་ཚོས་མདོག་དམར་ཉམ་ཆུང་འཛུམ་གྱིས་བཀོང་།།
ཕོ་རྒོད་མཛེས་མའི་རང་ཆོས་མེ་ཏོག་ཆུན།།
ནམ་ཟླ་འཁྱགས་པའི་དཔང་ན་ཁ་སོ་བརྡབ།།

རྩིགས་ཁུག་རྒྱབ་སྙེ་ཉི་ལྡེང་རྒས་པོ་ཁྱུ།།
གཉེར་རིས་བསྡུས་པའི་མི་འདོད་རྣམ་འགྱུར་འབུར།།
བྱིས་ཆུང་ལག་རེངས་ཁ་རླངས་དྲོད་ཀྱིས་གསོས།།
དཔྱིད་ལ་རེ་བའི་མིག་ཟུང་རྒྱོང་ལ་སྲིངས།།
-----------
2014-12-3

2014/12/01

བསླུ་བྲིད།

                                       —•ལྕོག་གནའ་མྱི།

རི་བོའི་གཉའ་ན་འོད་ཀྱི་སྣེ་མོ་ཟུག།
འོད་ཀྱི་ལམ་ན་སྒྱུ་མའི་སྣང་བརྙན་ཕབ།།
དབང་པོ་གཞུ་ཡི་མདའ་ཁ་བཙན་པོ་དེ།།
ཟུར་གསུམ་སྙིང་ཁར་འདར་ཙམ་འདར་ཙམ་བྱེད།།

རང་སེམས་མ་ཀློད་རྐང་རྩྭ་ཡོངས་སུ་སྒྲིལ།།
གོམ་ཆེན་ཞིག་གིས་རི་ལུང་དུམ་བུར་བྱས།།
རྩེ་ལ་སྙེགས་དུས་ཁྱེད་ནི་འདབས་ནས་དགོད།།
ལག་ཟུང་འཕྱར་ཀྱང་ནམ་མཁའི་སྟོང་ལ་རེག།

དབུགས་རིང་ཞིག་གིས་མགོ་བོ་ས་ལ་འཐེན།།
ལག་ཆུང་མཉམ་མོས་ས་གཞིའི་བྲང་ལ་སྣུན།།
མིག་ལ་ཅེར་བའི་མཆི་མ་རྡོག་པོ་དེ།།
རྩྭ་ངོས་ཆགས་པའི་ཟིལ་བ་ཙམ་ཞིག་མིན།།

རི་བོ་ཕྲག་ཏུ་འབབ་པའི་སྣང་བ་ཞིག།
ས་གཞི་ཐོལ་གྱིས་འགུལ་བའི་སྐྲག་སྣང་ཞིག།
གནམ་ས་དྲག་ཏུ་སྐྱོམ་པའི་ཕ་རོལ་ན།།
ཁྱེད་རང་རླུང་བཞིན་ཡང་བ་སུ་ཡིས་ཤེས།།

ཚུགས་ཤོར་གྱང་ལ་བརྟེན་པའི་འཇག་མ་དེ།།
མི་ཁའི་རླུང་འཚུབ་ངར་མའི་རྗེས་ལ་སྙེགས།།
མི་བརྟན་ཆུ་ལ་མངོན་པའི་རླབས་རིས་ཤིག།
མདོ་མེད་ཁྱེད་ཀྱིས་བྱིན་པའི་སྣང་བརྙན་ཙམ།།

སྣང་གསལ་མར་མེ་ཞིག་གི་གཟིམ་ཁ་ནས།།
རེ་བའི་རྟ་ལྗང་གཟའ་ཡིས་བཟུང་ལ་ཁད།།
བློ་རྩེ་མུན་པར་གཏད་པའི་མུ་ཏོ་བ།།
མི་འདོད་གྲོད་ཁོག་བརྡུང་བའི་ཆོ་ངེ་ཆེ།།

ཅི་ཙམ་ཟབ་ཀྱང་དེ་བས་ལྐོག་གྱུར་ཅིག།
སྒྲོན་ངོར་བཟེད་པའི་གྲིབ་མའི་རྒྱབ་ན་མངོན།།
ཐམས་ཅན་འབག་གིས་བརྫིས་པའི་ཚུགས་ཀ་ནས།།
བཅོས་མའི་འཛུམ་ཆུང་འདི་ལའང་ཧམ་སེམས་ཤིག།

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...