བོད་བཞུགས་དགེ་རྒན་ཆེན་མོ་ཞིག་གི་མིག་ནང་གི་དགེ་ལུགས་རྒྱུགས་སྤྲོད་ཀྱི་དྲི་ཤོག
དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ལོ་རྒྱུས་ཀྱི་རྒྱུགས་ཤོག་མཐོང་བའི་འཆར་སྣང་།
དགེ་རྒན་ཞིག་ཡིན་ཚེ་སློབ་ཁྲིད་ལས་གཞན་པའི་ལས་ཀ་གལ་བོ་ཆེ་ནི་ཕལ་ཆེར་རྒྱུགས་ཤོག་དང་མ་བྲལ་ཞིང་འབྲལ་དུ་མེད་དེ། ལན་རེར་རང་ཉིད་ཀྱིས་རྒྱུགས་སྤྲོད་དགོས་ལ་ལན་རེར་རྒྱུགས་གཞི་འདོན་དགོས། ཡང་ལན་རེར་རྒྱུགས་རྟོག་པ་དང་རྒྱུགས་དཔྱད་པའི་ཆ་བྱད་ཀྱང་སྤྲོ་དགོས། ཁོ་བོ་ཡང་རང་ལོ་བདུན་གྱི་སྟེང་ནས་བཞི་བཅུར་སོན་པའི་བར་དུ་རྒྱུགས་ཀྱི་ཐེམ་པ་རེ་རེ་བརྒལ་བཞིན་འོངས་པ་ཡིན་ཏེ། བཤུལ་ལམ་འདི་ལས་རྒྱུགས་སྐར་དགའ་ཤོས་བླངས་མྱོང་ལ་སྡུག་ཤོས་ཀྱང་བླངས་མྱོང་། རྒྱུགས་འདོན་མཁན་ལ་འཁང་ར་བྱས་མྱོང་ཞིང་སྤྲོད་མཁན་རང་ཉིད་ལ་ལེ་བདའ་ཡང་བྱས་མྱོང་།
རྒྱུགས་ཞེས་པའི་ལས་ཀ་འདིས་སློབ་གྲྭ་འགྲིམ་མཁན་དག་གི་མི་ཚེར་དགའ་སྐྱོ་ཆགས་སྡང་གི་རི་མོ་བརྗེད་དུ་མེད་པ་གང་མང་ཞིག་བྲིས་ཡོད་ཅིང་། རྒྱུགས་སྤྲོད་ཐེངས་གཅིག་གིས་འབྱུང་འགྱུར་གྱི་མི་ཚེའི་འདུན་མ་ཐག་གཅོད་པར་བྱེད་ཀྱང་སྲིད་པས། ལས་ཀ་འདི་ནི་རྒྱུན་ལྡན་གྱི་ལས་ཀ་ཞིག་མིན་པ་གསལ་བཤད་བགྱིས་ཡོད་དོ། །
དེའི་དབང་གིས་འཛམ་བུ་གླིང་གི་སློབ་གྲྭ་སོ་སོར་རྒྱུགས་སྤྲོད་ལེན་གྱི་བྱ་བར་ཤིན་ཏུ་མཐོང་ཆེན་བྱེད་པ་ཡིན་ཏེ། ལྷག་པར་རྒྱུགས་ལེན་གྱི་ལས་ཀའི་ལྷུ་ལག་ཏུ་གྱུར་པ་རྒྱུགས་ཤོག་འདོན་པའི་བྱ་བར་དེ་བས་ཀྱང་དམ་ནན་བྱེད་པ་ཡིན། དེ་ལ་རྒྱུགས་ཤོག་སུ་ཞིག་གིས་འདོན་པ་དང་། གནས་གང་དུ་འདོན་པ། དུས་ནམ་ཚོད་འདོན་པ། ཁྱབ་ཁོངས་གང་ནས་འདོན་པ། སྦ་གསང་གི་ཐབས་ལམ་ག་འདྲར་བྱེད་པ་སོགས་བྱ་བའི་འགྲོས་རིམ་མང་པོ་ཞིག་གྲ་འགྲིག་སྤུས་དག་དགོས་ངེས་ཡིན། དེ་བཞིན་རྒྱལ་ནང་གི་རྒྱུགས་ལེན་གྱི་རིམ་པ་མང་པོའི་ཁྲོད་ནས་མཐོ་རྒྱུགས་ནི་གྲགས་འགུལ་ཤིན་ཏུ་ཆེ་བ་ཞིག་སྟེ། སྐབས་དེར་ཁྱིམ་བདག་དང་སློབ་མ་རྣམས་གཉིད་མི་འོང་བའི་དུས་རིམ་ཞིག་ཡིན་པ་མ་ཟད། དགེ་རྒན་དང་ཆེད་མཁས་ཚོས་ཀྱང་ལོ་དུ་མའི་རྒྱུགས་ཤོག་གུང་བསྒྲིགས་ནས་དྲི་བར་ཚོད་དཔག་བྱེད་པ་སོགས་ཁོམ་ལོང་ཡེ་ནས་མེད་པའི་དུས་ཤིག་ཡིན། ཁོ་བོ་ཡང་མཐོ་རྒྱུགས་ལ་ཞུགས་མྱོང་བ་མ་ཟད་ཉེ་བའི་ལོ་འགའི་ནང་ལ་ལན་དུ་མར་མཐོ་རྒྱུགས་ཀྱི་རྒྱུགས་དཔྱད་པའི་གྲས་སུ་ཡང་ཞུགས་མྱོང་། མཐོ་རྒྱུགས་ལ་མཚོན་ན་བོད་སྐད་ཡིག་གི་རྒྱུགས་ཤོག་མ་གཏོགས་ལོ་རྒྱུས་དང་ཆབ་སྲིད་ལ་སོགས་པའི་བསླབ་ཚན་གཞན་དག་ནི་རྒྱའི་ཆེད་མཁས་པ་དག་གིས་བཏོན་པ་བོད་ཡིག་ཏུ་བསྒྱུར་ནས་ཐོན་པ་ཡིན་ལ། དེར་ལན་ཡང་རྒྱ་བོད་ཡིག་རིགས་གཉིས་གང་བདེས་བྲིས་ཆོག་པ་ཡོད། བསླབ་ཚན་དེ་དག་གི་རྒྱུགས་གཞིའི་རྣམ་པ་དང་ནང་དོན་རྣམས་ཕྱོགས་གང་ཐད་ནས་རྒྱུགས་སྤྲོད་མཁན་གྱི་སློབ་མའི་བློ་ཁ་དང་འཚམ་ཞིང་། ཡུལ་དུས་ཀྱི་ཁྱད་ཆོས་ཐོན་པ། ཁ་གསལ་བ་སོགས་དགེ་མཚན་བརྗོད་ཀྱིས་མི་ལང་བ་ཡོད་དེ། དེ་བཞིན་ཡིག་ནོར་མཆིས་པ་དང་བརྡ་ཆད་མ་ངེས་པ། རྗོད་པ་མི་བདེ་བ་སོགས་རྒྱུགས་གཞི་སྐྱོན་ཅན་ཡན་ལག་ཉིང་ལག་ཉམས་པ་མི་མཛེས་པ་ཞིག་མཐོང་དུ་མེད། ངེད་ལ་མཚོན་ན་རྒྱུགས་འབྲས་དཔྱད་འཇོག་གི་རིམ་པ་དེ་ནི་རྒྱུགས་ཤོག་རོལ་མྱོང་གི་རིམ་པ་ཞིག་ཡིན་ལ། དེ་ལས་རྒྱུགས་གཞི་འདོན་མཁན་དང་ལན་འདེབས་མཁན་གཉིས་ཀྱི་ཤེས་རབ་ཀྱི་རྩལ་ཡོངས་སུ་མཐོང་ནུས་པ་མ་ཟད། རང་ལ་བློ་སྐྱེད་དང་འཆར་སྣང་སྣ་ཚོགས་འབྱུང་བའི་ལས་ཀ་སྤྲོ་སྣང་ཅན་ཞིག་ཀྱང་ཡིན། དེ་བས། འཕགས་ཡུལ་དུ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཟེར་བ་ཞིག་ཡོད་པ་སྔ་མོ་ནས་ཐོས་ཤིང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཟེར་བའི་སྒྲ་བོ་ཆེ་དེ་རྣ་ལམ་དུ་གྲགས་ཐེངས་རེ་རེར་དགའ་བ་དང་བྲེད་ཤ་མཉམ་དུ་ཐོན་པའི་ཚོར་སྣང་ཞིག་རྟག་པར་འབྱུང་། རྒྱུ་མཚན་ནི་དེ་ཉིད་རྒྱུགས་སྤྲོད་ཆེན་མོ་ཞིག་ཡིན་པས་རེད། དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་གདན་ས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་མ་ཟད། རང་ལ་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་ཡོད་ན་ངེས་པར་དགེ་ལུགས་པའི་ཁྲོད་ནས་ཡིན་མ་དགོས་ལ། ཐ་ན་དགེ་འདུན་པ་ཡང་ཡིན་མ་དགོས་པར་ཆོས་བརྒྱུད་དང་སྐྱ་སེར་ལ་དབྱེ་བ་མེད་པར་སུ་ཡང་ཞུགས་ཆོག་པས་ཆེན་མོ་ཟེར་བ་ནི་དོན་དང་ལྡན་པའོ་སྙམ་དུ་བསམ་པ་དང་། དེ་ཉིད་ཆེན་མོ་ཡིན་པའི་རྒྱུ་མཚན་གཞན་ཞིག་ནི་རྒྱུགས་སྤྲོད་བསླབ་ཚན་གྱི་རྣམ་གྲངས་མང་བ་དང་རྒྱུགས་གཞིའི་སྟེང་ན་དྲི་བ་འདོན་ལུགས་རྨད་བྱུང་ངོ་མཚར་ཆེ་བའི་གནད་མང་པོ་ཡོད་དམ་སྙམ་པས་སོ། ། དེར་མ་ཟད་ཡིག་རྒྱུགས་ཀྱི་རིམ་པ་དེ་ཀུན་ལྷ་རམས་དམ་བཅའི་སྔོན་འགྲོ་འམ་རྨང་གཞི་ཡིན་ཞིང་། ཡིག་རྒྱུགས་མ་འཕྲོད་པ་རྣམས་ལ་ལྷ་རམས་དམ་བཅའ་འཇོག་པའི་ཐོབ་ཐང་མེད་པ་འདིས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ནི་དོན་དང་ལྡན་པའི་བོད་པའི་རྒྱུགས་སྤྲོད་ཚད་གཞི་མཐོ་ཤོས་དེ་ཡིན་པ་གསལ་བར་བསྟན་ཏོ། །
དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་གཞུང་བཀའ་པོད་ལྔར་མ་ཟད་ཀྱི། རིག་གནས་དང་ལོ་རྒྱུས་ལ་སོགས་པའི་བསླབ་ཚན་དག་ཀྱང་ཡོད་ལུགས་ཐོས་ཏེ། རིག་གནས་དང་ལོ་རྒྱུས་ཀྱི་རྒྱུགས་ཤོག་ཅིག་ལ་མཇལ་འདོད་ཀྱིས་རིང་ཞིག་ཕྱིན་པ་ན་ད་ལོའི་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ནས་བརྩམས་པའི་རྒྱུགས་སྤྲོད་བསླབ་ཚན་དག་གི་ཁྲོད་ནས་ལོ་རྒྱུས་ཀྱི་རྒྱུགས་ཤོག་ཅིག་སྐད་འཕྲིན་བརྒྱུད་དེ་ཁོ་བོའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་དང་། འདི་ནི་རང་ཅག་བོད་ཀྱི་རྒྱུགས་གཞི་ཚད་མཐོ་ཤོས་སོ། འདི་ནི་ལྷ་རམས་དགེ་བཤེས་དག་གིས་སྤྲད་དང་སྤྲོད་བཞིན་པའི་ཡིག་ཚད་དོ་སྙམ་ནས་དགའ་མགུ་བླ་ན་མེད་པ་ཞིག་ངང་ངམ་ཤུགས་ཀྱིས་གཏོལ་མེད་པར་བྱུང་།
རྒྱུགས་ཤོག་དེར་ཁོ་བོས་ཡང་དང་བསྐྱར་དུ་ཞིབ་ཙམ་མཇལ་བ་ཡིན་ཏེ། ཁོང་ཅག་གིས་ལོ་རྒྱུས་སུ་འབོད་པའི་རྒྱུགས་ཤོག་དེའི་སྟེང་ན་མ་གཞིར་ཆོས་འབྱུང་ཞེས་བཀོད་འདུག་ཅིང་། ཞིབ་པར་དྲིས་པ་ན་དེ་བཀའ་རམས་འཛིན་གྲྭའི་རྒྱུགས་ཤོག་ཡིན་པར་ངེས་ཐག་ཆོད་པ་བྱུང་བ་དང་། ཆོས་འབྱུང་ལས་གཞན་པའི་ལོ་རྒྱུས་ཀྱི་རྒྱུགས་ཤོག་ཡན་གར་བ་ཞིག་ཀྱང་མེད་པར་ཐོས་སོ།
འོག་ཏུ་རྒྱུགས་ཤོག་གང་དེ་མཐོང་རྗེས་ཀྱི་འཆར་སྣང་དང་རྒྱུགས་གཞིའི་དྲི་བ་འདོན་མཁན་ལ་རེ་འཁང་ཅུང་ཟད་ཞུ་བར་འདོད་དོ། །
༡ ཚིག་སྦྱོར་ལ་བརྡ་སྤྲོད་ཀྱི་ཞིབ་ཆ་ཐོན་མི་འདུག་སྙམ་སྟེ། དཔེར་ན་དྲི་བ་དང་པོ་བཞིན་ནོ། །
༢ དྲི་བའི་རྣམ་པ་ཆིག་རྐྱང་ཡིན་པས་གྱ་ནོམ་པ་བྱུང་མི་འདུག་སྙམ་སྟེ། སྤྱིར་རྒྱུགས་གཞིའི་དྲི་བར་དྲི་ལུགས་སྣ་ཚོགས་ཡོད་པ་དཔེར་ན་གདམ་གསེས(དབྱེ་བསལ་ཡང་ཟེར)དང་། ཁ་སྐོང་། དག་བཅོས། བརྡར་ཤ་གཅོད་པ(ཁ་ཚོན་གཅོད་པ་ཡང་ཟེར)། འགྲེལ་བཤད། བསྡུས་ལན་འདེབས་པ། རྒྱས་བཤད། དབྱེ་ཞིབ་སོགས་མང་དུ་ཡོད་ཆོག་མོད་དྲི་བ་ལྔ་ཀ་དོན་ལ་བསྡུས་ལན་ཤ་སྟག་གིས་གྲུབ་འདུག ། (གང་རྒྱས་བྲིས་ཞེས་པ་ཞིག་ཡོད་མོད་ཀྱི་དེ་གང་རྒྱས་སུ་འབྲི་ཐབས་མེད་དེ། རྗེའི་རྣམ་ཐར་རང་ན་ཇི་ལྟར་གསུངས་པ་དེ་བཞིན་འབྲི་བ་ལས་འོས་མེད།)
༣ དྲི་བའི་ནང་དོན་ཕྱོགས་གཅིག་ཏུ་གཞོལ་ཆེའམ་སྙམ་སྟེ། རྗེ་རིན་པོ་ཆེའི་རྣམ་ཐར་འབའ་ཞིག་གིས་གྲུབ་འདུག །
༤ དྲི་བའི་ཁྱབ་རྒྱ་དོགས་དྲགས་འདུག་སྙམ་སྟེ། ཆོས་འབྱུང་གི་བསླབ་ཚན་ཡིན་ན་དམ་པའི་ཆོས་སྤྱིའི་བྱུང་བ་ཡོད་དགོས་ལ། དེ་མེད་ཀྱང་བོད་ཀྱི་ཆོས་བརྒྱུད་དག་གི་བྱུང་བ་ཡོད་དགོས། དེ་མེད་ཀྱང་རི་བོ་དགེ་ལུགས་པའི་ཆོས་ཀྱི་བྱུང་བ་སྤྱི་ངེས་པར་ཡོད་དགོས་པ་ལ་དེ་ཡང་མེད་པས་སོ། །
༥ དྲི་ཚིག་གི་ལན་དཀའ་སླ་མི་རན་སྙམ་སྟེ། རྗེ་རིན་པོ་ཆེའི་མཛད་ཆེན་བཞི་དང་བསྟོད་ཆེན་བཞི་སོགས་སློབ་འབྲིང་སློབ་མ་ཡན་གྱི་ཁ་ན་རླུང་ལྟར་གྲགས་བཞིན་པས་སོ། །
༦ དྲི་བའི་ནང་དོན་རེངས་ཤིང་འཁྱེངས་པར་གྱུར་འདུག་སྙམ་སྟེ། བོད་ནང་གི་སློབ་མ་ཚོས་འདི་ལ་དྲི་ཚིག་ཤི་རོ་ཞེས་ཀྱང་འབོད་དེ། ལོ་ཚིགས་སམ་རྣམ་གྲངས་འདྲེན་པའི་དྲི་བ་སོགས་དཔེ་ཆའི་ངོས་ཀྱི་ཤེས་བྱ་ལས་ཅུང་ཙམ་ཡང་བརྒལ་ཏུ་མེད་པས་སོ། །
༧ དྲི་བར་སྦས་པའི་ནང་དོན་དང་དྲིས་ལན་འདེབས་པའི་དུས་ཡུན་གོ་མི་འགྲིག་སྙམ་སྟེ། རྒྱུགས་ཤོག་འདིའི་ལན་འདེབས་པའི་དུས་ཡུན་ཆུ་ཚོད་གསུམ་ཡིན་པ་བདེན་ན། སྤྱིར་བཏང་གི་རྒྱུགས་གཞི་ཇི་འདྲ་སླ་མོར་སོང་ཡང་ཆུ་ཚོད་སྐར་མ་སུམ་ཅུའི་ནང་ཚུད་དུ་དེའི་ལན་བྲིས་མི་ཚར་བ་ཞིག་(མ་མཐའ་ཡང་རྒྱུགས་ར་དང་གྱེས་མི་ཆོག)ཡིན་དགོས་མོད། འདིའི་རྒྱུགས་ལན་ནི་རྗེ་རིན་པོ་ཆེའི་རྣམ་ཐར་ཚིགས་བཅད་བཅུ་བདུན་པའི་ཚིག་འགྲེལ་བློར་ངེས་མཁན་ཞིག་ཡིན་ན་ཆུ་ཚོད་སྐར་མ་སུམ་ཅུའི་ནང་ལ་ཡོངས་སུ་རྫོགས་པར་ནུས་པས་སོ(རྒྱུགས་སྤྲོད་མཁན་གྱིས་རྒྱུགས་ལན་བྲིས་ཚར་ཀྱང་ཆུ་ཚོད་གཉིས་མ་ལོན་པར་རྒྱུགས་ར་དང་གྱེས་མི་ཆོག་ཟེར་བ་བདེན་ན། ལྷག་མའི་དུས་ཚོད་ནང་སུན་པོ་ཞེ་དྲགས་ཡོང་རྒྱུར་ངེས)། །
༨ རྒྱུགས་གཞི་ལས་རྒྱུགས་སྤྲོད་མཁན་གྱི་བསམ་གཞིག་གི་ནུས་པ་མཐོང་མི་ཐུབ་སྙམ་སྟེ། རྒྱུགས་སྤྲོད་མཁན་གྱི་ལོ་རྒྱུས་ཀྱི་རྨང་གཞི་དང་ཐོས་རྒྱ། རྣམ་དཔྱོད། བསམ་གཞིགས་མཛད་ཕྱོགས་དང་། ལོ་རྒྱུས་ཀྱི་ལྟ་ཚུལ་རྣམས་སྤྱིར་བཏང་དབྱེ་ཞིབ་དང་དཔྱད་འཇོག་གི་དྲི་བས་མ་གཏོགས་སློང་མི་ནུས་པས་ན། འདིར་དབྱེ་ཞིབ་ཀྱི་དྲི་བ་གཏན་ནས་མེད་པའི་རྐྱེན་གྱིས་རྒྱུགས་སྤྲོད་མཁན་གྱི་ལོ་རྒྱུས་གཞུང་ལ་སྦྱངས་པའི་ཟབ་ཚད་དང་ཁྱབ་རྒྱ་མཐོང་མི་ཐུབ།
༩ རྒྱུགས་གཞི་འདོན་པའི་གོ་སྒྲིག་ལྷུ་མ་ཐིངས་སྙམ་སྟེ། རྒྱལ་ནང་ལ་མཚོན་ན་སློབ་ཆེན་དག་གི་སློབ་སྐབས་རེ་རེའི་ཆེད་ལས་མཇུག་རྒྱུགས་ལེན་དུས་རྒྱུགས་གཞི་འདོན་མཁན་དགེ་རྒན་རང་གིས་བསྐྱར་ཞིབ་ཀྱིས་མིང་རྟགས་བཀོད་རྗེས་སློབ་ཁྲིད་ཞིབ་འཇུག་ཁང་ལ་འབུལ་དགོས་ཤིང་། སློབ་ཁྲིད་ཞིབ་འཇུག་ཁང་གི་འགན་འཛིན་གྱིས་རྒྱུགས་ཤོག་སྟེང་གི་དྲི་བའི་རྣམ་པ་དང་། ནང་དོན། དྲི་བའི་མང་ཉུང་། སྐར་གྲངས་འོས་འཚམ་ཡིན་མིན། ཚིག་སྦྱོར་བདེ་མིན་དང་ཡིག་ནོར་ཡོད་མེད་སོགས་ལ་བརྟག་དཔྱད་ནན་ཏན་གྱིས་རང་གི་མིང་རྟགས་བཀོད་དེ་སྡེ་ཁག་གི་འགན་འཛིན་ལ་འབུལ་དགོས། སྡེ་ཁག་གི་འགན་འཛིན་གྱིས་ཀྱང་དེ་བཞིན་བསྐྱར་ཞིབ་ཀྱིས་སློབ་གཉེར་ཁང་ལ་འབུལ་དགོས། སློབ་གཉེར་ཁང་ནས་ཆེད་མཁས་མི་སྣ་བཀོད་སྒྲིག་གིས་ཐ་མའི་ཞུས་དག་གྲུབ་རྗེས་འགོ་པས་མིང་རྟགས་བཀོད་པ་ན་ད་གཟོད་རྒྱུགས་ཤོག་དཔར་ཆོག་པ་ཡིན། དེ་ལྟ་ནའང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཤོག་ལ་དེ་འདྲའི་ཞིབ་ཚགས་ཀྱི་གོ་རིམ་ཞིག་ཕལ་ཆེར་བརྒྱུད་མེད་དམ་སྙམ། རྒྱུ་མཚན་རྒྱུགས་ཤོག་ཁོ་རང་གིས་ཁ་གྲག་འདུག
༡༠ ལོ་རྒྱུས་སྦྱང་བའི་དགོས་པ་དེ་སྔོན་རབས་རྟོག་པའི་ཆེད་ཙམ་དུ་འཁྱེར་ན་དགོས་དོན་མི་འགྲུབ་སྟེ། ལོ་རྒྱུས་ཀྱི་གཞུང་གང་དང་གང་སྦྱངས་ཀྱང་དམིགས་པ་དེ་མ་འོངས་འབྱུང་འགྱུར་ལ་གཏོད་དགོས་ཤིང་། གནད་ཀྱི་འབབ་ས་དེ་ད་ལྟའི་གནས་བབ་ཀྱི་སྟེང་ནས་འཚོལ་དགོས་ལུགས་ནི་འཛམ་གླིང་གི་ལོ་རྒྱུས་སྨྲ་བའི་མཁས་པ་ཆེན་པོ་དག་གིས་གསུངས་པ་དེ་བཞིན་ཡིན་ལ། ཁོང་ཅག་གིས་མཛད་པའི་ལོ་རྒྱུས་བསྟན་བཅོས་གྲགས་ཆེ་བ་རྣམས་འཛམ་བུ་གླིང་གི་མ་འོངས་ལམ་སྟོན་དུ་འཛིན་བཞིན་ཡོད་ན། རྒྱུགས་ཤོག་འདིའི་སྟེང་དུ་ད་ལྟའི་གནས་བབ་དང་མ་འོངས་འབྱུང་འགྱུར་གྱི་གནད་དོན་ལ་མནོ་བསམ་གཏོང་བྱེད་ཀྱི་ལྡེ་མིག་ཅིག་རྙེད་དཀའ་ཙམ་དུ་གདའ་འོ། །
མཇུག་ཏུ་ད་དུང་རེ་བ་གཞན་ཞིག་ཡོད་པ་ནི་ཆོས་འབྱུང་གི་རྒྱུགས་དེ་ཚད་སྤར་ནས་ལོ་རྒྱུས་ཀྱི་རྒྱུགས་སུ་བསྒྱུར་རྒྱུ་དེར་དོན་སྙིང་ཆེན་པོ་ལྡན་ནམ་སྙམ།
གུར་མགོན་སྐྱབས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་ནས༢༠༡༤ལོའི་ཟླ༡༠པའི་ཚེས༡༥ཉིན་ལ་དད་གུས་དང་བཅས་ཏེ་ཞུས་པ་ལགས།

Comments
Post a Comment