2015/02/25

དཔེ་དེབ་བཀླགས་ཐོ་དང་དཔེ་ཆ་འདེམས་སྒྲུག


དཔེ་དེབ་ཀློག་རྒྱུ་ནི་གུས་པར་མཚོན་ན་ཆེས་དགའ་ཤོས་ཀྱི་བྱ་བ་ཞིག་ཡིན་པས། དཔེ་དེབ་ཆེ་མ་ཆུང་གསུམ་མང་པོ་ཞིག་བམ་ཀློག་དང་ཞིབ་ཀློག ཆེད་སྦྱོང་དང་ཟུར་བལྟ། ཕབ་བཤུས་དང་འདྲ་བཤུ་བྱས་པ་ཆེས་མང་བ་ཙམ་མ་ཟད། དཔེ་དེབ་ཉོས་པའང་གྲངས་ལས་འདས་པས་གྲྭ་རྐྱང་ཞིག་གི་ཇ་མངར་མོ་འཐུང་སྐལ་དེའང་ཐེངས་མང་པོར་ཆད་མྱོང་། ལོ་འགའི་ཡར་སྔོན་ནས་དཔེ་དེབ་བཀླགས་ཐོ་འབྲི་བའི་གོམས་གཤིས་ཤིག་འཇག་ཐབས་ཀྱིས་བཀླགས་ཐོ་འབྲི་བ་རྒྱུན་འཁྱངས་དང་ཨུ་ཚུགས་བྱས་པའི་དུས་དེ་ནས་བཟུང་སྟེ །དཔེ་དེབ་མང་པོ་ཞིག་ཀློག་པའི་ཡི་ག་འགག་ཅིང་ལྟ་བའི་བསམ་བློ་ཡོངས་སུ་ཆད་ནས་ན་ནིང་ད་ལོ་དཔེ་དེབ་གཅིག་ཀྱང་ཆ་ཚང་ཞིག་ཧ་ལམ་ཀློག་མེད།

བཀླགས་ཐོ་འབྲི་བའི་བརྒྱུད་རིམ་ཁྲོད་ན་དཔེ་དེབ་དེ་བཀླགས་ནས་བློ་སྐྱེད་ཅི་བྱུང་དང་། ནང་དོན་གསར་པ་དང་ཚིག་སྦྱོར་སྤྱོད་ཚུལ། ལུང་འདྲེན་དང་དཔེ་མཚོན་འགོད་སྟངས་སོགས་ལ་དོ་སྣང་བྱེད་དགོས་པས། དཔེ་དེབ་མང་པོ་ཞིག་ལ་ཅི་ཙམ་དོ་སྣང་དང་ཡིད་འཇོག་བྱེད་རུང་འདི་ཡིན་གྱི་བློ་སྐྱེད་ཅི་ཡང་མ་བྱུང་བས་དེ་ནས་འགོ་ཚུགས་ཏེ་དཔེ་དེབ་ཡོད་ཚད་ལ་མིག་གཡར་དང་བྱ་ར་བྱེད་པའི་ཁོམ་གླགས་དེ་མཇུག་བསྡུས་པ་ཡིན།

མ་གཞི་དཔེ་དེབ་ཇུས་འགོད་དང་དཔེ་ཚོགས་འཆར་འགོད་སོགས་ནི་བོད་ནས་ཐོན་པའི་དཔེ་དེབ་དག་ཧ་ཅང་སྤུས་ཚད་ཅན་དང་ཡར་ཐོན་གྱི་ཚད་གཞིར་སླེབས་འདུག་པས་མཐོང་ཙམ་ནས་ཀློག་འདོད་ཀྱི་འགྲམ་ཆུ་ལྡང་ཡོང་བ་ཞིག་རེད། ང་དང་འདྲ་བ་ཚོས་དཔེ་དེབ་འདི་ཚོ་སྒོར་མོ་ཕོན་ཆེ་བྱིན་ནས་ཉོས་ཡོད་ལ། སྐབས་རེ་ཉོ་འདོད་ཀྱིས་ལག་པ་ཟ་འཁྲུགས་ལང་ནའང་འཕུར་འཕུར་འགའ་བྱས་ནས་ཡོང་རྒྱུ་ལས་མེད་པ་ནི། དཔེ་དེབ་ཀྱི་གོང་ཚད་མཐོ་དྲགས། རང་ཉིད་འབྱོར་པ་དམའ་དྲགས་པས་རེད། དེང་ཕྱིས་ནས་ཇུས་འགོད་ནི་སྒྲིབ་གཡོག་ཙམ་ལས་ནང་སྙིང་ཅི་ཡང་མེད་པའི་དཔེ་དེབ་ཧ་ཅང་མོད་པོ་ཡོད་པར་ཤེས་པས། ཀུན་ལ་ལག་པས་རེག་པའི་བྱ་ལུགས་དེ་ཡོངས་སུ་མཚམས་འཇོག་བྱས་པ་ཡིན།

ངེད་རང་རྩོམ་ཡིག་འབྲི་བར་སྤྲོ་བ་ཅན་ཞིག་ཡིན་པའི་རྒྱུ་མཚན་འདི་གར་ཐུག་པས་ཡིན་སྙམ་སྟེ། དཔེ་དེབ་དེ་གའི་ཚིག་སྦྱོར་བཀོལ་སྟངས་ལ་དོ་སྣང་བྱེད་པར་ཤོར་འགྲོ་བས། ཚིག་སྦྱོར་སྙན་འཇེབས་ལྷུན་ཆགས་པ་བསྟར་བའི་དཔེ་དེབ་ཅིག་ཡིན་ན། ཚར་གྲངས་ཅི་ཙམ་བཀླགས་ཤིང་འདོན་ནའང་ད་དུང་སྙན་པོ་ཞིག་འདུག་ཨང་སྙམ་གྱིན་བསྐྱར་ཀློག་ཡང་ཀློག་བྱེད་ཀྱི་ཡོད། འདི་ལྟ་བུའི་སྡེབ་ལེགས་ཚིག་སྦྱོར་ལྷུང་ལྷུང་བབས་པའི་དཔེ་དེབ་ནི་ཆེས་ཉུང་ལ། ཉུང་བ་ཙམ་མ་ཟད་རེ་གཉིས་ལས་མེད་པའི་ཁྲོད་ནས་གཅིག་ནི། སྒོར་ཤེས་རབ་རྒྱ་མཚོའི་དཔེ་དེབ་དག་རེད། <ང་ཚོ་སད་རན།> <རྒྱུན་ཤེས་དང་ལམ།> <དཔྱད་རྩོམ་དང་ལྟ་ཚུལ།> སོགས་ཀྱི་དཔེ་ཆ་དག་གི་ནང་དོན་འཐད་ལ་ལྟ་ཚུལ་དང་བློར་མི་བབ་པ་ཡོད་ལས་ཆེ་ནའང་། ཚིག་སྦྱོར་བཀོལ་སྟངས་འདི་འདྲ་ནི་ད་ལྟ་ཞལ་བཞུགས་འཚོ་གནས་ཡོད་པའི་གངས་ཅན་པའི་རྩོམ་པ་པོ་ཞིག་མེད་ཚད་དུ་སྣང་ལ། འདིའི་ཚིག་སྦྱོར་དག་སྤྱིར་བཏང་ཞིག་ཡིན་སྙམ་པ་འདོད་མཁན་ཞིག་ཡིན་ན། སྙན་མི་སྙན་གྱི་བྲོ་བ་འབྱིན་པའི་ཚོར་ཤེས་ལ་སྐྱོན་ཞུགས་ཟིན་པས། ཅི་མགྱོག་ཛ་དྲགས་སྨན་ཁང་དུ་བསྟེན་གཏུགས་བྱེད་དགོས་པའི་དུས་ལ་སླེབས་ཡོད། ད་དུང་དེ་མུས་སྡོད་ན་མངར་སྐྱུར་གྱི་བྲོ་བ་མྱོང་བའི་ཚོར་ཤེས་ཀྱང་མེད་འགྲོ་སྲིད།

ཁོང་ལ་འདི་ལྟ་བུའི་ཚིག་སྦྱོར་ལྷུན་ཆགས་ཞིང་སྙན་ཞིང་འཇེབས་པའི་ཚིག་གི་ཕྲེང་བ་དེ་གང་ནས་རྙེད་པ་ཡིན་ནམ། ལུང་སྐད་དང་འགྱུར་ཚིག་བསྒྲིགས། མི་འཛའ་བའི་ཚིག་བསྡུ་སྤུངས། བེད་མེད་ཀྱི་བརྡ་རྙིང་བཀོལ་བའི་དཔེ་ཆ་དག་དང་གནམ་ས་ལྟ་བུར་ཁྱད་བཞུགས་པའི་འབྱེད་ཆོས་དེ་སུས་བྱིན་པ་ཡིན་ནམ། གལ་ཏེ་ཁོང་ལ་དྲི་བ་འབུལ་བའི་གོ་སྐབས་ཤིག་བྱུང་ཚེ། ཆེས་ཐོག་མ་འདྲི་རྒྱུ་དེ་ནི། སྙན་འཇེབས་ཚིག་སྦྱོར་འདི་འདྲ་ཇི་ལྟར་བྱས་ཏེ་བཀོལ་སྤྱོད་དང་སྦྱངས་པར་བྱས་སམ་ཞེས་པ་འདི་རང་ཡིན། གང་ལྟར་ཁྱེད་རང་གསར་རྩོམ་ལ་མོས་པ་ཡོད་ཅིང་། ཚིག་སྦྱོར་ལ་སྤྲོ་དགའ་ཅན་ཞིག་ཡིན་ན་སྒོ་ཤེས་རབ་རྒྱ་མཚོའི་དཔེ་དེབ་དག་ཡང་ཡང་ཀློག་དགོས་རྒྱུ་དེ་ནི་ངས་བཤད་འདོད་པ་དེ་ཡིན།

དེང་སྐབས་ནང་སྙིང་ཅི་ཡང་མེད་པའི་<གཏོར་བརླག>གི་མཚེར་མ་རྩེ་རྣོ་ཅན་གྱིས་ཁེངས་པའི་དཔེ་དེབ་དང་། དཔེ་ཚོགས་དག་བྲིན་ཁ་སྐྱོན་ཞིང་། འདུར་རྒྱུག་མྱུར་བའི་འཁོར་ཡུག་ཨ་གསར་ཅན་གྱི་དུས་རབས་ཤིག་གི་མགོ་འབུས་ཤིང་རྩེ་མོ་རྒྱས་གྲབས་ཡིན་སྐབས་དེར། རིག་གསར་གྱི་ཡོ་ལང་ཤིག་བྱུང་ན་སླར་ཡང་རྙིང་གཞི་རྩ་གཏོར་དང་གསར་བྱུང་ནང་འདྲེན་ཐུབ་པའི་དཔའ་བོ་གྲངས་མེད་པ་ཞིག་ཅིས་ཀྱང་ཡོང་ངེས་སྙམ་པའི་དུས་ཚིགས་འདིར། ད་ལྟ་ད་དུང་རྙིང་གཞི<གཏོར་བརླག>བྱེད་བསམ་གྱི་གང་བའི་དཔེ་ཆ་དག་ལྟས་ན་བློ་སྐྱེད་འཕེལ་བ། བསམ་ན་ཡིད་རྟོག་རྒྱས་པའི་ཆ་ཞིག་གང་ནའང་མེད་པས། ཁྱེད་ཀྱིས་གང་ཞིག་བལྟ་དགོས་པ་དང་། ཅི་ཞིག་ཀློག་ན་འཐུས་པའི་ནང་བསམ་དེ་མཛུབ་རྩེར་སྐོར་དགོས། 

མི་ལ་ལ་ཞིག་ཏུ། <གཏོར་བརླག>གིས་ཁེངས་པའི་དཔེ་དེབ་དག་ཕར་སློག་ཚུར་སློག་བྱས་ཏེ་ཡ་མཚན་རབས་དང་། སྐད་གྲགས་ཡོད་ཚུལ་གྱིས་གནམ་ས་གང་བའི་སྐད་འུར་དུང་འབུད་འབུད་ཀྱིས། ཅི་ཞིག་ཐོབ་སྙམ་དུ་འཕག་འཚབ་བརྒྱག་པའི་རྡིར་སྒྲ་ཅི་བས་ཆེ་ལ། ཁྱེད་ལ་ཅི་ཞིག་ཐོབ་བམ། ནང་སྙིང་དང་ཚིག་གྲུབ་གང་རག་གམ། ཞེས་འདྲི་ཚིག་གཅིག་ལ་གཉིས་མཐུད་དུ་དྲིས་ན། འདུག་དང་ཡོད་ཟེར་བ་ལས་སྙིང་པོ་གཏམ་དུ་བྱས་པའི་ལེགས་བཤད་ཁ་གང་འཆད་རྒྱུ་མེད་པ་ནི་དེང་གི་མི་མང་པོ་ཞིག་གིས་དཔེ་དེབ་ཀློག་སྟངས་དང་དཔེ་ཆ་འདེམ་སྒྲུག་བྱེད་ཚུལ་གསོན་པོ་ཞིག་རེད། 

འུ་ཅག་གིས་ཞིབ་ཏུ་མ་བསམ་ན་ཡོད་དང་བཟང་ཟེར་ས་ན་ཐུར་དུ་འདྲུད་བྱེད་ཀྱི་ཀྱོ་བ་གུག་མོ་དེ་ཡོད་སྲིད་ལ། མེད་དང་སྡུག་ལབ་ས་དེ་ན་གྱེན་དུ་འདེབས་པའི་རྐ་བ་རིང་པོ་རེའང་ཡོད་སྲིད་པས། དཔྱད་ཤེས་ལ་དྲང་ཚུགས་དང་། ཤེས་རབ་ལ་གསོན་ཤུགས་བྱིན་དགོས་པ་ལས་སབ་སོབ་ཏུ་གྱུར་པའི་སྐད་ཆ་དང་། གཟུངས་བཞུག་མེད་པའི་འདམ་སྐུ་རྫིག་པོ་རེ་བཞེང་ན་ཅི་ཡང་མི་ཕན་པས། སྙིང་པོ་གཏམ་དུ་བྱས་པའི་དཔེ་དེབ་དང་དོན་སྙིང་ཁོག་ཏུ་སྦྲུམ་པའི་དཔེ་ཆ་རེ་བལྟ་རྒྱུ་ནི་གལ་ཆེ་བ་སྙམ་མོ།།

2015/02/18

སྲོང་བཙན་ཟིན་བྲིས་ཀྱི་ 2014 ལོའི་ཆེས་མཐའ་མཇུག་གི་གཏམ།
















སྲོང་བཙན་ཟིན་བྲིས་གཉེར་ནས་ལོ་ངོ་གསུམ་ཙམ་སོང་ཞིང་དྲ་ངོས Hyper Text Markup Language(HTML) ཐོག་ཏུ་ལེགས་བཅོས་བྱས་ནས་ལོ་འཁོར་གཅིག་ཟིན་གྲབས་ཡོད་པའི་དེ་རིང་ཕྱི་ལོ་2014 ལོར་ཕྱི་མིག་ཅིག་ལྟ་དུས། ལོ་ངོ་གཅིག་ཏུ་གུས་པས་རྩོམ་ཡིག་32སྤེལ་འདུག་པར་དགའ་ཚོར་བྱུང་བ་ཙམ་མ་ཟད་འཛམ་གླིང་གི་ས་ཕྱོགས་མང་པོ་ཞིག་ནས་དོ་སྣང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བས་ཧ་ཅང་དགའ་བ་སྐྱེས། སྤྱི་ན་སྒེར་གཉེར་ཟིན་བྲིས་འདི་ནི་རང་ཉིད་ཀྱི་རྩོམ་ཡིག་ཉར་འཇོག་བྱེད་ས་ཙམ་ལས་ཀློག་པ་པོའི་ཆེད་དུ་དམིགས་པ་མིན་ན་ཡང་ཀློག་པ་པོ་མི་ཉུང་བ་ཞིག་གིས་དོ་སྣང་བྱེད་བཞིན་འདུག ད་བར་དྲ་ངོས་ལྟ་ཀློག་བྱེད་མཁན་ཁ་གྲངས4182རྒལ་འདུག་ཅིང་། རྒྱལ་ཁབ་མི་འདྲ་བ་བཅུའི་གནས་སོ་སོར་ནས་དོ་སྣང་བྱེད་བཞིན་པ་རེད།
རྒྱ་གར། ཀློག་པ་པོ། 2737
ཨ་མེ་རི་ཀ། ཀློག་པ་པོ། 673
སྦེལ་ལྗམ། ཀློག་པ་པོ། 100
སུད་སི། ཀློག་པ་པོ། 88
སུ་པེན། ཀློག་པ་པོ། 80
ཧྥུ་རན་སི། ཀློག་པ་པོ། 50
ཐེ་ཝན། ཀློག་པ་པོ། 34
འཇར་མེན། ཀློག་པ་པོ། 33
རྒྱ་ནག ཀློག་པ་པོ། 31
བལ་ཡུལ། ཀློག་པ་པོ། 24

དྲ་བའི་ཆ་རྐྱེན་དང་དཔལ་འབྱོར་གྱི་རྒྱབ་རྟེན། ཨིན་ཡིག་གི་ཆུ་ཚད། དགོས་ངེས་ཀྱི་དུས་ཚོད་མེད་ན་ཡང་ཞལ་ཞོར་དུ་རྩོམ་ཡིག་གསར་འབྲི་དང་ལེགས་བཅོས་བྱས་པས། མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཕུན་སུམ་ཚོགས་པའི་ལམ་བུར་སྐྱོད་བཞིན་པ་ནི་མི་སྒེར་ཞིག་ལ་མཚོན་ན་གྲུབ་འབྲས་དང་རྒྱལ་ཁ་ཆེན་པོ་ཞིག་ཡིན་སྙམ། ད་བར་སྒེར་གཉེར་ཟིན་བྲིས་གཉེར་མཁན་རེ་ཟུང་ལས་མི་འདུག་ལ། ལྷག་པར་དུ་མི་སྒེར་ཞིག་གིས་བོད་ཡིག་གི་ལམ་ནས་  Google blog ཐོག་ཏུ་ཟིན་བྲིས་ཡོད་པ་ཧ་ཅང་ཉུང་བས་རང་གི་ད་བར་ཟིན་བྲིས་རྒྱུན་འཁྱོངས་ཐུབ་པ་ནི་དགའ་འོས་པ་ཞིག་ལ་བརྩི་བཞིན་ཡོད། འཆར་ལོའི་ལོ་གསར་པའི་ནང་དུ་སྒོར་མོ་ཅུང་སྤྱད་ནས་རིམ་བཞིན་དྲ་ངོས་ཀྱི་པར་གཞི་མཛེས་བཀོད་ཇེེ་ཡག་དང་ནང་དོན་ཕྱུག་ཏུ་བཏང་སྟེ་དོ་སྣང་ཅན་གྱི་ཀློག་པ་པོ་ཚོའི་ཐུགས་འདོད་ཅུང་བསྐང་ཐུབ་པ་བྱེད་རྩིས་ཡོད་ན་ཁྱེད་ཀྱིས་ནམ་དུས་ཀུན་ཏུ་ཟིན་བྲིས་ལྟ་ཀློག་དང་བསམ་ཆ། དེ་བཞིན་རྒྱབ་སྐྱོར་ཡང་ཡང་བྱེད་རྒྱུ་ནི་གུས་པའི་རེ་བ་ཙམ་མ་ཟད་སྐད་ཡིག་ཅིག་འཚོ་གནས་ཐུབ་མིན་གྱི་མཆི་ཁའི་རེ་འབོད་ཅིག་ཀྱང་ཡིན།
<<སྲོང་བཙན་ཟིན་བྲིས།>>གཙོ་གཉེར་བ་སྲོང་བཙན་གྱིས།
2015-2-18

2015/02/17

ཤིང་མོ་ལུག་གི་ལོ་གསར་བསུ་བའི་ཤིས་ཚིག་མཚར་པོ་མ།











མཆོག་གསུམ་རིན་ཆེན་བྱིན་རླབས་ཆུ་རྒྱུན་བབ།།
བདེན་སྟོབས་རྟེན་འབྲེལ་བསླུ་མེད་འབྲས་བཟང་སྨིན།།
འཕགས་ཚོགས་འདུས་སྡེ་དབྱར་མཚོ་དཔལ་ལ་འགྲན།།
དཀོན་མཆོག་རིན་ཆེན་གསུམ་གྱི་བཀྲ་ཤིས་ཤོག།

འཛམ་གླིང་ཆེ་དགུ་ཡོངས་ཀྱི་བླ་ན་མེད།།
བོད་འབངས་སྐྱེ་འགྲོ་ཀུན་གྱི་གཉེན་གཅིག་བུ།།
ཞི་བསིལ་ཆབ་ཀྱིས་བརླང་སྤྱོད་རབ་གཏུལ་བའི།།
སྐྱབས་མགོན་༸རྒྱལ་བ་མཆོག་གི་བཀྲ་ཤིས་ཤོག།

ཁ་བ་གངས་ཅན་པ་ཡི་མི་འཇིགས་ཁྲིར།།
བརྗིད་ཉམས་ཁམས་པའི་ཕོ་རྒོད་རུས་ཚུགས་ཅན།།
མེས་པོའི་སྙིང་ཁྲག་འཁོལ་བའི་དཔའ་སྟོབས་རྒྱས།།
སྲིད་སྐྱོང་བློ་བཟང་སེངྒེའི་བཀྲ་ཤིག་ཤོག།

བདག་གི་གསལ་བཤད་དང་དུས་བབ་ཚང་གི་སྐྱུགས་བྲོ་བའི་ངོ་གདོང་།

ད་ཐེངས་ཀྱི་<<དུས་བབ་ཚང་གི་སྐྱུགས་བྲོ་བའི་ངོ་གདོང་།>>ཞེས་པའི་རྩོམ་ཡིག་འདི་ནི་བདག་གི་རྩོམ་ཡིག་ངོ་དེབ་དུ་བཀོད་པ་དག་ལས་དགའ་རྟགས་དང་མཆན་བཀོད་ཆེས་མང་ཤོས་དེ་ཡིན། དགའ་རྟག53དང་མཆན་བཀོད159འདུག་པས་བདག་གི་བསམ་པ་ལས་ཆེས་ཆེར་རྒལ་སོང་། 
དགའ་རྟགས་འདི་ལྟར་མང་དོན་ནི་དུས་བབ་ཚང་གི་གདོང་འབབ་འཐུག་པོ་དེའི་འོག་གི་ངོ་གདོང་རུལ་དྲི་ཅན་དེ་གསལ་བསྟན་བྱས་པས་ཡིན་སྲིད་ལ། མཆན་བཀོད་མང་ཤོས་ཀྱིས་ནི་ངེད་ལ་སྨ་འབེབས་དང་ཟུར་ཟ་ཧམ་བཤད་སོགས་གང་མང་བྱས་འདུག ངས་ཇི་ལྟར་བསམས་ཀྱང་འདི་ལྟར་ཡོང་དོན་ནི་གཅིག་ན་དུས་བབ་ཚང་གི་སྐྱོན་འཚང་བསྔོགས་པ་དང་གཉིས་ན་རྩོམ་ཡིག་གི་ཁྲོད་ན་ཨ་མདོ་ཞེས་པའི་ཚིག་གསུམ་སྤྱད་ཡོད་པས་ཡིན་སྙམ།མི་མི་ཉུང་ཞིག་གིས་ངེད་ཀྱི་རྩོམ་ཡིག་གི་ཁ་ཕྱོགས་བསྒྱུར་ཏེ་འདས་པོ་ཁོང་གཉིས་ལ་སྨ་འབེབས་ཡིན་ཚུལ་དང་། ཡང་ཁམས་དང་ཨ་མདོའི་བར་གྱི་རེས་ཆད་ཀྱི་སྐད་ཆ་སྡུག་པོ་དེའི་ཐོག་ཏུ་འདྲེན་གང་ཐུབ་བྱེད་སོང་། ཁྱེད་ཚོས་ཇི་ལྟར་བཤད་ཀྱང་ཆོག་ལ་གང་འདྲ་བསམ་རུང་མི་ཆོག་པ་མེད། རེད་དེ། ཁྱེད་ལ་ཨ་མདོ་ཞེས་བཤད་ཙམ་ལའང་སྙིང་ལ་གས་ཆག་དང་སྟོད་ན་རླུང་གིས་འཚང་ཡོང་བ་ནི་ད་བར་ང་དང་ཁྱེད་ཁོ་དང་མོ་ཟེར་བའི་འཇིག་རྟེན་གྱི་སྦྲུལ་ཚང་དུ་ཁོད་ཅིང་གནས་པས་ཡིན། འདིར་ངེད་ཀྱིས་ཁག་མེད་སྙམ་པའི་བསམ་བློ་སྐྱེས་ཐུབ་སྟེ་གཞན་ཕན་དང་སྙིང་རྗེ། ཀུན་ཁྱབ་ཀྱིས་ཁེངས་པའི་གཞུང་ལག་མཐུལ་ཙམ་ལའང་མིག་ལྟོས་དང་བསམ་གཞིགས་བྱེད་མྱོང་མེད་ན་རང་ཁ་གསོ་ཐབས་ཙམ་གྱི་ཆེད་དུ་དེང་གི་བྱེད་ལུགས་སྡུག་པོ་དེ་འདྲ་ནི་ལུས་དང་གྲིབ་མ་བཞིན་ཡོང་ཞིང་རྒྱུ་བ་ཡིན་པས་ནམ་ཡང་བྱེད་ལུགས་འདིའི་འོག་ནས་ཐར་དཀའ། 
ཁོ་བོས་དུས་རྒྱུན་དུ་ཁ་སེམས་གཉིས་ནས་བརྒྱ་ཁ་གཅིག་གཅོད་ཀྱིས་ཨ་མདོ་ཡག་དང་ཁམས་པ་གཙོག་ཟེར་བ་དང་། ཁོ་ཚོ་སྡུག་དང་ངེད་ཅག་བཟང་ཟེར་བའི་སྐད་ཆ་དང་བསམ་པ་ཞིག་གཏན་ནས་འཁོར་མ་མྱོང་ཟེར་ནའང་ཆོག རེད་དེ། བྱ་དངོས་ཀུན་ལ་བཟང་ངན་གྱི་ཆ་གཉིས་ཡོད་པས་བཟང་པོས་ངན་པ་བཀག་མི་ཐུབ་ཅིང་ངན་པས་བཟང་པོར་གཡོགས་ཐུབ་ཐབས་དཀའ་ན་གང་ཞིག་ཡོན་ཏན་དང་ཅི་ཞིག་སྐྱོན་ཡིན་པ་སྨྲ་བསམ་བྱེད་ནའང་ངས་ནི་ནམ་ཡང་མི་འགྲིག་པ་ཞིག་རེད་སྙམ་གི་མེད། ལྟ་ཚུལ་འདིའི་འོག་ནས་གྲོགས་པོ་དང་འཛིན་གྲོགས་ཚོ་ལ་ཁྱེད་ཚོ་ཨ་མདོ་བའི་མ་འགྲིག་པ་འདི་རེད་ཅེས་བཤད་མྱོང་ཞིང་། ཚུར་ངེད་ལའང་ཁྱེད་ཚོ་ཁམས་པའི་མ་འཐུས་པ་དེ་ཡིན་ཟེར་ནས་མཛུབ་མོ་བཙུགས་ཏེ་ཕན་ཚུན་བཤད་རེེས་དང་ཉན་རེས་བྱེད་པའི་ལོ་དུས་བཅུ་ཕྲག་དེའི་ནང་དུ་ངེད་ཅག་གི་དབར་དོགས་མི་བདེ་བ་དང་སྒོམ་མདོག་དང་ཁོ་ཚོ་དང་ང་ཚོ་ཟེར་བའི་བར་ཐག་རིང་པོ་དེ་གཏན་ནས་མེད་པར་གྱུར་ནས་གང་ལའང་འཛེམ་གཟན་བྱེད་མི་དགོས་པའི་ལྷན་ཡོངས་ཀྱི་འཁོར་ཡུག་དེ་སྐྲུན་ཐུབ་སོང་། 
ཡང་ད་ཐེངས་འཕག་འཚགས་རྒྱག་མཁན་དེ་དག་གིས་ཡང་སྙིང་ཅི་ཞིག་ཆེད་དུ་སྨྱོ་བཞིན་ཡོད་དམ་། རྩོམ་ཡིག་གི་ནང་འདས་པོ་ཁོང་གཉིས་ཀྱི་གནད་དོན་དེ་དུས་བབ་ཚང་གིས་མི་བཀོད་པའི་རྒྱུ་མཚན་དེ་ཁོང་གཉིས་ཨ་མདོ་བ་ཡིན་པའི་རྒྱུ་མཚན་གྱིས་ཨེ་ཡིན་སྙམ་པའི་དོགས་པ་སྐྱེས་སོང་ལ། དེ་ལྟར་སྐྱེ་མི་ཆོག་ཅེས་བཙན་བཀའ་གཏོང་མཁན་ཚོས་ཐེ་ཚོམ་ཟ་མི་ཆོག་ཡིད་ཆོས་བྱེད་དགོས་ཟེར་བཞིན་ཡོད་པས་ཁྲིམས་ལུགས་དང་ཀུན་སྤྱོད་གང་ཞིག་དང་མཐུན་ཐབས་མེད་ན་ངེད་ཀྱིས་ཀྱང་ལགས་སོ་དང་ཡ་ཡ་ཟེར་ཐུབ་ཐབས་མི་འདུག 

གྲྭ་གཟུགས་དང་བླ་རྒན་སོགས་དེང་སྐབས་གྲྭ་པ་མིག་ལ་མི་འགྲོ་བའི་མི་འགས་སྤྱོད་བཞིན་པའི་ཐ་སྙད་དེ་དག་ཡང་སྐོར་བསྐྱར་སྐོར་བྱེད་ལུགས་ལ་ལྟོས་ན་ཆེད་དུ་གྲྭ་པའི་སྡེ་ནག་པོ་བཟོ་ཐབས་ཀྱི་ངན་ཇུས་འཐེན་པ་གསལ་པོ་རེད། བོད་ཆོས་དང་བླ་མས་འཕུང་། གྲྭ་པ་དང་ཆོས་པ་མི་མཁོ་ཟེར་བའི་གསར་བུ་སྣང་མཐོ་འགས་བྱེད་ལུགས་ཤ་ཚ་དགོས་པ་དེ་དག་ལ་སྙིང་རྗེ་བ་ལས་འོས་མེད་ན་ཡང་། མ་མཐའ་ཡང་མིག་གཉིས་རེ་ཡོད་པས་དེང་སྐབས་ཀྱི་གྲྭ་པ་ཚོས་ཉིན་མཚན་འཁོར་མོ་ཡུག་ཏུ་གཞུང་ལུགས་རབ་འབྱམས་ལ་བརྩོན་པ་གཅིག་ཏུ་མི་ལོ་བཅུ་ཕྲག་གསུམ་ཙམ་ལ་སྦྱོང་པ་དང་སྦྱང་འབྲས་རི་བོ་ལས་ཆེ་བ་དག་འཛམ་གླིང་ཁྱོན་དུ་སྟོན་བཞིན་ཡོད་ན་མི་མཐོང་བ་མི་སྲིད་པས་གུས་པས་ཆེད་དུ་ཁྱེད་ཅག་ལ་མིག་མ་བཙུམ་ཞེས་གདམས་པ་ཡིན།
གདམ་པ་འདི་ཉིད་ཁྱེད་ལ་སྩལ་བའི་དྲ་གྲོགས་ཁོ་བོས་བྱིན་པའི་ལག་རྟགས་ཙམ་ཡིན། ཁྱེད་ཀྱིས་ལག་སྙིལ་ཁ་སྦྱར་གྱིས་ལེན་པའི་ཆོ་ག་བྱེད་མ་ཐུབ་ནའང་ལྕེ་རྩེ་བཞག་ནས་མངར་སྐྱུར་གྱི་བྲོ་བ་རེ་མྱོང་དང་སླད་ནས་རང་ཉིད་འབབ་སྟེགས་མེད་པའི་མཐོ་ས་འཛེམ་ཡོད་པ་ཤེས་རྟོགས་དང་མྱོང་ཚོར་གསོན་པོ་རེ་སྐྱེ་ཡོང་བ་ཁོ་ཐག་ཡིན། དེ་དུས་རྐང་འོག་ན་ཡོད་ཀྱང་མཐོ་སྣང་དང་། ནག་ཁུང་ན་སྡོད་ཀྱང་ངོ་ཚ་བེར་བེར་གྱི་སྣང་བ་ལིང་ལིང་དེ་སྐྱེ་ངེས་པས་སྐབས་དེར་ཅི་ནས་ཀྱང་རྐང་པའི་འདེགས་འཇོག་མ་བཞག་པར་སྐྱོད་དང་འགྲོ་ལམ་རེ་ཡོད། ཁ་དྲོ་བཀྲ་ཤིས། 

བོད་ཀྱི་དུས་བབ་ཚང་གི་སྐྱུགས་བྲོ་བའི་ངོ་གདོང་།


དུས་བབ་ཚང་གི་འགྱུར་ལྡོག་སྣ་མང་ཁྲོད་ནས་དགེ་སྐྱོན་གྱི་རྐང་རྗེས་ཤ་མོ་རྡོལ་བ་བཞིན་བྱུང་ཡོད་ཅིང་། འཁྲུགས་ཆ་ཆེན་བའི་གླེང་རྙོག་དང་སྐུ་ངོ་རྣམ་པའི་གསང་བ། མཛད་གཙོ་དག་གི་ཕྱག་ལས། མཐའ་ན་རྡ་སའི་གསང་ལམ་ཁྲོད་ཀྱི་གཏམ་འཆལ་ཡོད་ཚད་གཅིག་གཅིག་གཉིས་གཉིས་བྱས་ནས་དྲ་ངོས་ན་སྤུངས་ཏེ་སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་རྭ་བའི་ནང་དུ་བསྒྲགས་གཏམ་སྤེལ་དགོས་བྱུང་ཡོད། 
མི་རིང་བའི་སྔོན་ནས་དུས་བབ་ཚང་གི་དྲ་ངོས་ན་༸གོང་ས་མཆོག་གི་མཛད་པ་དག་ཉུང་ནས་ཉུང་དུ་འགྲོ་བཞིན་འདུག་ཅིང་སྲིད་སྐྱོང་མཆོག་གི་མཛད་པ་མཐའ་དག་དྲ་ངོས་ནས་ཕྱི་ཕུད་བྱས་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ཡིན། ད་དུང་བདག་གི་དྲ་གྲོགས་རྩོམ་པ་པོ་འགའ་ཤེས་ཀྱིས་རང་ཉིད་ཨ་མདོ་བ་མིན་པའི་རྒྱུ་མཚན་དེ་རང་གིས་ལེགས་རྩོམ་དུས་བབ་ཚང་གི་དྲ་ངོས་དང་ཚགས་པར་གྱི་པར་ངོས་ན་ཁྱོན་ནས་བཀོད་ཀྱི་མི་འདུག་ཅེས་སྡུག་སྐད་ཐེངས་མང་རྒྱབ་སོང་ཡང་གུས་པས་དེ་འདྲ་རང་དང་ཨེ་ཡིན་སྙམ་ནས་ཡིད་གཉིས་ཐེ་ཚོམས་གྱི་རྒྱར་ཚུད་ནས་ཡོད། 

ཏག་ཏག་སྐབས་འདིར་ལྡི་ལི་ན་ཨ་མདོ་བ་གཉིས་གསོད་རེས་བྱས་ཏེ་བཀྲ་ཤིས་སྣ་ནག་མ་ཞིག་འབྲུག་སྒྲ་བཞིན་ག་ས་གང་དུ་རྡིར་བཞིན་པའི་སྒང་དེར་མི་སུ་ཡིན་དང་གནད་དོན་ཅི་ཞིག་ཆེད་དུ་བྱུང་མིན་སོགས་གླེང་སློང་སྣ་ཚོགས་བྱེད་བཞིན་འདུག་ཅིང་། གཏེལ་ཁེལ་བའི་ལན་ཞིག་མ་རག་སྟབས་དུས་བབ་ཚང་གི་དྲ་ངོས་ན་མིག་བཤེར་ཞིག་བྱས་མོད། འདིའི་སྐོར་ཅི་ཡང་གླེང་མི་འདུག་ཅིང་གནས་ཚུལ་བྱུང་ནས་ཆུ་ཚོད་24ལྷག་སོང་ནའང་ད་དུང་ཟུར་ཙམ་ཡང་བཀོད་མི་འདུག དུས་རྒྱུན་དུས་བབ་ཚང་གིས་སྣ་ནག་མ་ཞིག་བྱུང་མ་ཐག་དྲ་ངོས་ན་གསལ་ལེ་བཀོད་ཐུབ་པའི་ལག་རྩལ་དང་མཐུ་སྟོབས་དེ་གང་ན་སོང་བ་ཡིན་ནམ། 
ཨ་མདོ་བའི་བཟོས་པའི་སྣ་ནག་མ་དེ་དུས་བབ་ཚང་གི་དྲ་ངོས་ན་མི་ཤོང་དོན་ཅི་ཡིན་ནམ། ཧཧཧ


ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...