ཤིང་མོ་ལུག་གི་ལོ་གསར་བསུ་བའི་ཤིས་ཚིག་མཚར་པོ་མ།











མཆོག་གསུམ་རིན་ཆེན་བྱིན་རླབས་ཆུ་རྒྱུན་བབ།།
བདེན་སྟོབས་རྟེན་འབྲེལ་བསླུ་མེད་འབྲས་བཟང་སྨིན།།
འཕགས་ཚོགས་འདུས་སྡེ་དབྱར་མཚོ་དཔལ་ལ་འགྲན།།
དཀོན་མཆོག་རིན་ཆེན་གསུམ་གྱི་བཀྲ་ཤིས་ཤོག།

འཛམ་གླིང་ཆེ་དགུ་ཡོངས་ཀྱི་བླ་ན་མེད།།
བོད་འབངས་སྐྱེ་འགྲོ་ཀུན་གྱི་གཉེན་གཅིག་བུ།།
ཞི་བསིལ་ཆབ་ཀྱིས་བརླང་སྤྱོད་རབ་གཏུལ་བའི།།
སྐྱབས་མགོན་༸རྒྱལ་བ་མཆོག་གི་བཀྲ་ཤིས་ཤོག།

ཁ་བ་གངས་ཅན་པ་ཡི་མི་འཇིགས་ཁྲིར།།
བརྗིད་ཉམས་ཁམས་པའི་ཕོ་རྒོད་རུས་ཚུགས་ཅན།།
མེས་པོའི་སྙིང་ཁྲག་འཁོལ་བའི་དཔའ་སྟོབས་རྒྱས།།
སྲིད་སྐྱོང་བློ་བཟང་སེངྒེའི་བཀྲ་ཤིག་ཤོག།


རང་སྲོག་མེ་ལྕེ་དམར་པོའི་ཞལ་ལ་བཏབས།།
ཟུངས་ཁྲག་བདེན་པའི་དཔུང་དུ་གནམ་ལ་གཏོར།།
མེས་པོའི་དཔའ་ལ་རང་གི་ཁུ་ཚུར་སྒྲིམས།།
གངས་ཅན་དཔའ་བོ་དཔའ་མོའི་བཀྲ་ཤིས་ཤོག།

བྱམས་ལ་བརྩེ་བ་མཐུད་པའི་ལས་བཟང་མ།།
དྲོད་འཇམ་བྲང་ལ་སྦྱར་ནས་ནུ་ཞོས་གསོས།།
སྲོལ་བཟང་རྒྱུན་ལ་དེང་གི་དཔའ་ཡོན་སྣོན།།
ཁ་བ་གངས་ཅན་ཕ་མའི་བཀྲ་ཤིས་ཤོག།

ཤ་ཟད་རུས་ལ་ཐུག་ཀྱང་ཕྱི་ནུབ་མེད།།
རུས་རྐང་རྡོ་ལ་བརྡབས་ཀྱང་འཕང་སེམས་བྲལ།།
བོད་ཁམས་སྲོག་ཏུ་སྒོམ་པའི་གཞོན་སྐྱེས་ཚོགས།།
བོད་ཕྲུག་ཁ་ཕོ་ཅན་ཚོའི་བཀྲ་ཤིས་ཤོག།

གངས་དཀར་ཁ་བས་བསྟུམ་པའི་རི་ཚོམ་འབུར།།
ནོར་གཏེར་རིན་ཆེན་འདུས་པའི་ཕ་ས་ཆེ།།
དྭངས་བསིལ་གཙང་པོས་འཛམ་གླིང་ས་ཁྱོན་སྐོར།།
ཕ་ས་གངས་ཅན་ལྗོངས་ཀྱི་བཀྲ་ཤིས་ཤོག།

གཡང་དཀར་ལུག་ལ་རིན་ཆེན་རྒྱན་གྱིས་སྤྲོས།།
སྣ་ལྔ་དར་ཚོན་ལྷབ་ལྷུབ་རླུང་བུས་སྐྱོད།།
འབྲི་སྣ་ལྔ་འདུས་གྲོ་སོ་ཕྱེ་མ་ཕུད།།
ཁྱིམ་ཚང་ནོར་གྱིས་གང་བའི་བཀྲ་ཤིས་ཤོག།

ནང་འཛོམས་ཕུ་ནུའི་རླུང་རྟ་དགུང་དུ་འཐོར།།
ཁྱིམ་དང་མནའ་མའི་ལས་བསོད་གང་དུ་འཕེལ།།
ནོར་ཕྱུག་ཕྱྭ་གཡང་འཕེལ་ཁ་ཁྲི་སྟོང་འབུམ།།
གཞིས་ཁྱིམ་དགེ་ལེགས་དཔལ་གྱི་བཀྲ་ཤིས་ཤོག།

ཕ་མ་བུ་ཕྲུག་ལྷན་འཛོམས་སྐྱིད་ལ་རོལ། 
ཞིམ་ཟས་མངར་སྐྱུར་ཇ་འཐུང་དགོད་སྒྲས་ཁེངས།
དཔྱིད་ལོ་གཡང་དཀར་ལུག་གི་ལོ་གསར་དེས།།
ཅི་བསམ་དགོས་འདོད་ཀུན་འབྱུང་བསུས་ནས་ཤོག།
-----------------
  2015-2-18

No comments:

Powered by Blogger.