སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྣམ་གྲངས་གསར་པ།


ཡོང་ཁུངས། དུས་བབ།

བརྡ་འཕྲིན་དང་ཚོང་ལས་ཅན་གྱིས་དབང་བསྒྱུར་བའི་དུས་རབས་ཤིག་གི་འཕེལ་འགྲོས་དང་བསྟུན་ཏེ། བོད་སྐད་ཡིག་གིས་མིའི་རིགས་ཀྱི་རེ་འདོད་སྐོང་ཐུབ་ཅིང་། མེད་ཐབས་མེད་པའི་སྤྱི་ཚོགས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར་སླད། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་འདས་པའི་ལོ་ཤས་ནང་བོད་སྐད་ཡིག་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་མགོ་བརྩམས་ཡོད་སྟབས། འདི་གའི་གསར་འགོད་པས་དེའི་སྐོར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སུ་བཅར་འདྲི་ཞུས།

དྲི་བ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ལ་ལས་གཞི་མང་པོ་ཞིག་ཡོད་པའི་ཁྲོད་ནས་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་གཞི་དེ་ད་ཆར་གནས་སྟངས་གང་འདྲ་ཞིག་ལ་སླེབ་ཡོད་དམ།

ལན། སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ལས་གཞི་དེ་ཕྱི་ལོ་༢༠༡༢ ཟླ་ ༤ ཚེས་ ༢༠ ཉིན་མགོ་བཙུགས་ཏེ། ད་ལྟ་ལོ་ ༣ འཁོར་གྲབས་ཡོད་པ་རེད། ལོ་གསུམ་རེ་བྱས་ནས་བསྡོམས་པའི་ལོ་ ༩ ཡི་ལས་གཞི་བང་སྒྲིག་ཡོད་པ་ལྟར། ལོ་གསུམ་རེའི་ནང་ལས་ཀ་ཅི་ཙམ་བྱེད་ཐུབ་པ་དེ་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱ་རྒྱུ་ཡིན། འགྲེམས་སྤེལ་དགོས་པའི་རྒྱུ་མཚན་དེ་དང་པོ་ནས་གཅིག་ཀྱང་མ་ནོར་བར་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུ་ཁག་པོ་ཡིན་སྟབས། མཉེན་ཆས་དང་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་མཆན་རྒྱག་ས་ཡོད་པ་བཟོས་ནས་མར་བསྟན་བཞག་པ་ཡིན་ན། ནོར་བ་དང་མ་འགྲིག་པ་ཚང་མ་མཆན་བརྒྱབ་སྟེ་ང་ཚོའི་སར་བསླེབ་ཡོང་སྟབས། གཙོ་བོ་བསྐྱར་བཅོས་བྱེད་པར་ཕན་ཐོགས་པ་རེད། རྗེས་མའི་ལོ་གསུམ་ནང་སྔོན་མའི་ནང་ནོར་ཡོད་པ་དེ་ཚོར་བཟོ་བཅོས་རྒྱག་རྒྱུ་དང་། དེའི་ཐོག་ཐ་སྙད་གསར་པ་ཁ་སྣོན་རྒྱག་རྒྱུའི་འཆར་གཞི་བསྒྲིགས་ཡོད། འཆར་གཞི་བསྒྲིགས་པ་ལྟར་ང་ཚོས་ལོ་དང་པོ་གསུམ་དེར། བོད་ཡིག་ཐ་སྙད་ཀྱི་གྲངས་འབོར་ཆ་ནས་འབུམ་གཅིག་ཡོང་རྒྱུར་རེ་བ་རྒྱག་གི་ཡོད། ང་ཚོའི་ངོས་ནས་ཐ་སྙད་ཁྲི་ ༨ དང་ཡན་ལག་ཁག་ནས་ཁྲི་ ༢ བྱུང་ན་འགྲིག་འདུག གང་ཡིན་ཟེར་ན། དགོན་སྡེ་ཁག་གི་ནང་རྩོམ་སྒྲིག་ཚོགས་ཆུང་འཛུགས་རྒྱུ་དེ་ལས་སླ་བོ་མེད་ལ། ཉམས་མྱོང་སོགས་གང་ཅིའི་ཆ་ནས་ཅུང་ཁག་པོ་རེད་ཡོད་ཀྱང་། ཐོག་མ་ནས་འཆར་གཞི་བཀོད་པ་གཞིར་བཟུང་ང་ཚོའི་ས་གནས་ཁག་གི་རྩོམ་སྒྲིག་ཁང་དག་གི་ལས་གཞི་ཏག་ཏག་འགྲོ་ཐུབ་ཀྱི་འདུག ཉེ་སྔོན་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་ཚིག་མཛོད་དབུ་འབྱེད་བཀའ་དྲིན་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུས་བ་ལྟར། འདི་ལོའི་ཕྱི་ཟླ་ ༡༢ ནང་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱ་རྒྱུ་ཐག་ཆོད་ཚར་བ་རེད།

ད་ལྟ་ང་ཚོས་བཟོ་བཞིན་པ་དེ་བོད་ཡིག་རྐྱང་པའི་ཚིག་མཛོད་ཆེན་མོ་ཞིག་རེད། ཐ་སྙད་གསར་པའི་ཐོག་ལ་བོད་ཕྱི་ནང་གཉིས་སུ་ཕྱག་ལས་གནང་མཁན་མང་པོ་ཡོད་སྟབས། ལས་ཀ་ཉིས་རྩེག་གསུམ་རྩེག་བྱས་ན་ཕན་ཐོགས་མི་འདུག བོད་པའི་ཐ་སྙད་རྙིང་པ་དེ་ཚོ་ཚིག་མཛོད་ནང་འཇུག་དགོས་པ་དེ་དཔེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ང་ཚོས་ཕར་ཚུར་རྩད་གཅོད་བྱས་དུས་ད་ལྟའི་བར་བོད་ཡིག་ཚིག་མཛོད་ ༥༠ ལྷག་ཡོད་པ་དང་། དེ་ཚོའི་ནང་ནས་ལོ་རྒྱུས་རང་བཞིན་གྱི་ཚིག་མཛོད་དང་སྨན་གྱི་ཚིག་མཛོད་སོགས་ཆེད་ལས་ཀྱི་ཚིག་མཛོད་ཁ་ཤས་མ་གཏོགས་མང་ཆེ་བ་གཅིག་པ་འདྲ་བོ་རེད། མདོར་བསྡུས་ན་ད་སྔ་བོད་ཡིག་གི་ཚིག་མཛོད་ཐ་སྙད་ཁྲི་བདུན་གྱི་སྒང་ལ་བསླེབས་པ་ཞིག་མི་འདུག སྤྱིར་བཏང་བོད་ལ་ཐ་སྙད་འབུམ་ཁ་ཤས་ཡོད་ཀྱང་མང་ཆེ་བ་དཔེ་ཆའི་ནང་ལྷག་སྟེ་ཚིག་མཛོད་ནང་དུ་བཏོན་ཐུབ་མེད་པས། ཐ་སྙད་རྙིང་པ་དེ་ཚོ་ཚིག་མཛོད་ནང་འཇུག་ཐབས་བྱེད་ཀྱིན་ཡོད། ང་ཚོའི་ཐ་སྙད་གསར་རྙིང་གི་དབྱེ་མཚམས་དེ་ཕྱི་ལོ་ ༡༩༥༠ སྔོན་གྱི་དེབ་ཐོག་ཏུ་ཡོད་པ་དེ་ཚོར་ཐ་སྙད་རྙིང་པ་དང་། དེའི་མར་འདབས་ཀྱི་ཐ་སྙད་དེ་ཚོར་ཐ་སྙད་གསར་པ་ཟེར་བའི་ཚད་གཞི་བཟུང་སྟེ། ང་ཚོས་ད་ལྟ་གཙོ་བོ་ཕྱི་ལོ་ ༡༩༥༠ སྔོན་ཡིག་ཐོག་ཏུ་བཀོད་པའི་ཐ་སྙད་དེ་ཚོ་སྒྲུག་རྒྱུ་དང་། དེའི་འགྲེལ་བཤད་རྣམས་ཚད་ལོན་པ་ཞིག་བཟོ་རྒྱུ་དེ་གནད་འགག་གཅིག་རེད། གཉིས་ནས་གོང་དུ་བཤད་པ་ལྟར་བོད་ཡིག་ཚིག་མཛོད་ ༥༠ ལྷག་ཡོད་ཀྱང་། དེ་ཚོ་དེང་སང་ཡར་རྒྱས་ཕྱིན་པའི་ཚིག་མཛོད་རིག་པའི་གཞུང་ལུགས་དང་བསྡུར་བ་ཡིན་ན། ཚིག་མཛོད་ཀྱི་འགྲོ་སྟངས་ཡོད་པ་དག་ཡིག་གསར་སྒྲིག་གཅིག་པུ་རེད། དག་ཡིག་གསར་སྒྲིག་ཀྱང་དུས་ཀྱིས་སྔ་བོ་ཡིན་པས་དཔེ་ལེན་ས་སོགས་གང་ཅིའི་ཆ་ནས་ཚིག་མཛོད་རིག་པའི་གཞུང་ལུགས་ལྟར་ཏག་ཏག་ཅིག་ཁག་པོ་ཆགས་ཡོད་པ་རེད། དེང་སང་ང་ཚོར་དཔེ་ལེན་ས་དང་ཞིབ་འཇུག་བྱེད་ས་མང་པོ་ཡོད་དུས། ང་ཚོས་གཙོ་བོ་དེང་དུས་ཀྱི་ཚིག་མཛོད་སྐད་གྲགས་ཆེན་པོ་དེ་ཚོའི་འགྲོ་སྟངས་དང་། གཞུང་ལུགས་ཀྱི་ལེགས་ཆ་བླངས་པའི་ཐོག བོད་སྐད་ཡིག་གི་ཆོས་ཉིད་དང་ཡང་མཐུན་དགོས་པ་དེ་དཔེ་གལ་ཆེན་པོ་རེད། དེར་བརྟེན་ང་ཚོའི་ཚིག་མཛོད་སྒྲིག་སྟངས་ཀྱི་སྒྲོམ་གཞིར་དཀའ་ལས་མང་པོ་བརྒྱབ་ཡོད་ལ། གང་ལ་གང་འཚམ་ཡག་པོའང་ཆགས་ཡོད་བསམ་གྱི་འདུག ད་ལྟའི་ཆར་དགོན་སྡེ་ཁག་གི་ནང་ཚིག་མཛོད་རྩོམ་སྒྲིག་ཚོགས་ཆུང་ ༢༡ ཡོད་པ་དང་། མི་ ༡༠༠ ལྷག་གིས་ལས་ཀ་བྱེད་བཞིན་ཡོད་ལ། ད་དུང་རྩོམ་སྒྲིག་ཚོགས་ཆུང་ཁག་གཉིས་ཤིག་གང་མགྱོགས་གསར་དུ་འཛུགས་འཆར་ཡོད། ལས་གཞི་འདི་རྒྱ་ཆེན་པོ་དང་གལ་ཆེན་པོ་རེད། དཔེར་ན། ཨོག་སི་ཧྥོར་ཌི་ཚིག་མཛོད་(Oxford Dictionary)ཆ་ཚང་བསྡོམས་ན། དེབ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དང་། གཙུག་ལག་སློབ་ཆེན་དེའི་ནང་ཚིག་མཛོད་རྩོམ་སྒྲིག་སྡེ་ཚན་བཙུགས་ནས་ལོ་ ༡༢༧ ལྷག་ཕྱིན་ཡོད་པ་རེད། ང་ཚོས་བཙན་བྱོལ་ནང་ལོ་༡༠༠ ལ་ལས་ཀ་བྱེད་རྒྱུ་ཏོག་ཙམ་ཁག་པོ་ཡིན་ནའང་། ལོ་ ༩ དང་ ༡༠ ལ་ལས་ཀ་བྱེད་རྒྱུ་དེ་ཞེ་དྲགས་ཁག་པོ་ཞིག་མིན་པས། ང་ཚོས་དེ་འདྲ་ཞིག་ལ་རེ་བ་བརྒྱབ་པ་ལྟར་ཡག་པོ་འགྲོ་ཐུབ་ཀྱི་འདུག

དྲི་བ། ཡུལ་ཕྱོགས་གང་སར་ཡོད་པའི་རྩོམ་སྒྲིག་ཚོགས་ཆུང་ཁག་ལ་ལས་ཀ་དང་འབྲེལ་བའི་ལམ་སྟོན་དང་བསམ་འཆར་བརྗེ་ལེན་སོགས་བྱེད་པར་དཀའ་ངལ་འཕྲད་ཀྱི་འདུག་གམ།

ལན། ༸གོང་ས་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལ་བརྟེན་ནས་དཀའ་ངལ་ཆེ་ཤོས་དེ་ཚོ་སེལ་འགྲོ་ཡི་ཡོད་པ་རེད། ཡིན་ནའང་། ལས་ཀ་ག་རེ་བྱས་པ་ཡིན་ནའང་དཀའ་ངལ་ཞིག་ཡོད་ཡོད་པ་རེད། རྩོམ་སྒྲིག་ཚོགས་ཆུང་དེ་ཚོ་ག་ས་གང་དུ་ཡོད་དུས་བརྡ་ལན་ཏག་ཏག་མི་འཕྲོད་པའི་དཀའ་ངལ་འདུག དགོན་པ་ཁག་ནང་དྲ་ལམ་གྱི་མཐུན་རྐྱེན་ཡག་པོ་མེད་པ་དང་། ང་ཚོ་ཕར་འགྲོ་དགོས་བྱུང་ནའང་བལ་ཡུལ་དང་ལྷོ་ཕྱོགས་སོགས་ག་ས་གང་དུ་ཡོད་དུས་ལས་སླ་བོ་ཞིག་མ་རེད། འོན་ཀྱང་། ང་ཚོས་ལོ་རེའི་ནང་ཚོགས་འདུ་རེ་བསྡུས་ནས་སོ་སོའི་དཀའ་ངལ་དང་ཉམས་མྱོང་། ག་རེ་བྱེད་དགོས་ཀྱི་ཡོད་མེད་སོགས་ཀྱི་ཐོག་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད། རྩ་བའི་ཁ་པར་དང་སྐད་འཕྲིན་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད་ཀྱང་། ཐག་ཉེ་སར་ཡོད་པ་ལྟ་བུའི་ལས་སླ་བོ་ཞིག་མ་རེད། འབྲེལ་བ་བྱེད་པར་དཀའ་ངལ་ཡོད་ཀྱང་གདོང་ལེན་བྱེད་དགོས་པ་རེད། ང་ཚོའི་ངོས་ནས་ཕར་འགྲེལ་བཤད་རྒྱག་རྒྱུ་དང་ཡིག་ཆ་མཁོ་སྤྲོད་བྱེད་པར་ཏག་ཏག་ཅིག་བྱེད་མ་ཐུབ་པ་དང་། ཁོང་ཚོའི་ངོས་ནས་ཀྱང་ཚུར་འབྲེལ་བ་བྱེད་པར་དཀའ་ངལ་འཕྲད་བསྡད་པ་མང་པོ་ཡོང་གི་འདུག ཡིན་ནའང་རིམ་གྱིས་ཅིག་འགྲིག་འགྲོ་བ་རེད་བསམ་གྱི་འདུག

དྲི་བ། ཚིག་མཛོད་ཆེན་མོ་དེ་ལ་ཁྱད་ཆོས་གཙོ་བོ་ག་རེ་ཡོད་དམ།

ལན། ང་ཚོ་དྷ་རམ་ས་ལ་ནས་ད་ལྟའི་བར་ལས་ཀ་བྱས་པ་དེ་སྤྱིར་བཏང་གི་ཐ་སྙད་རིགས་ཡིན་ལ། ཚིག་མཛོད་འདིའི་ནང་དམིགས་བསལ་ཞིག་ལ་བརྡ་སྤྲོད་དང་སྙན་ངག སྐར་རྩིས། ནག་རྩིས་ལ་སོགས་པའི་ཐ་སྙད་རིགས་ཧ་ལམ་ད་ལྟའི་བར་བྱུང་མ་མྱོང་བ་ཞིག་ཡོད་ཅེས་བཤད་ན་འགྲིག་གི་རེད། ལྷག་པར་དུ་ཚིག་མཛོད་ནི་མི་ཤེས་མཁན་ཞིག་ལ་ཤེས་པའི་ཆེད་དུ་བསྒྲིགས་པ་ཡོད་དུས། སྒྲིག་སྟངས་དེ་སྟབས་བདེ་བཟོ་རྒྱུ་གལ་ཆེན་པོ་རེད། ང་ཚོས་རྩ་བའི་སྡེ་ཚན་ཁག་ ༡༧ ཞིག་དབྱེ་བ་དགར་ནས་སྒྲིག་གི་ཡོད། ཡིན་ནའང་ཐོན་དང་པོའི་ནང་སྡེ་ཚན་ཚང་མ་གཙང་མ་རེད་དམ་ཟེར་ན་དེའང་མ་རེད། རིམ་གྱིས་ཡར་རྒྱས་བཏང་ནས་འགྲོ་དགོས་པ་རེད། དེ་ནས་ཆོས་ལུགས་ཀྱི་ཐ་སྙད་ལ་ཆ་བཞག་ན། སྔ་མའི་ཚིག་མཛོད་དེ་ཚོའི་ནང་དུ་ཐ་སྙད་གཅིག་ལ་གོ་དོན་བཅོ་ལྔ་ཉི་ཤུ་སུམ་བཅུ་དེ་འདྲ་ཡོད་ཀྱང་། རེ་ཟུང་རེ་ཟུང་མ་གཏོགས་ཆ་ཚང་བ་ཞིག་མེད་སྟབས། འགྲེལ་ཚུལ་མ་འདྲ་བ་མང་པོ་ཡོད་པ་དེ་ཚོ། ཕྱོགས་སོ་སོ་ནས་ཡར་སྒྲུག་གི་ཡོད་པ་དེ་དམིགས་བསལ་གྱི་ཁྱད་ཆོས་འདྲ་བོ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ནས་ཚིག་མཛོད་ཀྱི་སྒྲོམ་གཞི་སྒྲིག་སྟངས་རེད། ད་ལྟའི་བར་བོད་ཡིག་གི་ཚིག་མཛོད་སྒྲིག་སྟངས་དེ་འདྲ་ཡོད་པ་དག་ཡིག་གསར་སྒྲིག་གཅིག་པུ་རེད། བོད་རྒྱ་ཚིག་མཛོད་དེ་ལྟར་བསྒྲིགས་ཡོད་ཀྱང་རྒྱ་ཡིག་མ་གཏོགས་བོད་ཡིག་ཐོག་གང་ཡང་བསྒྲིགས་ཡོད་པ་མ་རེད། མདོར་བསྡུས་ན་ང་ཚོའི་དམིགས་བསལ་གྱི་ཁྱད་ཆོས་འདྲ་བོ་དེ་ཚིག་མཛོད་ཀྱི་སྒྲོམ་གཞི་སྒྲིག་སྟངས་དང་འགྲེལ་བཤད་རྒྱག་སྟངས། སྟབས་བདེ་ཡོང་ཆེད་འདྲི་ཚིག་དང་ལྡོག་ཚིག་ཟེར་བ་ལྟ་བུའི་ཁྱད་ཆོས་མང་པོ་ཞིག་བསྒྲིགས་ཡོད་ལ། སྡེ་ཚན་ཁག་ ༡༧ ནང་ཁྱད་ཆོས་མ་འདྲ་ཞིག་ཡོད་པ་རེད།

དྲི་བ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ནག་རྩིས་སྐོར་གྱི་མཉེན་ཆས་ཤིག་བཟོས་ཡོད་པའི་གནས་ཚུལ་འདུག དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། སྔོན་མ་ང་ལྷོ་ཕྱོགས་སེ་ར་དགོན་པར་ཡོད་དུས་ནག་རྩིས་སྐོར་གྱི་མཉེན་ཆས་ཤིག་བཟོ་མྱོང་ཡོད། ཡིན་ནའང་། ཕྱིས་སུ་གློག་ཀླད་འཕྲོ་བརླག་ཏུ་ཕྱིན་ནས་ཕན་ཐོགས་མ་སོང་། ནག་རྩིས་ཟེར་ན་འདྲ་གང་ལྟར་འབྱུང་རྩིས་ཀྱི་ཚེ་རབས་ལོ་རྩིས་དང་གེགས་རྩིས་སོགས་རྩིས་ཀྱི་འགྲོ་སྟངས་མང་པོ་ཞིག་ཡོད་པ་དེ་ཚོ་སྟབས་བདེ་ཡོང་ཆེད། རྗེས་སུ་ཡང་མཚམས་མཚམས་ལ་བསྒྲིགས་ནས་ད་ལྟ་བརྒྱ་ཆ་ ༩༩ བཟོས་ཚར་ཡང་གཞུང་ལུགས་དག་ལ་ཞུ་དག་གཏོང་རྒྱུ་ལྷག་བསྡད་ཡོད། འབྱུང་རྩིས་ཀྱི་སྐོར་དེ་རྒྱ་ནག་དང་རྒྱ་གར། ཉི་ཧོང་སོགས་ལུང་པ་མང་པོར་ཡོད་པ་དང་། ཧ་ལམ་ཁོ་ཚོ་ཚང་མས་གློག་ཀླད་ཀྱི་བརྒྱུད་ལམ་ནང་བཟོས་ཚར་ཡོང་ཀྱང་། ང་ཚོ་བོད་པའི་དེ་ལྷག་བསྡད་ཡོད་པ་རེད། དགེ་རྩེ་རིན་པོ་ཆེ་མཆོག་གིས་སྦྱིན་བདག་གནང་སྟེ། འདི་ལོའི་ལོ་མཇུག་ཙམ་ལ་རིན་མེད་ཀྱིས་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱ་འཆར་ཡོད།

དྲི་བ། ཡི་གེ་དང་བརྡ་སྤྲོད་ཞུ་དག་གཏོང་བྱེད་ཀྱི་མཉེན་ཆས་ཤིག་བཟོ་རྒྱུའི་ལས་འཆར་ཡོད་པ་དེ་ལེགས་འགྲུབ་བྱུང་ཡོད་དམ།

ལན། བོད་སྐད་ཡིག་གི་གཞི་རྩའི་དཀའ་ངལ་དེ་འཕྲུལ་ལས་ཀྱི་བརྒྱུད་ལམ་ནས་སེལ་དགོས་ཀྱི་ཡོད་ན། དང་པོ་ཡིག་གཟུགས་བཟོ་བ་དང་ཐ་སྙད་ཆ་ཚང་ཞིང་། འགྲེལ་བཤད་མ་ནོར་བ་དགོས་པ་དང་། གཉིས་པ་རང་འགུལ་གྱིས་ཡི་གེར་ཞུ་དག་གཏོང་ཐུབ་པ། གསུམ་པ་ཡི་གེ་ཀློག་ཐུབ་པ་བཅས་བྱུང་བ་ཡིན་ན་གཞི་རྩའི་དཀའ་ངལ་ཆ་ཚང་སེལ་ཐུབ་ཀྱི་ཡོད་པ་རེད། དེ་འདྲ་མ་གཏོགས་སྐད་ཡིག་གཞན་ལའང་དམིགས་བསལ་ཅི་ཡང་ཡོད་པ་མ་རེད། ད་ལྟ་ང་ཚོས་ཚིག་མཛོད་སྒྲིག་བཞིན་པ་དེ་ཐ་སྙད་ཆ་ཚང་བ་ཞིག་དང་དེ་ཚོར་འགྲེལ་བཤད་ཡག་པོ་ཞིག་ཡོང་བའི་ཆེད་དུ་རེད། དེ་ནས་ཡི་གེ་ཞུ་དག་གཏོང་བ་དེར་ང་ཚོས་གཉེན་ཆས་བཟོས་ནས་བརྒྱ་ཆ་ ༣༠ འདྲ་བོ་ཞིག་ཞུ་དག་གཏོང་ཐུབ་ཀྱི་ཡོད་ཀྱང་། ཞུ་དག་གཏོང་བ་དེ་ཧང་ཅང་མགོ་རྙོག་རེད། དབྱིན་ཡིག་དང་མི་འདྲ་བར་བོད་ཡིག་གི་འགྲོ་སྟངས་དེ་དཔེ་དཀའ་ལས་ཁག་པོ་ཆགས་བསྡད་ཡོད་པ་རེད། མ་འོངས་པར་བརྒྱ་ཆ་ ༦༠ ཙམ་ཞུ་དག་གཏོང་ཐུབ་ཀྱི་འདུག་ན་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱེད་རྒྱུའི་འཆར་གཞི་ཡོད། ཡིན་ནའང་། དེ་ཕལ་ཆེར་ལོ་རྗེས་མ་མ་གཏོགས་ཡོང་ས་མ་རེད། ང་ཚོས་ད་ལྟ་དེའི་ཐོག་ཞིབ་འཇུག་དང་ཐབས་ཤེས་འདྲ་མི་འདྲ་བྱེད་བཞིན་ཡོད་ཀྱང་ཕུན་སུམ་ཚོགས་པོའི་ཐབས་ཤེས་ཤིག་རག་ཁག་པོ་འདུག

དྲི་བ། ཉེ་སྔོན་གྷོའུ་གྷིལ་(Google)ནང་དབྱིན་ཡིག་ཚིག་དུམ་དེ་འདྲ་བོད་ཡིག་དང་རྒྱ་ཡིག་ཐོག་བསྒྱུར་བའི་གནས་ཚུལ་ཞིག་ཐོན་སོང་ལ། དེར་མི་མང་གིས་ཀྱང་དོ་སྣང་གང་འཚམ་བྱས་ཏེ་ཚིག་དུམ་མང་པོ་བོད་སྒྱུར་བྱེད་བཞིན་འདུག ལས་གཞི་དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། རྩ་བའི་ངས་དེའི་སྐོར་ཡག་པོ་ཞིག་ཤེས་མ་སོང་། སྤྱིར་བཏང་གྷོའུ་གྷིལ་ནང་ཡིག་སྒྱུར་བྱེད་ཐབས་ལ་འགྲོ་སྟངས་ཁག་གཉིས་ཡོད་པ་ལས་གཅིག་ཚིག་དུམ་ཚིག་དུམ་བསྒྱུར་རྒྱུ་རེད། ཚིག་དུམ་བསྒྱུར་བ་དེ་ཡག་པོ་བྱུང་བ་ཡིན་ན། ཚིག་དུམ་དེ་འདྲ་ཞིག་གང་དུ་སླེབ་པ་ཡིན་ནའང་བསྒྱུར་འཇོག་གི་རེད། དེ་ལས་ཀ་མང་པོ་ཆགས་ཀྱི་རེད་མ་གཏོགས་གློག་ཀླད་ཐོག་ནས་སྟབས་བདེ་བོ་ཞིག་རེད། དཔེར་ན། དབྱིན་ཡིག་ནང་ཁྱེད་རང་བདེ་བོ་ཡིན་པས་ཟེར་བའི་ཚིག་དུམ་ཞིག་བོད་ཡིག་ནང་བསྒྱུར་བཞག་པ་ཡིན་ན། དེ་འདྲའི་ཚིག་ཅིག་གང་དུ་ཡོད་ནའང་གྷོའུ་གྷིལ་ནང་ནས་ཐད་ཀར་བསྒྱུར་ཐུབ་ཀྱི་ཡོད་པ་རེད། དེ་མིན་ཐ་སྙད་རེ་རེ་དང་བརྡ་སྤྲོད་ཀྱི་འགྲོ་སྟངས་ཐོག་ནས་བསྒྲིག་དགོས་བྱུང་ན་དཔེ་མི་སྲིད་པའི་རྙོག་དྲ་ཚ་བོ་རེད། དབྱིན་ཇིའི་ནང་ཚིག་གི་གྲུབ་ཆ་ (Part of speech)ཟེར་བའི་དབྱེ་སྟངས་ཤིག་འདུག་གཱ། བོད་ཡིག་ནང་དུའང་དང་པོ་དབྱེ་བ་དེ་ངེས་པར་དུ་དགར་ཐུབ་དགོས་པ་རེད། ཐ་སྙད་རང་ཐད་ཀར་བསྒྱུར་རྒྱུ་དེ་ཞེ་དྲགས་དཀའ་ལས་ཁག་པོ་མ་རེད། ཡིན་ནའང་། ཚིག་སྦྱོར་གྱི་འགྲོ་སྟངས་ལྟ་བུ་ཡིན་ན་དབྱིན་ཡིག་ལ་གཙོ་བོ་དབྱེ་བ་ཁག་བརྒྱད་ཡོད་པ་དང་། ང་ཚོའི་ཚིག་མཛོད་ནང་དེར་དབྱེ་བ་ ༡༡ ཡོད། དེ་ཚོ་ཕན་ཚུན་ར་འཕྲོད་དགོས་པ་རེད།

ད་ལྟ་ཚད་ལྡན་ཞིག་མིན་ཡང་མུ་མཐུད་ལག་བསྟར་བྱས་ན་རིམ་གྱིས་སྤུས་ཇེ་དག་ཏུ་འགྲོ་བ་རེད། གལ་ཆེ་ཤོས་དེ་འགན་འཁུར་མཁན་ཚོས་བོད་ཀྱི་སྐད་ཡིག་རིག་གནས་མགོ་ཡག་པོ་འཚོས་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། གྷོའུ་གྷིལ་ལས་ཁུངས་ནང་བོད་རིགས་བུ་མོ་ཞིག་ཡོད་པ་རེད་ཟེར་གྱི་འདུག་ལ། ཐེངས་འདིའི་ཡིག་སྒྱུར་གྱི་ལས་གཞི་དེའི་འགན་འཁུར་མཁན་ཡང་མོ་ཡིན་ས་རེད། སྔོན་མ་ང་ཚོས་འབྲེལ་བ་ཞིག་བྱས་པ་ཡིན། འོན་ཀྱང་། ཁོ་ཚོས་ལས་ཁུངས་དེ་འདྲར་མཉམ་ལས་བྱ་རྒྱུ་མིན། ཁྱེད་རང་སྒེར་གྱིས་བྱས་ན་འགྲིག་གི་རེད་ལབ་སོང་། སྒེར་གྱིས་ལས་ཀ་ག་རེ་བྱེད་དགོས་པ་རེད་དྲིས་དུས་ཐ་སྙད་སྟོང་ཕྲག་ཁ་ཤས་བསྐུར་ཡོང་གི་ཡིན་ལ། དེ་ཚོ་བསྒྱུར་དགོས་པ་རེད་ལབ་སོང་

དྲི་བ། ད་ལྟ་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཡོད་པའི་བོད་ཡིག་གི་ཡིག་གཟིགས་སྣ་ཚོགས་ཤིག་ཐོན་ཡོད་ཀྱང་། དེང་གི་ལག་འཁྱེར་ཁ་པར་(Android)དང་། ཡང་ན་པར་བཟོ་མཉེན་ཆས་(Photoshop)། དེབ་གཟུགས་བཟོ་འགོད་མཉེན་ཆས་(Indesign)། གློག་བརྙན་སྒྲིག་སྦྱོར་མཉེན་ཆས་(Premiere / moviemaker)སོགས་ཀྱི་ནང་བེད་སྤྱོད་ཐུབ་མིན་གྱི་དཀའ་ངལ་སྣ་ཚོགས་ཤིག་ཡོང་གི་ཡོད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།

ལན། རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཟེར་བ་དེ་ཕྱི་ལོ་ ༢༠༠༠ ལོར་རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་ཏུ་ཕྱིན་པ་དང་། དེ་སྐད་ཡིག་འགྲོ་སྟངས་གསར་པ་ཞིག་རེད། མཉེན་ཆས་བཟོ་མཁན་མང་པོ་ཞིག་གིས་སྐད་ཡིག་གི་འགྲོ་སྟངས་རྙིང་པ་དེའི་ཐོག་ནས་བཟོ་བཞིན་ཡོད་སྟབས། ཁོ་ཚོས་སྐད་ཡིག་གི་འགྲོ་སྟངས་གསར་པ་དེར་རྒྱབ་སྐྱོར་མ་བྱས་པ་ཡིན་ན་ཐབས་ཤེས་ཡོད་པ་མ་རེད། ཁོ་ཚོས་མཉེན་ཆས་གསར་པ་བཟོ་སྐབས། རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཀྱི་འགྲོ་སྟངས་ཡོད་པ་ཞིག་བཟོས་པ་ཡིན་ན་བོད་ཡིག་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་རེད། དེ་ཚོ་བོད་ཡིག་གཅིག་པུའི་དཀའ་ངལ་མ་རེད། རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ནང་སྐད་ཡིག་ ༡༧༠ ལྷག་ཡོད་པ་ཚང་མར་བེད་སྤྱོད་གཏོང་མི་ཐུབ་པ་མང་པོ་ཡོད་པ་རེད། འཛམ་གླིང་ཐོག་མཉེན་ཆས་ཚོང་གཉེར་ཁང་སྟོང་ཕྲག་མང་པོ་ཡོད་སྟབས། དེ་ཚོ་ཚང་མར་འབྲེལ་བ་བྱེད་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་། ཚོང་གཉེར་ཁང་ཁོ་རང་ཚོའི་ངོས་ནས་རྒྱལ་སྤྱིའི་ཐོག་གཏན་འབེབས་བྱས་པའི་སྐད་ཡིག་གི་འགྲོ་སྟངས་དེའི་ཐོག་གོམ་པ་སྤོས་པ་ཡིན་ན་དཀའ་ངལ་མེད་པ་ཆགས་ཀྱི་རེད། ལོ་ཁ་ཤས་བསྒུག་པ་ཡིན་ན་སྐད་གྲགས་ཅན་མང་ཆེ་བ་ཞིག་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཀྱི་འགྲོ་སྟངས་ཐོག་མི་འགྲོ་རང་འགྲོ་ཡོང་གི་རེད།

ཁ་པར་ལ་ཆ་བཞག་ན། དེང་སང་གི་ཁ་པར་མཛུབ་མོའི་ཐུག་རེག་གིས་འགུལ་སྐྱོད་བྱེད་པ་(Smart Phone)དེ་ཚོ་བསྡོམས་བརྒྱབ་ན། Windows Phone དང་ Android, IOS བཅས་གསུམ་གྱི་ནང་ཧ་ལམ་ཆ་ཚང་འདུས་ཀྱི་ཡོད་ལ། དེ་ཚོའི་ནང་ནས་ཁྱབ་ཆེ་ཤོས་དེ་ Android རེད། ཞིབ་འཇུག་བྱས་པ་ལྟར་ན། Android ཡིས་འཛམ་གླིང་ཡོངས་ཀྱི་ཁ་པར་གྱི་བརྒྱ་ཆ་ ༨༠ ཟིན་ཡོད་པ་དང་། Windows Phone གྱིས་བརྒྱ་ཆ་ ༡༠། ཀུ་ཤུ་ IOS ཡིས་བརྒྱ་ཆ་ ༡༠ ཟིན་ཡོད་པ་རེད། Android ཡིན་ན་ནང་ལོགས་ཀྱི་མ་ལག་གྷོའུ་གྷིལ་གྱིས་བཟོས་བ་དང་། ཕྱི་ལོགས་ཀྱི་ཅ་ལག་རྣམས་འཛམ་གླིང་གི་ཚོང་གཉེར་ཁང་མང་པོ་ཞིག་གིས་བཟོ་བཞིན་ཡོད་པ་རེད། ཡིན་ནའང་། ནང་ལོགས་ཀྱི་མ་ལག་ཚང་མ་གྷོའུ་གྷིལ་གྱིས་བཟོས་པ་ཡིན་དུས་དཀའ་ངལ་དེ་ཚོ་སེལ་དགོས་ན་གྷོའུ་གྷིལ་ལ་རག་ལས་ཡོད། གྷོའུ་གྷིལ་ལ་འབྲེལ་བ་བྱེད་ཐུབ་དགོས་པ་རེད།

དྲི་བ། སྨོན་ལན་བརྡ་འཕྲིན་ཞིབ་འཇུག་ཁང་ལ་མ་འོངས་པའི་ལས་འཆར་གསར་པ་ག་རེ་ཡོད་དམ།

ལན། ང་ཚོའི་ལས་ཁུངས་དང་པོ་བཙུགས་དུས་ཀྱི་འཆར་གཞི་དེ་ག་རེ་རེད་ཟེར་ན། བོད་ཡིག་གི་ཡིག་གཟུགས་དེ་ཚོ་རིམ་གྱིས་ཡར་རྒྱས་གཏོང་རྒྱུ་དང་། བོད་ཀྱི་ཐ་སྙད་ཆ་ཚང་བ་ཞིག་དང་དེ་ཚོའི་འགྲེལ་བཤད་མ་ནོར་བ་ཞིག་བཟོ་རྒྱུའི་འཆར་གཞི་དེ་འགྲོ་བཞིན་པ་དང་། དེ་ནས་ཡི་གེ་ཞུ་དག་གཏོང་བྱེད་དེའང་འགྲོ་བཞིན་པ་རེད། ཡི་གེ་ཞུ་དག་གཏོང་བྱེད་ཀྱི་མཉེན་ཆས་དེའི་སྟེང་ཡི་གེ་ཀློག་འདོན་གྱི་སྒྲ་ཡོད་པ་དེར་ང་ཚོས་གང་ལ་གང་འཚམ་གྱིས་ཞིབ་འཇུག་བྱས་པ་ཡིན་ལ། དེ་ཏོག་ཙམ་ཡག་པོ་ཡོང་བའི་རེ་བ་འདུག གཅིག་བྱས་ན་དབྱིན་ཡིག་ལས་ཀྱང་ཡག་པོ་ཡོང་བའི་རེ་བ་འདུག གང་ཡིན་ཟེར་ན། བོད་ཡིག་གི་ཚེག་བར་རེ་རེར་སྒྲ་གདངས་གཅིག་མ་གཏོགས་མེད་དུས། དབྱིན་ཡིག་ནང་བཞིན་མགོ་རྙོག་པོ་དེ་ཙམ་མི་འདུག ལེགས་སྦྱར་སོགས་ཕུད་པའི་བོད་སྐད་རང་གི་ཡི་གེའི་ཐོག་བེད་སྤྱོད་ཡོད་པའི་ཚེག་བར་སྟོང་ཕྲག་ལྔ་ནས་བདུན་བར་གྱི་སྒྲ་ཡི་འགྲོ་སྟངས་བཅུག་སྟེ་ཀློག་འཇུག་རྒྱུ་ལས་སླ་བོ་རེད་འདུག ཡིན་ནའང་། ལྗིད་ཚད་ཆེ་དྲགས་ནས་ཁ་པར་རིགས་དང་གློད་ཀླད་ཤུགས་ཆེན་པོ་ཞིག་མིན་ན་ལས་སླ་བོ་མི་འདུག ད་ལྟའི་བར་ང་ཚོས་ཞིབ་འཇུག་བྱས་པར་ཆ་བཞག་ན། ཕལ་ཆེར་ཐ་སྙད་མ་འདྲ་བ་ ༤༠༠ ལྷག་ཀློག་ཐུབ་པ་ཞིག་གི་སྒང་འགྲོ་བཞིན་ཡོད། ང་ཚོས་རྗེས་འཇུག་བཅུ་དང་དབྱངས་ཀྱི་སྒྲ་གདངས་ལ་ཞིབ་འཇུག་གང་འཚམ་ཡག་པོ་ཆགས་ཡོད་པ་དང་། མགོ་འདོགས་ཀྱང་གང་འཚམ་བྱུང་ཡོད་ཀྱང་། སྔོན་འཇུག་གི་སྒྲ་ཡི་འགྲོ་སྟངས་ག་འདྲ་ཡིན་མིན་ཡག་པོ་ཞིག་ཤེས་ཀྱི་མི་འདུག དཔེར་ན། སྔོན་འཇུག་ག་ཡི་སྒྲ་གདངས་ག་རེ་རེད་ཟེར་ན་ཁག་པོ་འདྲ་ཆགས་འདུག རྗེས་འཇུག་ན་ཡི་སྒྲ་གདངས་(N)ཟེར་བ་དེ་ཏག་ཏག་འགྲིག་གི་འདུག ཀ་ལ་སྦྱར་ན་ཀན་དང་། ཁ་ལ་སྦྱར་ན་ཁན་ཟེར་ནས་གློག་ཀླད་ཀྱིས་ཀློག་ཐུབ་ཀྱི་ཡོད་པ་རེད། དེ་འདྲ་བྱུང་ན་སྒྲ་རྡོག་རྡོག་ཁ་ཤས་བསྲེས་ན་སྒྲ་དེ་ཐོན་ཐུབ་ཀྱི་ཡོད་པ་རེད།

དེ་ནས་གོང་དུ་བཤད་པ་ལྟར་ནག་རྩིས་ཀྱི་མཉེན་ཆས་ཧ་ལམ་བཟོས་ཚར་བ་རེད། སྐར་རྩིས་ཀྱི་མཉེན་ཆས་ཤིག་བཟོ་འཆར་ཡོད། དེ་ནས་དཔེ་མཛོད་ཀྱི་འཛིན་སྐྱོང་མ་ལག་མཉེན་ཆས་(Library management system)ཤིག་བཟོ་རྒྱུ་གཏན་ཁེལ་ཟིན་པ་མ་ཟད། བརྒྱ་ཆ་ ༥༠ ཙམ་བཟོས་ཚར་བ་རེད། དཔེ་མཛོད་རིག་པའི་གཞུང་ལུགས་ལ་ཨ་རིའི་འགྲོ་སྟངས་དང་རྒྱ་གར་གྱི་འགྲོ་སྟངས་བཅས་ཁག་གཉིས་ཤིག་འདུག ཡིན་ནའང་། ཁོ་ཚོའི་བཟོས་བཞག་པ་དེའི་ནང་ང་ཚོ་བོད་པའི་དཀར་ཆག་གི་དབྱེ་བ་དགར་སྟངས་དེ་ཚོ་མེད་སྟབས། ང་ཚོས་ཞིབ་འཇུག་བྱས་ཏེ་དེང་དུས་དཔེ་མཛོད་ཀྱི་འགྲོ་སྟངས་ཆ་ཚང་ཡོད་པ་དང་། དེའི་ཐོག་ང་ཚོ་བོད་ཀྱི་རིག་གཞུང་ཟེར་ན་འདྲ་བཀའ་འགྱུར་བསྟན་འགྱུར་གྱི་དཀར་ཆག་སྒྲིག་སྟངས་ཀྱང་ཡོད་པ་ཞིག་གང་འཚམ་བཟོས་ཚར་བ་རེད། དེས་ག་རེ་བྱེད་ཐུབ་ཀྱི་རེད་ཟེར་ན། དེབ་ཕར་གཡར་ཚུར་ལེན་དང་སྒྲིག་སྟངས་སོགས་འཛིན་སྐྱོང་གི་ལས་ཀ་ཚང་མ་བྱེད་ཐུབ་པ་རེད། གཞན། ཚོང་ལས་ཀྱི་ཁྲོམ་རའི་ནང་བོད་ཀྱི་སྐད་ཡིག་ཟེར་དུས་ཧ་ལམ་བརྒྱ་ཆ་ ༩༩ ལས་མེད་འདྲ་བོ་ཆགས་བསྡད་ཡོད་པ་རེད། ཚོང་གི་བརྒྱུད་ལམ་ནང་བེད་སྤྱོད་མེད་པ་ཡིན་ན། སྐད་ཡིག་དེ་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་རྩི་བཞིན་ཡོད་སྟབས། ང་ཚོས་དེའི་ཐོག་ལས་འཆར་ཞིག་སྒྲིག་གི་ཡོད། བོད་ཀྱི་ཁྲོམ་རར་ཕར་དེད་ན་གཙོ་བོ་ཁག་གཉིས་ཏེ་བཟོ་གྲྭ་དང་ཚོང་ཁང་ཟ་ཁང་སོགས་ཚོང་ལས་ཀྱི་བརྒྱུད་ལམ་རེད། བོད་པའི་བཟོ་གྲྭ་དཔེ་ཉུང་ཉུང་ཡིན་ལ་ཡོད་པ་དེ་ཚོས་བོད་ཡིག་ཏོག་ཙམ་བེད་སྤྱོད་གཏོང་གི་ཡོད་པ་རེད། དེ་མིན་གྱི་བཟོ་གྲྭ་ཁག་ནང་བོད་སྐད་ཡིག་བེད་སྤྱོད་གཏོང་ཁག་པོ་རེད། ད་ལྟ་ང་ཚོས་བོད་པའི་ཚོང་ལས་བརྒྱུད་ལམ་དང་འབྲེལ་བའི་མཉེན་ཆས་ཁག་བཞི་བཟོ་རྒྱུ་གང་འཚམ་གཏན་ཁེལ་བསྡད་ཡོད། དཔེར་ན། (Bar-code)བེད་སྤྱོད་བཏང་ནས་བྱུང་འཛིན་བཟོ་བར་རྒྱ་གར་ནང་ཡིན་ན་དབྱིན་ཡིག་དང་བོད་ཡིག་ཐོག་ཡོད་པ་དང་། བོད་ནང་ཡིན་ན་རྒྱ་ཡིག་དང་བོད་ཡིག་ནང་ཡོད་པ་ཞིག་ཡོང་ཐབས་དང་། གཉེན་ཆས་དེ་ཚོ་བཟོས་ནས་བོད་པའི་ཚོང་ཁང་ཁག་ལ་རིན་མེད་ཀྱིས་འགྲེམས་རྒྱུ་ཡིན། ཚོང་པ་ཚོར་ཕན་ཐོགས་གང་འཚམ་ཡོད་པ་རེད། གཅིག་ནས་ཉིན་གཅིག་གི་རྩིས་ཆ་ཚང་བརྒྱབ་འགྲོ་ཡི་རེད་ལ། ཅ་ལག་ག་རེ་འགྲོ་ཡི་འདུག་ག་རེ་འགྲོ་ཡི་མི་འདུག མཛོད་ཁང་དུ་ཅ་ལག་ག་རེ་ལྷག་ཡོད་མེད་སོགས་ཆ་ཚང་རྩིས་རྒྱག་ཐུབ་པ་རེད། ཕྱོགས་གཞན་ཞིག་ནས་ཐ་སྙད་གསར་པ་དེ་ཚོའང་སྤྱི་ཚོགས་ནང་རང་བཞིན་གྱིས་རྒྱུན་འཇགས་ཆགས་འགྲོ་བ་རེད།

དེ་ནས། བརྡ་འཕྲིན་གྱི་དུས་རབས་འདིའི་ནང་བྱིས་པ་ཆུང་ཆུང་ཚོར་བོད་སྐད་ཡིག་དང་རིག་གཞུང་སོགས་རྒྱུད་ལ་འཇགས་པར་བྱེད་པའི་བརྒྱུད་ལམ་ཡག་ཤོས་དེ་འགུལ་རིས་གློག་བརྙན་རེད། དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ང་རང་ཆུང་ཆུང་སྐབས་ནས་རི་མོ་འབྲི་བར་དགའ་བོ་ཡོད་པས། རི་མོའི་སྐོར་མང་པོ་སྦྱངས་བ་ཡིན། ཕྱིས་སུ་གློད་ཀླད་ནང་ནས་དེའི་སྐོར་ལ་དོ་སྣང་བྱུང་སོང་ལ། འགུལ་རིས་ཀྱི་སྡེ་ཚན་ཞིག་འཛུགས་ཐུབ་ན་བསམ་ནས་ཡར་མར་ཐབས་ཤེས་ཀྱང་མང་པོ་བྱས་པ་ཡིན། ཟླ་འདིའི་ཕྱི་ཚེས་ ༢༠ ང་ཚོའི་ལས་ཁུངས་བཙུགས་ནས་ལོ་ངོ་ ༣ འཁོར་བའི་ཉིན་མོ་དང་བསྟུན་ཏེ་འགུལ་རིས་སྡེ་ཚན་ཞིག་བཙུགས་ཡོད། ལས་གཞི་དེའི་ཐོག་ད་ལྟའི་ཆར་ལས་ཀ་བྱེད་མཁན་མི་ ༤ ཡོད་ལ། རྒྱ་གར་གྱི་(Animation) སློབ་གྲྭ་ཐོན་པའི་བོད་པ་༢ དང་། སྟབས་ལེགས་ཏེ་རྒྱ་གར་གྱི་(National Institute of Design)གྱི་དགེ་རྒན་ཡག་པོ་ཞིག་ལོ་གཉིས་རིང་རག་སོང་། ཐོག་མར་ང་ཚོས་སྐར་མ་གཅིག་གཉིས་ཅན་གྱི་གླིང་གེ་སར་དགུང་ལོ་ ༥ ཡིན་སྐབས་ཨ་བྲར་རྒྱག་རེས་བརྒྱབ་པའི་འགུལ་རིས་གློག་བརྙན་ཞིག་བཟོ་འཆར་ཡོད། དེ་ཡག་པོ་ཆགས་སོང་ན་ང་ཚོས་རི་མོ་སྒྲིག་མཁན་ ༥ དང་། སྐད་ཆ་བཤད་མཁན་ ༥ བཅས་བསྡོམས་པའི་ལས་བྱེད་ ༡༢ ཙམ་མ་བསྡུས་ན་ཡོང་ཐབས་མི་འདུག ཁོ་ཚོར་ལོ་གཅིག་དང་ཟླ་བ་ ༦ རིང་སྦྱོང་བརྡར་སྤྲོད་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད། 

Comments