2015/06/26

Newsifyམཉེན་ཆས་ཕབ་ལེན་བྱོས།


མི་རྣམས་ཀྱི་འཚོ་བ་སྟབས་ཇེ་བདེ་དང་ལས་དོན་གང་མགྱོག་བྱེད་རྒྱུ་དགའ་བའི་མུར་འཕྲུལ་རིགས་སོགས་ཀྱིས་འདོད་བློ་དེ་བཀང་ཨེ་ཐུབ་ཀྱིས་འབད་པ་ཤུགས་ཆེན་བྱེད་བཞིན་ཡོད། དེང་གི་གློག་ཀླད་དང་ཁ་པར། མཉེན་ཆས་རེ་རེས་ཆེས་འབད་དགོས་ས་དེའང་སྟབས་ཇེ་བདེ་དང་སྣ་འཛོམས་རང་བཞིན་ཁྱབ་ཁོངས་རྒྱ་ཆེ་ཡོང་ཐབས་དེ་ཡིན་ཞིང་། འདིའི་ཐད་ནས་གྲུབ་འབྲས་མི་དམན་པ་རེའང་ཐོབ་བཞིན་ཡོད།

ངས་ད་ཐེངས་བཤད་འདོད་པ་ནི་ངེད་ཅག་བོད་པ་ཞིག་ལ་མཁོ་གལ་ཆེ་ཞིང་རང་ཉིད་ཀྱི་སྟབས་བདེའི་འཚོ་བར་ཕན་ཐོགས་ཡོད་པའི་སྐོར་ཞིག་ཡིན་ཏེ། ཁྱེད་ཀྱིས་རང་ཉིད་ཀྱི་ཁ་པར་ལས་ཉིན་རེ་གསར་འགྱུར་སོགས་ལྟ་ཀློག་བྱེད་བཞིན་ཡོད་ངེས་ལ། དྲ་ངོས་རེ་རེ་ན་ཉུལ་མི་དགོས་པར་མཉེན་ཆས་གཅིག་ལས་ཆེས་གསར་པའི་གསར་འགྱུར་དེ་ཀློག་ཐུབ་པའི་མཉེན་ཆས་དེ་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་བཞིན་ཡོད་ངེས།


 ཨན་ཌོ་མ་ལག་ཅན་གྱི་ཁ་པར་རིགས་སུ་Rssམཉེན་ཆས་དེ་གྷོ་གྷུལ་ཚོང་གཉེར་ཁང་གིས་བཏོན་པའི་Feedlyདེ་ཆེས་ལེགས་ཤོས་དེ་ཡིན་ཟེར་ཆོག འོན་ཀྱང་iOSམ་ལག་ཅན་གྱི་ཀུ་ཤུ་ཁ་པར་ནང་དུFeedly དེས་ཁོང་ཁྲོ་ཡང་ཡང་སློང་ཡོང་གི་འདུག མཉེན་ཆས་འདིས་གསར་འགྱུར་ནང་འཐེན་བྱས་ཟིན་རུང་སླར་ཡང་ལྟ་ཐེངས་རེར་དྲ་བ་མེད་ན་ནང་འཐེན་བྱས་ཟིན་དེས་ཕན་ཅི་ཡང་ཐོགས་མེད་པར་སླར་ནང་འཐེན་བྱེད་རྒྱུ་རེད། དེར་བརྟེན་འཚོལ་ཞིབ་ཀྱིས་གསར་རྙེད་བྱུང་བ་ནི་Newsifyའདི་ཡིན་ལ་འདི་ནས་ཁྱེད་ཀྱིས་གསར་འགྱུར་ནང་འཐེན་བྱས་ཟིན་ན་སླར་དྲ་བ་མེད་ནའང་ནང་འཐེན་བྱས་ཟིན་པའི་གསར་འགྱུར་ལྟ་ཀློག་བྱེད་ཐུབ་པས་ཁྱེད་ཀྱི་དྲ་དངུལ་བསྲི་ཚགས་དང་བརྡ་རྟགས་མེད་པའང་སྐྱོ་བའི་སྐབས་ལའང་གསར་འགྱུར་ལྟ་ཀློག་བྱེད་ཐུབ་པའི་དགེ་མཚན་ཡོད། ཁྱེད་ཀྱིས་ཚོད་ལྟ་བྱོས་དང་གྲུབ་འབྲས་མིག་མཐོང་ཡོང་ཐུབ།

2015/06/24

འབྲས་ལྗོངས་སུ་བསྐྱོད་པའི་ཟིན་ཐོ།

ཚན་པ་བཞི་པ།)

རུམ་བཏེག་དགོན་ནི་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་ལ་སྔོན་བྱུང་ལོ་རྒྱུས་ཀྱི་ཕྲེང་ཐག་ན་ཤིན་ཏུ་གསལ་ཞིང་འཚེར་ལ་ཕྱིས་ཀྱི་དུས་ཡུན་ཁྲོད་དུའང་ས་གནས་འདིར་གོ་བབ་ངེས་ཅན་ཟིན་པ་དང་འབྲས་ལྗོངས་མི་དམངས་ཀྱི་སེམས་སུ་ལྷང་ངེར་འགྱིང་འདུག

རྙིང་མའི་ཆོས་བརྒྱུད་ཀྱིས་ཡོངས་སུ་ཁྱབ་པའི་འབྲས་མོ་ལྗོངས་སུ་བཀའ་བརྒྱུད་པའི་དགོན་པ་ནི་རུམ་བཏེག་དགོན་པ་རྩིས་པས་དགོན་ཆུང་ཉི་ཤུ་ཙམ་ཡོད་འདུག་ལ། ས་སྐྱ་པའི་དགོན་ཁག་གཉིས། བོན་དགོན་གཅིག དུས་ཕྱིས་སུ་འཛུགས་པའི་དགེ་ལུགས་པའི་དགོན་པ་སེར་བྱེས་གྲྭ་ཚང་གི་ཡན་ལག་སེར་བྱེས་འགྲོ་ཕན་གླིང་བཅས་ཡིན།
ད་ཆར་ཧིན་དྷི་དང་ཡི་ཤུ་ཆོས་ལུགས། ནང་པ་བཅས་ཀྱིས་གྲུབ་ཡོད་རུང་ནང་པ་མང་ཤོས་ཡིན་འདུག 
དེ་སྔར་ས་འདིའི་མི་དམངས་ཚོས་རྒྱལ་བ་ཀརྨ་པ་མཆོག་ས་འདིར་ཕེབས་འཐུས་ཆོག་པའི་རེ་ཞུ་དང་ངོ་རྒོལ་ཐེངས་མང་བྱས་རུང་རྒྱ་གར་གཞུང་གིས་ད་བར་ཕེབས་གཅུག་མེད། གནས་ཚུལ་འདི་གུས་པས་དེ་སྔ་ནས་གོ་ཐོས་བྱུང་ཡང་ཀརྨ་མ་མཆོག་རང་གི་དགོན་པ་ཞིག་ཏུ་ཕེབས་མ་ཐུབ་པ་ནི་ཁོང་ལ་དེ་ཙམ་གལ་ཆེན་ཞིག་དང་ས་འདིའི་མི་དམངས་ཀྱི་གྱོང་གུད་ཆེན་པོ་ཞིག་མ་རེད་དྲན་མྱོང་། འོན་ཀྱང་ད་རེས་དངོས་སུ་འདིར་ཡོང་དུས་རྒྱལ་བ་ཀརྨ་པ་དགོན་པ་ཞིག་ཏུ་ཕེབས་ཐུབ་མིན་གྱི་གནད་དོན་ཞིག་མ་ཡིན་པར་མི་རིགས་ཤིག་གི་རིག་གཞུང་ཉར་ཚགས་དང་ཆོས་ལུགས་སྲ་བརྟན། ཡུལ་སྲོལ་གོམས་གཤིས་བཅས་གནས་ཐུབ་མིན་གྱི་གནད་དོན་ཞིག་ལ་ཐུག་འདུག་པ་སྙམ། 

རླངས་འཁོར་དང་ཚོང་ཁང་། མགྲོན་ཁང་དང་ཁྱིམ་ཚང་ཆེས་མང་པོ་ཞིག་ཏུ་༸གོང་ས་མཆོག་གི་སྐུ་པར་ལས་རྒྱལ་བ་ཀརྨ་པ་མཆོག་གི་སྐུ་པར་མང་བར་འདུག་པས་ཁོང་ལ་དགའ་དད་ཅི་ཙམ་ཡོད་པར་རྟོགས་ཐུབ་ལ། ཁོང་གིས་འཕྲིན་ལས་ཀྱིས་ཅི་ཙམ་ཁྱབ་ཡོད་པའང་ཤེས་ཐུབ་ཀྱི་འདུག 
ཁོང་ཉིད་ས་འདིར་ཞབས་ཀྱིས་བཅགས་ཐུབ་ན་བོད་པ་ཙམ་མིན་པར་འབྲས་ལྗོངས་དང་དེ་མིན་གྱི་ནང་པ་མང་པོ་ཞིག་གི་རིག་གཞུང་དང་སྐད་ཡིག་བརླག་ཉེན་ཡོད་པའི་ཡིད་སྐྱོ་གནས་བབ་དེ་སླར་གསོ་དང་འཇིག་ཉེན་ལས་སྐྱོབ་ཐུབ་པའི་རེ་བ་ཧ་ཅང་ཆེ། གནད་དོན་འདི་ནི་བཀའ་རྒྱུད་ཙམ་མིན་པར་ངེད་ཅག་བོད་རིགས་སུ་གཏོགས་པ་སུའང་འབྲེལ་ཆེ་ཞིང་མི་རིགས་དང་རིག་གཞུང་ཉམ་ཆག་ཏུ་འགྲོ་མི་འདོད་པའི་སྐྱེ་བོ་ཞིག་ཡིན་ཕྱིན་ངེས་པར་ཐུགས་བསམ་བཞེས་ཏེ་འབོད་བརྩོན་གང་ཐུབ་གནང་དགོས་པ་འདུག
མཇུག་རྫོགས།




2015/06/08

འབྲས་ལྗོངས་སུ་བསྐྱོད་པའི་ཟིན་ཐོ།

(ཚན་པ་གསུམ་པ།)


རི་གཟར་ངོས་ན་ཁྲ་ལམ་མེར་སྤུངས་ནས་ཡོད་པའི་འབྲས་ལྗོངས་ཀྱི་བཀོད་པ་ཐ་དག་ཧ་ཅང་མཛེས་ལ་ཁང་བརྩེགས་མཐོན་པོ་དག་གི་བཟོ་དབྱིབས་མང་པོ་ཞིག་བོད་ཀྱི་བཟོ་དབྱིབས་ལ་དཔེ་ལེན་གྱིས་སྒེའུ་ཁུང་དང་སྒོ་ཆེན། ཐོག་གི་དར་ལྕོག་བཅས་ཀྱིས་བོད་ཀྱི་བྲོ་བ་རེ་སྟེར་ཐུབ་པ་འདུག སྒོ་བྱང་དང་ཁ་བྱང་ནི་ཨིན་ཡིག་ལས་བོད་ཡིག་ཅན་ནི་རེ་གཉིས་ཙམ་ལས་མཐོང་རྒྱུ་མི་འདུག
ཤེས་རྟོགས་བྱུང་བར་གཞིགས་ན་འབྲས་ལྗོངས་ཀྱི་ས་ཆའི་རྒྱ་ཁྱོན། 7,096 ཡོད་པ་དང་མི་འབོར། 540,493 ཡོད་འདུག
དྲོད་ཚད། 18-23 (ད་སྐབས་ཀྱི་ནམ་དུསནམ་ལངས་ཚད།4:40 ས་རུབ་ཚད། 6:29
ས་འདིའི་མི་རིགས་གཙོ་བོ་གསུམ་ནི་བལ་པོ་རིགས་དང་འབྲས་ལྗོངས་བ། ལེབ་ཅ(མོན་རིགས)བཅས་ཡིན་ལ་བལ་པོ་རིགས་ཀྱིས་བརྒྱ་ཆ་70 ཙམ་ཟིན་ཡོད་འདུག བོད་པ་དང་འབྲས་ལྗོངས་རིགས་ནི་གྲངས་ཉུང་རིགས་སུ་གྱུར་ནས་མཐའ་ན་གཞུང་འབྲེལ་སྐད་ཡིག་ཀྱང་བལ་སྐད་དང་རྒྱུན་སྤྱོད་སྐད་ཡིག་བལ་སྐད་གྱུར་ཏེ་འབྲས་ལྗོངས་ཀྱི་ས་ནས་འབྲས་ལྗོངས་ཀྱི་སྐད་ཡིག་བེད་མེད་ཆགས་འདུག་པ་ནི་འདྲ་ནི་ཡ་མཚན་པ་ཞིག་ལོས་ཡིན།
ཁ་སང་ལམ་བར་ནས་སློབ་མ་ཞིག་དང་ཐུག་པས་ཁྱེད་མི་རིགས་གང་ཡིན་དྲིས་པས་འབྲས་ལྗོངས་བ་ཡིན་ཟེར་འོན་ཀྱང་འབྲས་ལྗོངས་ཀྱི་སྐད་ཡིག་མི་ཤེས་ཟེར་ནས་དགོད་འཛུམ་འཛུམ་བྱས་བྱུང་། སློམ་མ་འདི་དང་འདྲ་བར་འབྲས་ལྗོངས་ཀྱི་གཞོན་སྐྱེས་90%ནས་རང་སྐད་མི་ཤེས་པའི་སྐྱོ་བ་ཡོད་མུས་ལ་ད་དུང་ནང་གི་ཕ་མ་ཚོས་ཀྱང་རང་གི་སྐད་ཡིག་བཀོལ་སྤྱོད་མི་གཏོང་བར་བལ་སྐད་སྤྱོད་བཞིན་པ་ནི་ཧང་སང་དགོས་པར་ཞིག་གྱུར་ཡོད།

59དུས་འགྱུར་མ་བྱུང་སྔོན་ནས་བོད་ཀྱི་ཚོང་པ་ཚོས་ས་འདིར་མི་གང་མང་ཁྲིད་ནས་གཞིས་ཆགས་ཡོད་འདུག་ལ་བཙན་བྱོལ་དུ་སླེབས་པའི་ཁྲོད་དུའང་བོད་མི་གང་མང་ཞིག་ས་འདིར་གཏན་འཇག་གནས་སྡོད་བྱས་འདུག བློ་ཕམ་པ་ཞིག་ནི་དེ་སྔར་འབྲས་ལྗོངས་རྒྱལ་པོས་བོད་མི་ཚོར་འབྲས་ལྗོངས་གྱི་མི་སེར་བཟོ་གནང་དང་ས་གཞིས་སྤྲོད་པ་བྱུང་འདུག་ནའང་ངེད་ཅག་བོད་ལ་ལོག་དགོས་པ་ལས་ས་འདིར་གཏན་སྡོད་བྱེད་རྩིས་མེད་ལུགས་ཀྱི་རྒྱུ་མཚན་བགྲངས་ནས་ས་གཞིས་བླངས་མི་འདུག སྐབས་དེ་དུས་ས་གཞིས་བླངས་ཡོད་ན་ད་སྐབས་ལས་བོད་ཀྱི་མགྲོན་ཁང་དང་ཚོང་ཁང་ཧ་ཅང་མང་བ་ཡོད་ངེས། <བོད་ཀྱི་མགྲོན་ཁང་>གིས་མཚོན་པའི་ཐོག་བརྩེགས་ལྔ་དྲུག་ཅན་གྱི་མགྲོན་ཁང་མང་པོ་ཞིག་གི་སྦྱིན་བདག་བོད་པ་རེད་འདུག འོན་ཀྱང་གཞན་ལ་བོགས་མ་བཏང་བ་ལས་བོད་མི་རང་གིས་ཚོང་གཉེར་བྱེད་བཞིན་པ་རེ་གཉིས་ཙམ་རེད།
ཕ་ཡུལ་རྒྱལ་རྩེ་ནས་ཡིན་པའི་རྨོ་ལགས་ཞིག་གིས། ཐོག་རྩེ་དྲུག་ཅན་གྱི་རང་ཉིད་ཀྱི་མགྲོན་ཁང་དེ་བོགས་མ་གཏོང་ན་ལོ་རེར་ཡོང་འབབ་ཧིན་སྒོར་འབུམ17རེ་རག་རྒྱུ་རེད། རང་གིས་བདག་གཉེར་བྱེད་ན་དེ་ལས་ཀྱང་ཡོང་འབབ་མང་བ་གསོག་ཐུབ་ཅེས་བཤད། ཁྱིམ་ཚང་མང་ཆེ་བས་མགྲོན་ཁང་གཉེར་ཞིང་མགྲོན་ཁང་གི་ཡོངས་ཐོག་དེར་རང་ཁྱིམ་བཟོ་བཀོད་ཀྱིས་གཏན་སྡོད་ཁྱིམ་གཞིས་བྱས་འདུག བོད་ཀྱི་ཡུལ་གྲུ་གཞན་དང་མི་འདྲ་ས་ཞིག་ནི་མཆོད་ཁང་སྤུས་ལེགས་རྒྱ་ཆེར་བཟོས་ཤིང་མཆོད་པའི་ཡོ་བྱེད་སྣ་འཛོམས་དང་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་པོད་གྲངས་མང་པོ་དེ་དག་བདག་ཉར་ལེགས་པོར་བྱས་འདུག་པ་ནི་ངོ་མ་དགའ་འོས་པ་ཞིག་ཏུ་གྱུར།
མངའ་སྡེ་གཞུང་གི་ཡོང་འབབ་གཙོ་བོ་ནི་སྦིར་རག་ཕྱི་གཏོང་བྱེད་བཞིན་པ་ལས་ཡོང་གི་ཡོད་འདུག་ལ་དམངས་ཀྱི་ཡོང་འབབ་ནི་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་འདུག་ཅིང་སྤྱི་ཚོགས་ཁྱོན་ཡོངས་ཕྱུག་པོ་དང་འབྱོར་འབྲིང་དུ་གཏོགས་པ་ལས་འཚོ་བ་སྐྱོ་བའི་གྲས་ནི་ཅུང་ཉུང་ཚད་འདུག ཚོང་རྟགས་གྲགས་ཅན་གྱི་ཚོང་ཁང་མང་ལ་སྤུས་ལེགས་ཀྱི་གྱོན་ཆས་དང་གོང་ཚོད་ཆེ་བའི་ཅ་དངོས་ཧ་ཅང་འབེལ་པོ་འདུག་པ་ལ་བལྟས་ནའང་འཚོ་བ་བཟང་པོ་ཡོད་པ་ཤེས་ཐུབ་ཀྱི་འདུག
ཁྲོམ་དུ་འགྲོ་རེ་བཞིན་དགའ་ལྷང་ལྷང་རེ་སྐྱེ་ས་ནི་བོད་ཆས་གྱོན་པའི་སློབ་མ་མང་པོར་མཐོང་རྒྱུ་ཡོད་ལ། ལོ་གཞོན་བུ་མོ་མང་པོ་ཞིག་གི་བོད་ཀྱི་ཕྱུ་པ་སྙིང་རྗེ་མོ་རེ་གོན་ནས་འགྲོ་བཞིན་པ་ཧ་ཅང་མཐོང་རྒྱུ་ཡོད། ཨ་ལྕག་ཅིག་གིས་ཟེར་ན་བོད་ཆས་གོན་པའི་གཞོན་སྐྱེས་ཡོད་ཚད་འབྲས་ལྗོངས་བ་ལས་བོད་པ་མ་རེད་ཟེར་བོད་ཀྱི་གཞོན་སྐྱེས་ཚོས་བོད་ཆས་གོན་གྱི་མ་རེད་ཟེར། 
ཨ་ལྕག་དེས་ད་དུང་ཡིད་ཕམ་པའི་རྣམ་འགྱུར་ཞིག་སྟོན་བཞིན་ས་འདིའི་བོད་ཀྱི་གཞོན་སྐྱེས་ཚོས་བོད་སྐད་མི་ཤེས་ལ་ཁྱིམ་ཚང་ནང་བལ་སྐད་སྤྱད་ནས་བོད་སྐད་རྒྱག་མཁན་ཁྱོན་ནས་མེད། ལོ་འགའ་སོང་ན་བོད་སྐད་རྩ་བརླག་འགྲོ་རྒྱུ་རེད་ཅེས་སེམས་ཕམ་པའི་གདོང་ཞིག་བསྟན་སོང་། ཨ་ལྕག་དེས་བཤད་པ་བཞིན་ངོ་མ་ཡིན་ཚད་འདུག་སྟེ། ང་ཚོ་མི་ཚང་སུམ་ཅུ་ཙམ་གྱི་ཁྱིམ་དུ་སོང་ལ་ཕྲུ་གུ་བོད་སྐད་ཤེས་མཁན་གཉིས་ཙམ་ལས་མ་རྙེད། ད་དུང་ཁྱིམ་ཚང་དུ་བོད་སྐད་བཤད་མཁན་གཉིས་གསུམ་ལས་ཚང་མས་བལ་སྐད་རྒྱག་བཞིན་འདུག ངོ་མ་ཡིད་མི་ཆེས་པ་ཞིག་རེད། རྒན་འཁོགས་ཚོས་ལག་ཏུ་ཕྲེང་བ་བཟུང་ནས་བལ་སྐད་རྐྱང་རྐྱང་གིས་ཁ་བརྡ་བྱེད་སྟངས་དེར་མཐོང་དུས་བོད་པ་ཞིག་ཡིན་པའི་ཚོར་བ་གཏན་ནས་སྟེར་གྱི་མི་འདུག
མངའ་སྡེའི་ཆོས་དོན་ལས་ཁུངས་ཀྱི་ལས་ཟུར་བོད་མི་རྒས་འཁོགས་ཞིག་གིས་མགོ་གཡུག་གཡུག་གནངས་ནས་ཁོར་ཡུག་ཡག་པོ་ཡོད་རུང་ང་ཚོ་བོད་མི་སྡོད་ས་ཞིག་མ་རེད་ཟེར། ས་འདིར་བོད་མི་8000ཙམ་ཡོད་པ་ལས་སུམ་སྟོང་ཙམ་ལ་མི་སེར་ལག་འཁྱེར་ཐོབ་ཡོད་ངེས་ལ་མི་སེར་ལག་ཁྱེར་མེད་ཚེ་མགྲོན་ཁང་གཉེར་རྒྱུ་དང་མཐའ་ན་རླངས་འཁོར་ཁ་ལོ་བ་བྱེད་ཐབས་བྲལ་བ་རེད། ད་སྐབས་མི་ཚོས་ས་འདིའི་སྤྱི་པའི་གསང་སྤྱོད་ལ་<འབྲས་ལྗོངས་ཀྱི་གསང་སྤྱོད་>ཅེས་མིང་མདོགས་བཏགས་ཡོད་འདུག རྗེས་ནས་གསང་སྤྱོད་ནང་སོང་ནའང་འབྲས་ལྗོངས་ཀྱི་མི་སེར་ལག་ཁྱེར་སྟོན་ཤོག་ལབ་ས་རེད་ཅེས་ཟུར་ཟ་བྱེད་བཞིན་ཡོད་ཟེར། ཁོང་གིས་ཟེར་ན་མི་སེར་ལག་ཁྱེར་ཡོད་རུང་བོད་པ་ཡིན་ན་གཞུང་གིས་ཕྱོགས་གང་ཐད་ནས་ཟུར་འབུད་དང་དབྱེ་འབྱེད་བྱེད་ཀྱི་རེད། འབྲས་ལྗོངས་བ་ཚོས་ཁ་ནས་སྙན་པོ་བཤད་རུང་བོད་མི་ཚོ་ལ་ལྟ་སྟངས་ཡག་པོ་མེད། ད་སྐབས་དཔལ་འབྱོར་ཅུང་ཡོད་པའི་བོད་པ་ཚོས་མངའ་སྡེ་ཕྱི་ལོགས་སོགས་སུ་གནས་སྤོར་དང་ས་གཞིས་ཉོ་བཞིན་ཡོད། ཁོ་རང་དེ་སྔར་ལྷོ་ཕྱོགས་གཞིས་ཆགས་སུ་འགྲོ་རྒྱུ་ཐབས་ཤེས་མང་པོ་ཐོན་རུང་ལམ་ལྷོང་མ་བྱུང་བས་འདིར་མ་སྡོད་དཀའ་མེད་ཡིན་ཚུལ་གསུངས་ལ། རང་རང་གི་ཕ་ཡུལ་ལས་སྐྱིད་ཅིག་མེད་ཐག་ཆད་རེད་ཅེས་མགོ་གཡུག་གཡུག་གིས་སེམས་ཕམ་གནང་གི་འདུག 
དཔྱད་གཞིའི་ཡིག་ཆར་འཁོད་པར་གཞིགས་ན། ས་འདིའི་བོད་མི་དག་མངའ་སྡེའི་གཞུང་ཞབས་པ་དང་མཐོ་རིམ་དཔོན་པོ། དབུས་བོད་སློབ་ཐོན་པའི་བོད་རིགས་གཞོན་སྐྱེས་མང་པོས་ས་ཁུལ་འདིར་ལས་གནས་མཐོན་པོ་འཛིན་མཁན་འདུག དཔེར་ན། དངུལ་ཁང་གི་དོ་དམ་པ། གསང་བའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། བཟོ་གྲྭའི་སྤྱི་ཁྱབ་འགན་འཛིན། གཙུག་ལག་སློབ་གྲྭའི་དགེ་རྒན། ཁང་བཟོ་འཆར་འགོད་པ་སོགས་བོད་རིགས་གལ་གནད་ཆེ་བའི་མི་སྣ་མང་པོ་ཡོད་པ་དང། རླངས་འཁོར་ཏོག་དམར་པོ་ཅན་ནང་འགྲོ་མཁན་བོད་པ་མང་པོ་མཐོང་རྒྱུ་འདུག་པ་ནི་ཆེས་དགའ་འོས་ཀྱི་ཤོག་ངོས་དེ་ཡིན།

མུ་འགོད།


2015/06/01

འབྲས་ལྗོངས་སུ་བསྐྱོད་པའི་ཟིན་ཐོ།


(ཚན་པ་གཉིས་པ།)
ཉིན་མཚན་བསྟུད་དེ་རྒྱུགས་པའི་མེ་འཁོར་གྱི་འགྲུལ་བཞུད་ལས་འབྲས་ལྗོངས་དང་ཆེས་ཁ་ཐག་ཉེ་བའི་གྲོང་ཁྱེར་ཞིག་ཏུ་འབྱོར་སོང་། བསྡུས་མིང་དུ་NJPགྲོང་ཁྱེར་འདི་ནས་ཞོགས་པའི་མཁའ་རླུང་དང་ལྷན་དུ་སྤྱི་སྤྱོད་རླངས་འཁོར་ལས་སྤྱི་ལེ་119 བར་ཐག་ཡོད་པའི་འབྲས་ལྗོངས་སུ་སྐྱོད་བཞིན་ཡོད། ངེད་ཅག་གི་སེམས་ཁོག་ན་ཚ་ཚ་འབར་བཞིན་པ་ནི་འབྲས་ལྗོངས་ཀྱི་ཁོར་ར་ཁོར་ཡུག་དང་བོད་དང་འདྲ་མཚུངས་ཡོད་པའི་རི་ཆུ་ནགས་གསུམ་མཐོང་འདོད་ཀྱི་བསམ་པ་འདི་ཁོ་ན་ཡིན། འཛིན་གྲོགས་ཚོས་རླངས་འཁོར་གྱི་སྒེའུ་ཁུང་ཧབ་ཐོབ་ཀྱིས་ཕྱི་རོལ་ཏུ་ལྟ་རྒྱུར་འཚང་ཀ་བྱེད་པའི་འགོ་ཚུགས་བྱུང་། ཨོ་་་ངོ་མ་རི་གཟར་ལུང་ཁུག་གི་སྐེད་པ་ནས་རླངས་འཁོར་རྒྱུགས་འགོ་ཚུགས་ཤིང་། དམར་ཤར་རེ་ཐུར་དུ་རྒྱུགས་པའི་ཆུ་བོ་དེས་ངེད་ཅག་ལ་ག་ལེ་ཕེབས་ཟེར་བ་དང་འདྲ་བར་རྒྱག་ཏུ་སོང་ཞིང་བཞུད་པའི་རྣམ་འགྱུར་དེ་དང་སྐད་སྒྲ་དེ་ཆེས་འཇིགས་ཡེར་བ་ཞིག་ཀྱང་རེད། སྐབས་རེ་གཡས་རིའི་སྐེད་ལམ་ནས་རྒྱུགས་ལ་ལན་རེ་གཡོན་རིའི་རི་འདབས་ཀྱི་ལམ་འཕྲང་ནས་སོང་སོང་བའི་མཐར་འགྲུལ་བཞུད་བྱེད་མཚམས་བཞག་བྱུང་། ཅི་ཞིག་བྱུང་བ་ཡིན་ནམ་སྙམ་བཞིན་ང་ཚོ་ཚང་མ་རླངས་འཁོར་ལས་བབ་པས་མིག་རྒྱང་གང་གི་ཚད་དུ་རླངས་འཁོར་ཚོས་བང་སྒྲིག་འདུག བལ་ཡུལ་ས་ཡོམ་དེས་ས་འདི་གར་ཡང་རི་ཉིལ་དང་ལམ་ཆད་བྱུང་བས་རླངས་འཁོར་འགྲོ་ལམ་ལ་སྐྱོན་ཆ་བཟོས་འདུག་པས་རླངས་འཁོར་རེ་རེ་ལས་ཐར་ཐབས་མི་འདུག 
འགག་དོག་པའི་ལུང་པ་དེ་ནས་ཆུ་ཚོད་གཉིས་ཙམ་སོང་མཐར་ངེད་ཅག་དགའ་བའི་འཕག་འཚག་དང་སྐྱིད་སྣང་གིས་སེམས་མནན་མི་ཐུབ་པར་གྱུར་སོང་། རི་སྐེད་ན་ཆགས་པའི་དུད་ཚང་དང་ལམ་ཁ་ན་སྤུངས་པའི་གྲོང་ཚོ་མང་པོ་ཞིག་གི་ཁྱིམ་གྱི་སྒོ་འགྲམ་དང་ཁང་ཐོག་ཏུ་ལྷབ་ལྷུབ་ཏུ་གཡོ་བ་ནི་བོད་ཀྱི་དར་ཅོག་དང་རླུང་རྟ། སྒོ་དར་རིང་པོ་དེ་ཚོ་རེད། བོད་ཀྱི་དུད་ཁྱིམ་དག་མ་རེ་འདུག་ཨང་སྙམ་བཞིན་དགའ་སྐྱོ་འདྲེས་མའི་ཚོར་བ་རེ་ང་ཚོ་ཀུན་ལ་བྱུང་ཞིང་སྐད་ཅིག་དེ་མ་ཉིད་དུ་ཕ་ཡུལ་གྱི་དཔང་དུ་ལོག་སྟེ་རང་ཁྱིམ་གྱི་སྒོ་འགྲམ་ན་ཡོད་སྣང་གི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་བྱུང་། ཕ་ཡུལ་དང་བྲལ་ནས་མི་ལོ15 སོང་རྗེས་ཕ་ཡུལ་དང་ཆེས་འདྲ་ས་ཡོད་པའི་ཁོར་ཡུག་འདི་འདྲ་མཐོང་དུས། ངོ་མ་ཡིན། བཤད་མི་ཐུབ་པའི་ཚོར་བ་ཞིག་གིས་བཅིངས་ཤིང་བསྡམས་ནས་མིག་མཐའ་ན་ཆུ་ཞགས་ཀྱིས་གཡོགས་ཤིང་། ཡར་ཁོག་ཏུ་སྐྱོ་སྣང་ཞིག་རྦ་རླབས་བཞིན་འཁྱུག་ཅིང་རྡིང་ཡོང་། 
ཟམ་སྣེ་དེ་ན་འགག་སྒོ་ཞིག་འདུག་པ་ནི་བོད་ཀྱི་དགོན་སྡེ་ཞིག་གི་སྒོ་ཆེན་དང་ཧ་ཅང་འདྲ་ལ་མི་འདྲ་ས་ནི་ཨིན་ཡིག་གི་ལམ་ནས་<འབྲས་ལྗོངས་སུ་ཕེབས་པར་དགའ་བསུ་ཞུ་>ཟེར་བ་དེ་རེད། ད་ནི་འབྲས་ལྗོངས་སུ་སླེབས་སོང་། འགག་སྒོ་འདི་ནས་ཡར་འགྲོ་མར་སོང་གི་རླངས་འཁོར་ཆེ་མ་ཆུང་ཚང་མ་ལ་ཞིབ་བཤེར་ཀྱིས་ཐོ་འགོད་བྱེད་བཞིན་འདུག ཉེན་རྟོག་པ་དང་དམག་མི་མང་ཤོས་དེ་བོད་པ་ལོས་ཡིན་སྙམ་པ་རྐྱང་རྐྱང་རེད་འདུག ངོ་མ་རྒྱ་གར་གྱི་ཉེན་རྟོག་པ་གྲོད་ལུག་དེ་དག་དང་མི་འདྲ་བ་ཕོ་གསར་སྟག་འདྲ་བ་ཤ་སྟག་རེད། ལམ་འདི་ནས་དམག་མི་རླངས་འཁོར་ཧ་ཅང་མང་པོ་ཡར་འགྲོ་མ་སོང་གི་བྲེལ་བ་ཤིན་ཏུ་ཆེ་ལ་འབྲས་ལྗོངས་ཀྱི་ས་ཁྱོན་མང་ཆེ་བ་ས་མཚམས་སུ་ཁེལ་ཡོད་སྟབས་དམག་སྒར་མང་པོ་ཡོད་ཚད་འདུག་པས་དམག་གི་གཡུལ་ས་ཞིག་དང་ཐུག་ས་རེད་སྙམ་པ་ཞིག་འདུག 
ས་འདིའི་རླངས་འཁོར་གྱི་ཤེད་ཤུགས་དང་ཁ་ལོ་བའི་ལག་རྩལ་དེ་འདྲ་ནི་མཐོང་དཀོན་པ་ཞིག་ཡིན་རྒྱུ་རེད་དྲན། ངེད་ཚོའི་རླངས་འཁོར་ཁ་ལོ་བ་དེས་འགག་འཕྲང་དེ་དག་ནས་ཀྱང་མྱུར་འགྲོད་ལམ་ཆེན་དུ་རྒྱུག་པ་བཞིན་བཏང་ནས་རི་སྐེད་ཡོད་ཚད་བཤགས་ཏེ་འགྲོ་བཞིན་འདུག
འབྲས་ལྗོངས་ཀྱི་གྲོང་ཁྱེར་ལྟེ་བ་ནི་སྒང་ཏོག(gangtok)ཡིན་ཞིང་ད་དུང་གྲོང་ཁྱེར་དེར་སླེབས་རྒྱུ་ཅུང་འགྲོ་དགོས་པ་འདྲ།




མུ་འགོད།

འབྲས་ལྗོངས་སུ་བསྐྱོད་པའི་ཟིན་ཐོ།

(ཚན་པ་དང་པོ།)
དུས་ཚོད། 2015-5-13
རྒྱ་གར་གྱི་ས་ཁྲའི་ཆེས་མཐའ་མར་ཆགས་པའི་ཀར་ཎ་ཊ་ཀའི་མངའ་སྡེ་ནས་འགྲུལ་བཞུད་འགོ་ཚུགས།
མངའ་སྡེ་འདི་ནི་བོད་མི་བཙན་བྱོལ་བའི་གྲངས་འབོར་ཆེས་མང་ཤོས་ཡོད་ས་ཞིག་ཡིན་ལ། སེར་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ། རྙིང་མའི་གདན་ས་དཔལ་ཡུལ་ཐེག་ཆེན་རྣམ་གྲོལ་གླིང་། ད་དུང་ས་སྐྱ་དང་བཀའ་རྒྱུད་བཅས་ཀྱི་དགོན་ཁག་དུ་མ་ཡོད། ས་འདིར་བོད་མི་རྣམས་གཞིས་ཆགས་ཁག་ལྔ་ལར་བགོས་ཡོད་པ་ནི། སྦེལ་ཀོབ་ལུགས་བསམ་བསམ་འགྲུབ་གླིང་། ཧོ་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་། མོན་གྷོ་འདོད་དགུ་གླིང་བཅས་ཡིན། 
ཉིན་གུང་ཆུ་ཚོད་12ནས་སྤྱི་སྤྱོད་རླངས་འཁོར་བརྒྱུད་ཆུ་ཚོད་6རིང་དུ་འགྲུལ་བཞུད་བྱས་མཐར་མངའ་སྡེ་ཀར་ཎ་ཊ་ཀའི་གྲོང་ཁྱེར་ལྟེ་བ་སྦེང་ལོར་འབྱོར། རླངས་འཁོར་ལས་ཅ་དངོས་ཁྱེར་བཞིན་མེ་འཁོར་འབབ་ཚུགས་ཀྱི་སྒུག་ལམ་3པའི་ས་འཁོད་ཅུང་ཡོད་ས་ཞིག་ཏུ་སྤུངས། ད་དུང་ཆུ་ཚོད་4ཙམ་སྒུག་དགོས་པས་མི་དྲུག་དྭང་བླང་ཐོན་ནས་ཅ་དངོས་སྲུང་རྒྱུ་དང་གཞན་རྣམས་རང་རང་དགུང་མོའི་ནུབ་ཇ་འཐུང་བར་འགྲོ་རྒྱུ་བྱས་པ་བཞིན་རང་རང་འགྲོ་སོང་། ང་ཚོ་མི་ལྔ་མཉམ་རུབ་ཀྱིས་ཟ་ཁང་ཡག་པོ་ཞིག་ཏུ་འགྲོ་ཐབས་ཀྱིས་ལམ་གྱ་གྱུ་འགའ་བརྒྱུད་དེ་སོང་ཞིང་ལམ་བར་དུ་ཟ་མ་གཡོས་སྦྱོར་གྱི་དྲི་མ་ཡོད་ཚད་ཞིམ་པོ་ཞིག་ཚོར་ཀྱི་འདུག་པས་ང་ཚོ་ཚང་མ་ཧ་ཅང་ལྟོགས་ཡོད་པ་ཤེས་ཀྱི་འདུག ཟ་ཁང་ཅུང་ཡག་པོ་ཞིག་ནས་ཟ་མ་ཡིད་ཚིམས་པ་ཞིག་ཟས་ཏེ་ཁྲོམ་ལ་འཁྱམ་ཉུལ་ཅུང་བྱས་མོད། ཚོང་ཟོག་ཡོད་ཚད་ངེད་ཅག་ལ་མཁོ་དགོས་མེད་པ་རྐྱང་རེད་འདུག་པས་ང་ཚོ་མུ་མཐུད་ཚོང་ཁང་ཉུལ་བའི་འདུན་པའང་རིམ་བཞིན་འགག་སོང་། མཚན་མོའི་བསིལ་བ་འགམ་བཞིན་ཕྱིར་ཇི་ལྟར་ཡོང་བའང་མ་ཚོར་པར་འབབ་ཚུགས་སུ་ལྷུང་འདུག ད་ནི་གྲོད་ཁོག་རྒྱག་པ་འདྲ་སྟེ་གཉིད་འདོད་ཀྱི་ཉོབ་སྣང་ཞིག་གིས་ལུས་ཡོངས་སུ་སྡོམ་པ་ལྟར་གྱུར་ཅིང་། ང་ཚོ་མི་ལྔ་འཁོར་སྒམ་9པའི་ནང་དུ་ཁེལ་འདུག་པས་ཅ་དངོས་ཁྱེར་ཏེ་འཁོར་སྒམ་9པའི་ནང་སོང་ཞིང་སྐར་མ་6/7 གྱི་ལམ་བར་དུ་ཅ་དངོས་དག་ལྗིད་ཐག་ཆད་པས་ངལ་གསོ་ཐེངས་བཅུ་གྲངས་ཤིག་བྱེད་དགོས་བྱུང་། མེ་འཁོར་ནང་དུ་འབྱོར་དུས་ལུས་ཡོངས་སུ་རྔུལ་ནག་གིས་ཚོས་འདུག་ཅིང་། གདོང་ནས་རྔུལ་ཆུ་ཐིག་ཐིག་ཟག་བཞིན་འདུག ང་ཚོ་ཚང་མ་ཧར་ནས་སྐད་ཆའང་དོན་མི་ཐུབ་པར་གྱུར་ཅིང་ད་ནི་ངོ་མ་རྒས་པ་འདྲ་ཞེས་བཤད་པ་ཡིན། དགོང་མོའི་ཆུ་ཚོད་12ཟིན་འདུག་ད་ནི་ཉལ་ཟེར་ནས་ཚང་མ་ཉལ་གྲབས་བྱས་སོང་། 
ད་ལྟ་ཞོགས་པའི་ཆུ་ཚོད་7 པ་ཡོལ་འདུག་ནའང་རོགས་པ་ཚོ་ཅུང་དཀའ་ཡོད་པ་འདྲ། ཁོ་ཚོ་གཉིད་མཐུག་པོ་ཞིག་གི་མལ་དུ་འཐིམ་འདུག ང་རང་མདང་དགོང་ཆུ་ཚོད་གསུམ་ཙམ་ལས་གཉིད་གཏན་ནས་མ་ཡོང་། གཉིད་འཐིམ་ཙམ་ལ་མེ་འཁོར་ལག་ཁྱེར་ཞིབ་བཤེར་པས་གཉིད་དཀྲོགས་ནས་ལག་ཁྱེར་སྟོན་ཤོག་ཟེར། ཞིབ་བཤེར་ཚར་དུས་གཉིད་བསམ་རུང་གཉིད་ཅིག་ཁུག་ཏུ་མ་གཅུག མདུན་ཐད་དེར་ཕོ་གསར་བཅུ་གྲངས་ཤིག་རུབ་ནས་འདུག་པས་ཁོ་ཚོས་འགྲོ་ཞོར་ཅ་དངོས་རྐུ་ཁྱེར་བྱེད་དོགས་ཀྱིས་གཉིད་ཡུར་ཙམ་ལ་ཡང་སད་ཡོང་། ཕ་ཆེར་ངེད་ཚོ་ཕུད་གཞན་མི་གཅིག་རྐུབ་སྟེགས་རེར་མི་མདུན་བརྒྱད་རེ་འཚང་ནས་འདུག་སྟབས་ཧ་ལམ་ཡར་འགྲོ་མ་སོང་གི་ལམ་ཁའང་འགག་འདུག མཐའ་ན་གསང་སྤྱོད་སྒོ་འགྲམ་ལའང་སྐྱིད་ཉལ་བྱས་ཏེ་འདུག་པས་ས་སྟོང་ཞིག་གང་ན་ལྷག་ཡོད།
ཁ་ཉིན་ཚ་ཚོད་27ནས་37བར་འགྲོ་བཞིན་འདུག་སྟབས་ཚ་བས་ནན་ཨེ་ཆོག་སྙམ་པ་རེའང་བྱུང་ཞིང་། ངེད་ཚོས་གསང་སྤྱོད་ནང་དུ་ཁྲུས་ཐེངས་གཉིས་གསུམ་རེ་བྱས་ནའང་དེ་ཙམ་ཕན་པ་ནི་མ་མཆིས། 
མི་མང་པོས་ས་འདིའི་མེ་འཁོར་བརྒྱུད་དུས་ཟ་འཐུང་དཀོན་པོ་ཡོད་ལུགས་བཤད་པས་ཐོག་མ་ནས་མི་དྲུག་རེས་གཙང་ཆུ་སྒམ་གཉིས་རེ་ཉོས་ཏེ་ཁུར་ཡོད་མོད། ཟ་འཐུང་དཀའ་ངལ་ཞིག་ནི་གཏན་ནས་མི་འདུག་ལ་ཚ་ཚོད་འདི་འདྲ་ཆེ་རུང་ཆུ་གྲངས་མོ་བཙོང་མཁན་ནི་ཧ་ཅང་འབེལ་པོ་རེད་འདུག མི་རེ་འགར་རྒྱ་གར་གྱི་ཟ་མ་འཕྲོད་ཀྱི་མེད་ན་ལས་གཞན་ཕྱི་ནས་བཙོང་མཁན་དང་མེ་འཁོར་ནང་དུ་མངགས་ཉོ་དང་འབབ་ཚུགས་ཆེ་ཆུང་མང་པོ་ཐུག་གི་འདུག་པས་ཟ་འཐུང་དཀའ་ངལ་ཡོད་ལུགས་བཤད་པ་ནི་བདེན་པའི་གཏམ་ཞིག་ག་ལ་ཡིན།
ད་བར་མེ་འཁོར་འདིས་ཁྱོན་མངའ་སྡེ་ཀར་ཎ་ཊ་ཀ་དང་ཏ་མི་ན་དྲོལ། ཧེ་དྷ་བྷདུ། ཨོ་རི་ས། ནུབ་བྷ་གྷ་ལ་བཅས་བསྐོར་བསྐྱོད་ཀྱིས་འགྲུལ་པ་བསྡུ་རུབ་དང་སྐྱེལ་འདྲེན་བྱེད་བཞིན་ཡོད། མེ་འཁོར་ནང་དུ་རྐུབ་སྟེགས་མེད་པའི་མི་གྲངས་ཕོན་ཆེར་འཛུལ་ནས་ཡར་འགྲོ་མ་སོང་གི་ལམ་ཁ་ཞིག་རྙེད་ཀྱང་དཀའ་བའི་ཚད་དུ་འདུག་པ་ནི་ཚ་བས་བཙིར་ཐོག་ཏུ་དཀའ་ལས་འཐོལ་པ་ཞིག་ཡིན། རྒྱ་གར་གྱི་མི་འདི་ཚོ་ནི་བཙོག་བཙོག་མེད་པར་ས་ཞིག་རག་ན་ཉལ་རྐྱང་བྱེད་པ་དང་མི་ཉམ་ཆུང་རེ་འགའ་ཉིན་མཚན་གསུམ་པོར་རྐུབ་གཅིག་ཀྱང་གཙུག་ས་མི་རག་པར་ལངས་ནས་འགྲོ་མཁན་ཡང་དུ་མ་འདུག མེ་འཁོར་ནང་དུ་དུ་བ་མི་འཐེན་པ་ཙམ་ལས་ཁ་ནི་ཟེར་བའི་ཁ་ལ་རྫས་ངན་འདྲ་མིན་ཟས་ཏེ་ཁུག་དཀྱོག་ཡོད་ཚད་ལ་ཆུ་མ་བཤོས་ཏེ་དམར་ཤར་རེ་བཟོས་འདུག 


མུ་འགོད།

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...