འབྲས་ལྗོངས་སུ་བསྐྱོད་པའི་ཟིན་ཐོ།
ཉིན་མཚན་བསྟུད་དེ་རྒྱུགས་པའི་མེ་འཁོར་གྱི་འགྲུལ་བཞུད་ལས་འབྲས་ལྗོངས་དང་ཆེས་ཁ་ཐག་ཉེ་བའི་གྲོང་ཁྱེར་ཞིག་ཏུ་འབྱོར་སོང་། བསྡུས་མིང་དུ་NJPགྲོང་ཁྱེར་འདི་ནས་ཞོགས་པའི་མཁའ་རླུང་དང་ལྷན་དུ་སྤྱི་སྤྱོད་རླངས་འཁོར་ལས་སྤྱི་ལེ་119 བར་ཐག་ཡོད་པའི་འབྲས་ལྗོངས་སུ་སྐྱོད་བཞིན་ཡོད། ངེད་ཅག་གི་སེམས་ཁོག་ན་ཚ་ཚ་འབར་བཞིན་པ་ནི་འབྲས་ལྗོངས་ཀྱི་ཁོར་ར་ཁོར་ཡུག་དང་བོད་དང་འདྲ་མཚུངས་ཡོད་པའི་རི་ཆུ་ནགས་གསུམ་མཐོང་འདོད་ཀྱི་བསམ་པ་འདི་ཁོ་ན་ཡིན། འཛིན་གྲོགས་ཚོས་རླངས་འཁོར་གྱི་སྒེའུ་ཁུང་ཧབ་ཐོབ་ཀྱིས་ཕྱི་རོལ་ཏུ་ལྟ་རྒྱུར་འཚང་ཀ་བྱེད་པའི་འགོ་ཚུགས་བྱུང་། ཨོ་་་ངོ་མ་རི་གཟར་ལུང་ཁུག་གི་སྐེད་པ་ནས་རླངས་འཁོར་རྒྱུགས་འགོ་ཚུགས་ཤིང་། དམར་ཤར་རེ་ཐུར་དུ་རྒྱུགས་པའི་ཆུ་བོ་དེས་ངེད་ཅག་ལ་ག་ལེ་ཕེབས་ཟེར་བ་དང་འདྲ་བར་རྒྱག་ཏུ་སོང་ཞིང་བཞུད་པའི་རྣམ་འགྱུར་དེ་དང་སྐད་སྒྲ་དེ་ཆེས་འཇིགས་ཡེར་བ་ཞིག་ཀྱང་རེད། སྐབས་རེ་གཡས་རིའི་སྐེད་ལམ་ནས་རྒྱུགས་ལ་ལན་རེ་གཡོན་རིའི་རི་འདབས་ཀྱི་ལམ་འཕྲང་ནས་སོང་སོང་བའི་མཐར་འགྲུལ་བཞུད་བྱེད་མཚམས་བཞག་བྱུང་། ཅི་ཞིག་བྱུང་བ་ཡིན་ནམ་སྙམ་བཞིན་ང་ཚོ་ཚང་མ་རླངས་འཁོར་ལས་བབ་པས་མིག་རྒྱང་གང་གི་ཚད་དུ་རླངས་འཁོར་ཚོས་བང་སྒྲིག་འདུག བལ་ཡུལ་ས་ཡོམ་དེས་ས་འདི་གར་ཡང་རི་ཉིལ་དང་ལམ་ཆད་བྱུང་བས་རླངས་འཁོར་འགྲོ་ལམ་ལ་སྐྱོན་ཆ་བཟོས་འདུག་པས་རླངས་འཁོར་རེ་རེ་ལས་ཐར་ཐབས་མི་འདུག
འགག་དོག་པའི་ལུང་པ་དེ་ནས་ཆུ་ཚོད་གཉིས་ཙམ་སོང་མཐར་ངེད་ཅག་དགའ་བའི་འཕག་འཚག་དང་སྐྱིད་སྣང་གིས་སེམས་མནན་མི་ཐུབ་པར་གྱུར་སོང་། རི་སྐེད་ན་ཆགས་པའི་དུད་ཚང་དང་ལམ་ཁ་ན་སྤུངས་པའི་གྲོང་ཚོ་མང་པོ་ཞིག་གི་ཁྱིམ་གྱི་སྒོ་འགྲམ་དང་ཁང་ཐོག་ཏུ་ལྷབ་ལྷུབ་ཏུ་གཡོ་བ་ནི་བོད་ཀྱི་དར་ཅོག་དང་རླུང་རྟ། སྒོ་དར་རིང་པོ་དེ་ཚོ་རེད། བོད་ཀྱི་དུད་ཁྱིམ་དག་མ་རེ་འདུག་ཨང་སྙམ་བཞིན་དགའ་སྐྱོ་འདྲེས་མའི་ཚོར་བ་རེ་ང་ཚོ་ཀུན་ལ་བྱུང་ཞིང་སྐད་ཅིག་དེ་མ་ཉིད་དུ་ཕ་ཡུལ་གྱི་དཔང་དུ་ལོག་སྟེ་རང་ཁྱིམ་གྱི་སྒོ་འགྲམ་ན་ཡོད་སྣང་གི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་བྱུང་། ཕ་ཡུལ་དང་བྲལ་ནས་མི་ལོ15 སོང་རྗེས་ཕ་ཡུལ་དང་ཆེས་འདྲ་ས་ཡོད་པའི་ཁོར་ཡུག་འདི་འདྲ་མཐོང་དུས། ངོ་མ་ཡིན། བཤད་མི་ཐུབ་པའི་ཚོར་བ་ཞིག་གིས་བཅིངས་ཤིང་བསྡམས་ནས་མིག་མཐའ་ན་ཆུ་ཞགས་ཀྱིས་གཡོགས་ཤིང་། ཡར་ཁོག་ཏུ་སྐྱོ་སྣང་ཞིག་རྦ་རླབས་བཞིན་འཁྱུག་ཅིང་རྡིང་ཡོང་།
ཟམ་སྣེ་དེ་ན་འགག་སྒོ་ཞིག་འདུག་པ་ནི་བོད་ཀྱི་དགོན་སྡེ་ཞིག་གི་སྒོ་ཆེན་དང་ཧ་ཅང་འདྲ་ལ་མི་འདྲ་ས་ནི་ཨིན་ཡིག་གི་ལམ་ནས་<འབྲས་ལྗོངས་སུ་ཕེབས་པར་དགའ་བསུ་ཞུ་>ཟེར་བ་དེ་རེད། ད་ནི་འབྲས་ལྗོངས་སུ་སླེབས་སོང་། འགག་སྒོ་འདི་ནས་ཡར་འགྲོ་མར་སོང་གི་རླངས་འཁོར་ཆེ་མ་ཆུང་ཚང་མ་ལ་ཞིབ་བཤེར་ཀྱིས་ཐོ་འགོད་བྱེད་བཞིན་འདུག ཉེན་རྟོག་པ་དང་དམག་མི་མང་ཤོས་དེ་བོད་པ་ལོས་ཡིན་སྙམ་པ་རྐྱང་རྐྱང་རེད་འདུག ངོ་མ་རྒྱ་གར་གྱི་ཉེན་རྟོག་པ་གྲོད་ལུག་དེ་དག་དང་མི་འདྲ་བ་ཕོ་གསར་སྟག་འདྲ་བ་ཤ་སྟག་རེད། ལམ་འདི་ནས་དམག་མི་རླངས་འཁོར་ཧ་ཅང་མང་པོ་ཡར་འགྲོ་མ་སོང་གི་བྲེལ་བ་ཤིན་ཏུ་ཆེ་ལ་འབྲས་ལྗོངས་ཀྱི་ས་ཁྱོན་མང་ཆེ་བ་ས་མཚམས་སུ་ཁེལ་ཡོད་སྟབས་དམག་སྒར་མང་པོ་ཡོད་ཚད་འདུག་པས་དམག་གི་གཡུལ་ས་ཞིག་དང་ཐུག་ས་རེད་སྙམ་པ་ཞིག་འདུག
ས་འདིའི་རླངས་འཁོར་གྱི་ཤེད་ཤུགས་དང་ཁ་ལོ་བའི་ལག་རྩལ་དེ་འདྲ་ནི་མཐོང་དཀོན་པ་ཞིག་ཡིན་རྒྱུ་རེད་དྲན། ངེད་ཚོའི་རླངས་འཁོར་ཁ་ལོ་བ་དེས་འགག་འཕྲང་དེ་དག་ནས་ཀྱང་མྱུར་འགྲོད་ལམ་ཆེན་དུ་རྒྱུག་པ་བཞིན་བཏང་ནས་རི་སྐེད་ཡོད་ཚད་བཤགས་ཏེ་འགྲོ་བཞིན་འདུག
འབྲས་ལྗོངས་ཀྱི་གྲོང་ཁྱེར་ལྟེ་བ་ནི་སྒང་ཏོག(gangtok)ཡིན་ཞིང་ད་དུང་གྲོང་ཁྱེར་དེར་སླེབས་རྒྱུ་ཅུང་འགྲོ་དགོས་པ་འདྲ།
མུ་འགོད།