འབྲས་ལྗོངས་སུ་བསྐྱོད་པའི་ཟིན་ཐོ།

(ཚན་པ་གསུམ་པ།)


རི་གཟར་ངོས་ན་ཁྲ་ལམ་མེར་སྤུངས་ནས་ཡོད་པའི་འབྲས་ལྗོངས་ཀྱི་བཀོད་པ་ཐ་དག་ཧ་ཅང་མཛེས་ལ་ཁང་བརྩེགས་མཐོན་པོ་དག་གི་བཟོ་དབྱིབས་མང་པོ་ཞིག་བོད་ཀྱི་བཟོ་དབྱིབས་ལ་དཔེ་ལེན་གྱིས་སྒེའུ་ཁུང་དང་སྒོ་ཆེན། ཐོག་གི་དར་ལྕོག་བཅས་ཀྱིས་བོད་ཀྱི་བྲོ་བ་རེ་སྟེར་ཐུབ་པ་འདུག སྒོ་བྱང་དང་ཁ་བྱང་ནི་ཨིན་ཡིག་ལས་བོད་ཡིག་ཅན་ནི་རེ་གཉིས་ཙམ་ལས་མཐོང་རྒྱུ་མི་འདུག
ཤེས་རྟོགས་བྱུང་བར་གཞིགས་ན་འབྲས་ལྗོངས་ཀྱི་ས་ཆའི་རྒྱ་ཁྱོན། 7,096 ཡོད་པ་དང་མི་འབོར། 540,493 ཡོད་འདུག
དྲོད་ཚད། 18-23 (ད་སྐབས་ཀྱི་ནམ་དུསནམ་ལངས་ཚད།4:40 ས་རུབ་ཚད། 6:29
ས་འདིའི་མི་རིགས་གཙོ་བོ་གསུམ་ནི་བལ་པོ་རིགས་དང་འབྲས་ལྗོངས་བ། ལེབ་ཅ(མོན་རིགས)བཅས་ཡིན་ལ་བལ་པོ་རིགས་ཀྱིས་བརྒྱ་ཆ་70 ཙམ་ཟིན་ཡོད་འདུག བོད་པ་དང་འབྲས་ལྗོངས་རིགས་ནི་གྲངས་ཉུང་རིགས་སུ་གྱུར་ནས་མཐའ་ན་གཞུང་འབྲེལ་སྐད་ཡིག་ཀྱང་བལ་སྐད་དང་རྒྱུན་སྤྱོད་སྐད་ཡིག་བལ་སྐད་གྱུར་ཏེ་འབྲས་ལྗོངས་ཀྱི་ས་ནས་འབྲས་ལྗོངས་ཀྱི་སྐད་ཡིག་བེད་མེད་ཆགས་འདུག་པ་ནི་འདྲ་ནི་ཡ་མཚན་པ་ཞིག་ལོས་ཡིན།
ཁ་སང་ལམ་བར་ནས་སློབ་མ་ཞིག་དང་ཐུག་པས་ཁྱེད་མི་རིགས་གང་ཡིན་དྲིས་པས་འབྲས་ལྗོངས་བ་ཡིན་ཟེར་འོན་ཀྱང་འབྲས་ལྗོངས་ཀྱི་སྐད་ཡིག་མི་ཤེས་ཟེར་ནས་དགོད་འཛུམ་འཛུམ་བྱས་བྱུང་། སློམ་མ་འདི་དང་འདྲ་བར་འབྲས་ལྗོངས་ཀྱི་གཞོན་སྐྱེས་90%ནས་རང་སྐད་མི་ཤེས་པའི་སྐྱོ་བ་ཡོད་མུས་ལ་ད་དུང་ནང་གི་ཕ་མ་ཚོས་ཀྱང་རང་གི་སྐད་ཡིག་བཀོལ་སྤྱོད་མི་གཏོང་བར་བལ་སྐད་སྤྱོད་བཞིན་པ་ནི་ཧང་སང་དགོས་པར་ཞིག་གྱུར་ཡོད།

59དུས་འགྱུར་མ་བྱུང་སྔོན་ནས་བོད་ཀྱི་ཚོང་པ་ཚོས་ས་འདིར་མི་གང་མང་ཁྲིད་ནས་གཞིས་ཆགས་ཡོད་འདུག་ལ་བཙན་བྱོལ་དུ་སླེབས་པའི་ཁྲོད་དུའང་བོད་མི་གང་མང་ཞིག་ས་འདིར་གཏན་འཇག་གནས་སྡོད་བྱས་འདུག བློ་ཕམ་པ་ཞིག་ནི་དེ་སྔར་འབྲས་ལྗོངས་རྒྱལ་པོས་བོད་མི་ཚོར་འབྲས་ལྗོངས་གྱི་མི་སེར་བཟོ་གནང་དང་ས་གཞིས་སྤྲོད་པ་བྱུང་འདུག་ནའང་ངེད་ཅག་བོད་ལ་ལོག་དགོས་པ་ལས་ས་འདིར་གཏན་སྡོད་བྱེད་རྩིས་མེད་ལུགས་ཀྱི་རྒྱུ་མཚན་བགྲངས་ནས་ས་གཞིས་བླངས་མི་འདུག སྐབས་དེ་དུས་ས་གཞིས་བླངས་ཡོད་ན་ད་སྐབས་ལས་བོད་ཀྱི་མགྲོན་ཁང་དང་ཚོང་ཁང་ཧ་ཅང་མང་བ་ཡོད་ངེས། <བོད་ཀྱི་མགྲོན་ཁང་>གིས་མཚོན་པའི་ཐོག་བརྩེགས་ལྔ་དྲུག་ཅན་གྱི་མགྲོན་ཁང་མང་པོ་ཞིག་གི་སྦྱིན་བདག་བོད་པ་རེད་འདུག འོན་ཀྱང་གཞན་ལ་བོགས་མ་བཏང་བ་ལས་བོད་མི་རང་གིས་ཚོང་གཉེར་བྱེད་བཞིན་པ་རེ་གཉིས་ཙམ་རེད།
ཕ་ཡུལ་རྒྱལ་རྩེ་ནས་ཡིན་པའི་རྨོ་ལགས་ཞིག་གིས། ཐོག་རྩེ་དྲུག་ཅན་གྱི་རང་ཉིད་ཀྱི་མགྲོན་ཁང་དེ་བོགས་མ་གཏོང་ན་ལོ་རེར་ཡོང་འབབ་ཧིན་སྒོར་འབུམ17རེ་རག་རྒྱུ་རེད། རང་གིས་བདག་གཉེར་བྱེད་ན་དེ་ལས་ཀྱང་ཡོང་འབབ་མང་བ་གསོག་ཐུབ་ཅེས་བཤད། ཁྱིམ་ཚང་མང་ཆེ་བས་མགྲོན་ཁང་གཉེར་ཞིང་མགྲོན་ཁང་གི་ཡོངས་ཐོག་དེར་རང་ཁྱིམ་བཟོ་བཀོད་ཀྱིས་གཏན་སྡོད་ཁྱིམ་གཞིས་བྱས་འདུག བོད་ཀྱི་ཡུལ་གྲུ་གཞན་དང་མི་འདྲ་ས་ཞིག་ནི་མཆོད་ཁང་སྤུས་ལེགས་རྒྱ་ཆེར་བཟོས་ཤིང་མཆོད་པའི་ཡོ་བྱེད་སྣ་འཛོམས་དང་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་པོད་གྲངས་མང་པོ་དེ་དག་བདག་ཉར་ལེགས་པོར་བྱས་འདུག་པ་ནི་ངོ་མ་དགའ་འོས་པ་ཞིག་ཏུ་གྱུར།
མངའ་སྡེ་གཞུང་གི་ཡོང་འབབ་གཙོ་བོ་ནི་སྦིར་རག་ཕྱི་གཏོང་བྱེད་བཞིན་པ་ལས་ཡོང་གི་ཡོད་འདུག་ལ་དམངས་ཀྱི་ཡོང་འབབ་ནི་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་འདུག་ཅིང་སྤྱི་ཚོགས་ཁྱོན་ཡོངས་ཕྱུག་པོ་དང་འབྱོར་འབྲིང་དུ་གཏོགས་པ་ལས་འཚོ་བ་སྐྱོ་བའི་གྲས་ནི་ཅུང་ཉུང་ཚད་འདུག ཚོང་རྟགས་གྲགས་ཅན་གྱི་ཚོང་ཁང་མང་ལ་སྤུས་ལེགས་ཀྱི་གྱོན་ཆས་དང་གོང་ཚོད་ཆེ་བའི་ཅ་དངོས་ཧ་ཅང་འབེལ་པོ་འདུག་པ་ལ་བལྟས་ནའང་འཚོ་བ་བཟང་པོ་ཡོད་པ་ཤེས་ཐུབ་ཀྱི་འདུག
ཁྲོམ་དུ་འགྲོ་རེ་བཞིན་དགའ་ལྷང་ལྷང་རེ་སྐྱེ་ས་ནི་བོད་ཆས་གྱོན་པའི་སློབ་མ་མང་པོར་མཐོང་རྒྱུ་ཡོད་ལ། ལོ་གཞོན་བུ་མོ་མང་པོ་ཞིག་གི་བོད་ཀྱི་ཕྱུ་པ་སྙིང་རྗེ་མོ་རེ་གོན་ནས་འགྲོ་བཞིན་པ་ཧ་ཅང་མཐོང་རྒྱུ་ཡོད། ཨ་ལྕག་ཅིག་གིས་ཟེར་ན་བོད་ཆས་གོན་པའི་གཞོན་སྐྱེས་ཡོད་ཚད་འབྲས་ལྗོངས་བ་ལས་བོད་པ་མ་རེད་ཟེར་བོད་ཀྱི་གཞོན་སྐྱེས་ཚོས་བོད་ཆས་གོན་གྱི་མ་རེད་ཟེར། 
ཨ་ལྕག་དེས་ད་དུང་ཡིད་ཕམ་པའི་རྣམ་འགྱུར་ཞིག་སྟོན་བཞིན་ས་འདིའི་བོད་ཀྱི་གཞོན་སྐྱེས་ཚོས་བོད་སྐད་མི་ཤེས་ལ་ཁྱིམ་ཚང་ནང་བལ་སྐད་སྤྱད་ནས་བོད་སྐད་རྒྱག་མཁན་ཁྱོན་ནས་མེད། ལོ་འགའ་སོང་ན་བོད་སྐད་རྩ་བརླག་འགྲོ་རྒྱུ་རེད་ཅེས་སེམས་ཕམ་པའི་གདོང་ཞིག་བསྟན་སོང་། ཨ་ལྕག་དེས་བཤད་པ་བཞིན་ངོ་མ་ཡིན་ཚད་འདུག་སྟེ། ང་ཚོ་མི་ཚང་སུམ་ཅུ་ཙམ་གྱི་ཁྱིམ་དུ་སོང་ལ་ཕྲུ་གུ་བོད་སྐད་ཤེས་མཁན་གཉིས་ཙམ་ལས་མ་རྙེད། ད་དུང་ཁྱིམ་ཚང་དུ་བོད་སྐད་བཤད་མཁན་གཉིས་གསུམ་ལས་ཚང་མས་བལ་སྐད་རྒྱག་བཞིན་འདུག ངོ་མ་ཡིད་མི་ཆེས་པ་ཞིག་རེད། རྒན་འཁོགས་ཚོས་ལག་ཏུ་ཕྲེང་བ་བཟུང་ནས་བལ་སྐད་རྐྱང་རྐྱང་གིས་ཁ་བརྡ་བྱེད་སྟངས་དེར་མཐོང་དུས་བོད་པ་ཞིག་ཡིན་པའི་ཚོར་བ་གཏན་ནས་སྟེར་གྱི་མི་འདུག
མངའ་སྡེའི་ཆོས་དོན་ལས་ཁུངས་ཀྱི་ལས་ཟུར་བོད་མི་རྒས་འཁོགས་ཞིག་གིས་མགོ་གཡུག་གཡུག་གནངས་ནས་ཁོར་ཡུག་ཡག་པོ་ཡོད་རུང་ང་ཚོ་བོད་མི་སྡོད་ས་ཞིག་མ་རེད་ཟེར། ས་འདིར་བོད་མི་8000ཙམ་ཡོད་པ་ལས་སུམ་སྟོང་ཙམ་ལ་མི་སེར་ལག་འཁྱེར་ཐོབ་ཡོད་ངེས་ལ་མི་སེར་ལག་ཁྱེར་མེད་ཚེ་མགྲོན་ཁང་གཉེར་རྒྱུ་དང་མཐའ་ན་རླངས་འཁོར་ཁ་ལོ་བ་བྱེད་ཐབས་བྲལ་བ་རེད། ད་སྐབས་མི་ཚོས་ས་འདིའི་སྤྱི་པའི་གསང་སྤྱོད་ལ་<འབྲས་ལྗོངས་ཀྱི་གསང་སྤྱོད་>ཅེས་མིང་མདོགས་བཏགས་ཡོད་འདུག རྗེས་ནས་གསང་སྤྱོད་ནང་སོང་ནའང་འབྲས་ལྗོངས་ཀྱི་མི་སེར་ལག་ཁྱེར་སྟོན་ཤོག་ལབ་ས་རེད་ཅེས་ཟུར་ཟ་བྱེད་བཞིན་ཡོད་ཟེར། ཁོང་གིས་ཟེར་ན་མི་སེར་ལག་ཁྱེར་ཡོད་རུང་བོད་པ་ཡིན་ན་གཞུང་གིས་ཕྱོགས་གང་ཐད་ནས་ཟུར་འབུད་དང་དབྱེ་འབྱེད་བྱེད་ཀྱི་རེད། འབྲས་ལྗོངས་བ་ཚོས་ཁ་ནས་སྙན་པོ་བཤད་རུང་བོད་མི་ཚོ་ལ་ལྟ་སྟངས་ཡག་པོ་མེད། ད་སྐབས་དཔལ་འབྱོར་ཅུང་ཡོད་པའི་བོད་པ་ཚོས་མངའ་སྡེ་ཕྱི་ལོགས་སོགས་སུ་གནས་སྤོར་དང་ས་གཞིས་ཉོ་བཞིན་ཡོད། ཁོ་རང་དེ་སྔར་ལྷོ་ཕྱོགས་གཞིས་ཆགས་སུ་འགྲོ་རྒྱུ་ཐབས་ཤེས་མང་པོ་ཐོན་རུང་ལམ་ལྷོང་མ་བྱུང་བས་འདིར་མ་སྡོད་དཀའ་མེད་ཡིན་ཚུལ་གསུངས་ལ། རང་རང་གི་ཕ་ཡུལ་ལས་སྐྱིད་ཅིག་མེད་ཐག་ཆད་རེད་ཅེས་མགོ་གཡུག་གཡུག་གིས་སེམས་ཕམ་གནང་གི་འདུག 
དཔྱད་གཞིའི་ཡིག་ཆར་འཁོད་པར་གཞིགས་ན། ས་འདིའི་བོད་མི་དག་མངའ་སྡེའི་གཞུང་ཞབས་པ་དང་མཐོ་རིམ་དཔོན་པོ། དབུས་བོད་སློབ་ཐོན་པའི་བོད་རིགས་གཞོན་སྐྱེས་མང་པོས་ས་ཁུལ་འདིར་ལས་གནས་མཐོན་པོ་འཛིན་མཁན་འདུག དཔེར་ན། དངུལ་ཁང་གི་དོ་དམ་པ། གསང་བའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། བཟོ་གྲྭའི་སྤྱི་ཁྱབ་འགན་འཛིན། གཙུག་ལག་སློབ་གྲྭའི་དགེ་རྒན། ཁང་བཟོ་འཆར་འགོད་པ་སོགས་བོད་རིགས་གལ་གནད་ཆེ་བའི་མི་སྣ་མང་པོ་ཡོད་པ་དང། རླངས་འཁོར་ཏོག་དམར་པོ་ཅན་ནང་འགྲོ་མཁན་བོད་པ་མང་པོ་མཐོང་རྒྱུ་འདུག་པ་ནི་ཆེས་དགའ་འོས་ཀྱི་ཤོག་ངོས་དེ་ཡིན།

མུ་འགོད།