2015/03/30

སྨན་ཁང་མི་གསོན་ས་རེད་དང་འཆི་ས་རེད།


དེང་རབས་ཀྱིས་བཟོ་རྩལ་དང་ཆ་འགོད་ཕུན་སུམ་ཚོགས་པའི་སྨན་ཁང་འདི་ནི་ཆེས་གྲགས་ཆེ་བ་ཞིག་ཡིན་སྐད་ལ། ནང་གི་ཞབས་ཕྱི་དང་སྣེ་ཤན་པ་དག་གི་རྣམ་འགྱུར་བཟང་ལ་མི་ཡ་རབས་རྐྱང་རྐྱང་ལོས་ཡིན་སྙམ་པ་ཞིག་འདུག མ་ཟད་ཁྱད་ལས་ཨེམ་ཆི་དང་ནད་མཁས་སྨན་པ་དག་གི་ཁ་འཇམ་ངག་བཙུན་དང་ཞི་དུལ་རྣམ་འགྱུར་དེ་དག་གིས་ནད་པ་ཚོའི་ནད་སོས་དྲག་ཏུ་གཏོང་ལོས་ཡོང་སྙམ་པ་ནི་སུ་ལའང་འཁོར་ཐུབ་པ་རེད།

འབྲེལ་མཐུད་ཞབས་ཞུ།  ཐོ་འགོད་སྟེགས་བུ། དངུལ་སྤྲོད་ཁང་། བརྟག་དཔྱད་ཁང་། ཨེམ་ཆིར་བསྟེན་གཏུགས་ཁང་། བཤག་བཅོས་ཁང་། ཛ་དྲག་ཁང་མིག ད་དུང་ཞག་སྡོད་ཁང་དང་ཟ་ཁང་སོགས་འདུག་ལ། བྱིས་ནད་ཚན་ཁག་དང་རུས་ནད་ཚན་ཁག གཅིན་སྙི་དང་གློ་ནད། མཆིན་པའི་གཉན་ཚད། མ་ལག་བརྗེ་ལེན་ཚན་ཁག་སོགས་གྲངས་ལས་འདས་པ་ཞིག་འདུག ཕྱི་ནང་གི་ཆ་རྐྱེན་འདི་འདྲ་ལས་ནད་པ་ཞིག་གི་ནད་གཞི་ཅི་འདྲ་སྡུག་རུང་བཅོས་ཐབས་མེད་པ་ཞིག་དང་སོས་དྲག་མི་ཐུབ་པ་ཞིག་ག་ནས་ཡོང་བསམ་པ་རེ་འདུག་མོད། བཅོས་ཐབས་བྲལ་བ་དང་ཤི་མ་གསོན་གྱི་ནད་པ་ཧ་ཅང་མང་པོ་ཞིག་གི་རེ་ཆད་དང་ཐབས་ཟད། ཉེ་འབྲེལ་ཚོས་ཀྱང་ནམ་འཆི་སྒུག་འདུག་པ་འདི་དག་ལ་བལྟས་ན་ཨེམ་ཆི་དག་ལག་རྩལ་མཁས་པོ་དང་སྨན་ཁང་གི་མཐུན་རྐྱེན་ཡག་ཀྱང་ཕན་ཐོགས་མེད་པ་ནི་གསལ་པོ་རེད།

འདྲུད་འཐེན་ཉལ་ཁྲི་སྟེང་དུ་ཉམས་ཐག་པའི་ནད་པ་ཚོས་ཚ་ནའི་ཟུག་གཟེར་གྱི་སྐད་ངན་གཟེར་པོ་དེ་དག་དང་ཁོ་ཚོའི་ཁ་སྣ་ལ་བཙུགས་པའི་དབུགས་འཇུབ་ཡོ་ཆས་དང་། གནམ་ཁབ་དང་ཁྲག་ཁབ་སོགས་ཀྱི་སྐུད་སྣེ་སྡོམ་ཐག་བཞིན་དཔྱངས་ནས་འཇིག་ཡེར་བ་དང་ནང་མི་ཉེ་འབྲེལ་ཚོས་རེ་ཐག་ཆད་པའི་རྣམ་འགྱུར་གྲང་ཤུབ་ཤུབ་དེ་དག་གིས་དམྱལ་བའི་སྒོ་འགྲམ་ན་འདུག་པ་ལྟ་བུའི་ཚོར་བ་རེ་སྐྲུན་བཞིན་འདུག ནང་གཟེར་གྱིས་བཅུར་བའི་ངོ་གདོང་དང་ཤ་སྐམ་ཟུངས་ཟད་ཀྱི་ལུས་ཁོག་ཁྱོག་ལ་མ་ཁྱོག་གིས་གོམ་འགྲོས་ཞིབ་ཞིབ་དེ་དག་མཐོང་ཐེངས་རེར་མི་ཚེའི་ཚེ་ཐག་རྫོགས་ཉེ་དང་འཆི་ལྟས་ཀྱི་ལྟ་གོན་འདི་དག་ནི་ཅི་འདྲའི་འཇིགས་ཡེར་བ་རེད་ཨང་སྙམ། ཨ་ཕ་ཞིག་གིས་མིག་ཕྱེས་མ་ཕྱེ་དང་དབུགས་ལྷེབ་ལྷེབ་རྔུབ་འཐེན་བྱེད་བཞིན་ལག་པས་བུའི་ལག་པ་ནས་དམ་པོར་འཇུས་ཏེ་འབྲལ་མི་འདོད་པའམ་འཆི་མི་ཕོད་པའི་བཟོ་ལྟ་སྐྱོ་ལ་སྡུག་པ་དེར་སུ་ཡིན་རུང་མིག་ཆུ་མི་གཏོང་བའི་བཟོད་སྲན་དེ་བྱེད་ཐབས་མི་འདུག
ངས་འདི་དག་མཐོང་རེ་བཞིན་དུ་དཀོན་མཆོག་བྱེད་པོར་འདོད་པའི་ཧིན་དྷི་དང་ཡེ་ཤུ་བ། ཁ་ཆེ་བ་སོགས་ཀྱིས་རང་གི་དཀོན་མཆོག་ལ་དྲང་བཞག་མེད་པའི་དབུལ་ཕྱུག་གི་ཁྱད་པར་དང་། འདྲ་མཉམ་མེད་པའི་མི་ཚེའི་སྐྱིད་སྡུག གཏོང་སྙོམས་ཆ་མཚུངས་མེད་པའི་ཆག་འཇིག་དང་སྡུག་ལ་སྡུག་བརྩེགས་ཀྱི་དཀའ་ངལ་འདི་འདྲ་ཅིའི་ཕྱིར་གནངས་སམ་ཞེས་འཁང་ར་དང་ཚིག་པ་ཟོས་པའི་རྣམ་འགྱུར་རྩུབ་པོ་རེ་ཅེས་ཀྱང་འདོན་བཞིན་ལོས་ཡོད། བཏོན་ཀྱང་ལོས་དགོས་སྙམ་པ་ཡང་ནས་ཡང་དུ་བསམ་ཡོང་། དཀོན་མཆོག་བྱེད་པོ་མི་བཞེད་པའི་ནང་བསྟན་རྗེས་འཇུག་པ་དག་གིས་ནི་དཀོན་མཆོག་ལ་ངུ་འབོད་དང་ཚིག་པ་ཟ་ས་གཉིས་ཀ་མེད་པར་རང་གིས་རང་ལ་སྡུག་སྨོད་དང་འཁང་ར་བྱེད་རྒྱུ་ལས་ལྷག་མེད། འོན་ཀྱང་ནང་བསྟན་རྗེས་འཇུག་ཚོས་ཀྱང་ལག་ལེན་ཁྲོད་ནས་དཀོན་མཆོག་གིས་མཁྱེན་སྙམ་པའི་བསམ་བློ་དང་། ལྷ་བླ་མ་ལ་སྐྱབས་ཞུ་རེ་འབོད་ཀྱི་སྡུག་སྐད་ཆེ་མ་གསུམ་འདོན་བཞིན་ཡོད་ཅིང་། འདི་ཉིད་ནི་ལས་འབྲེལ་སྨྲ་བ་ཞིག་གི་བྱེད་སྟངས་སྡུག་པོ་རེ་ཡིན་པ་ནི་བཤད་ཅི་ལ་དགོས་ཏེ། རང་ཅག་གི་སྟོན་པས་སྔ་ནས་བདག་ཉིད་བདག་གི་མགོན་དུ་ཧ་ཅང་གསལ་པོ་གསུངས་ཟིན་པ་རེད། 

དེང་སྐབས་ཀུན་ཀྱང་ཚོགས་འབྲེལ་དང་དཔལ་འབྱོར་ལམ་ལུགས་ནང་དུ་ཐིམ་བཞིན་ཡོད་པས་སྨན་ཁང་དག་ཀྱང་དཔལ་འབྱོར་འདུ་འགོད་དང་ཕྱི་ཚོང་ནང་འདྲེན་གྱི་དྲ་བ་ལས་ཐར་ས་མེད་ལ། ཆེས་བག་ཚ་དང་ཡ་ང་མེད་པའི་ཚོང་འབྲེལ་གྱི་བྱེད་ཐབས་དེ་འདྲ་ཡང་སྨན་ཁང་དང་ཨེམ་ཆི་ཚོས་ལག་བསྟར་བྱས་ཏེ་ནད་པའི་ལུས་ཟུངས་ཟད་པ་འདྲ་བར་གསག་གསག་པའི་སྒོར་རྡོག་རེ་རེ་བཞིན་ཆུ་ནང་ཕོངས་པ་ལྟར་མེད་བརླག་དང་རླུང་ལ་སྐུར་བཞིན་ཡོད་འདུག ཨེམ་ཆི་ཚོས་མགོ་ནད་ལ་རྐང་རིས་གློག་དཔར་བརྒྱབ་གཅུག་པ་དང་། རྐང་ནད་ལ་གཟུགས་པོ་ཡོངས་རྫོགས་བརྟག་དཔྱད་བྱོས་ཟེར་བའི་ལམ་སྟོན་དེ་དག་གིས་ནད་པའི་དངུལ་སྒོར་འཛད་པ་དང་བརྟག་དཔྱད་ཁང་གི་ཚོང་སྒོ་ལ་བྲེལ་བྲེལ་ཚུབ་ཚུབ་ཀྱི་མ་དངུལ་ཞལ་འདེབས་ཕུལ་མཁན་ཇེ་མང་ནས་ཇེ་མང་དུ་གཏོང་བཞིན་ཡོད། དེ་སྔོན་ཨ་མེ་རི་ཀ་ནས་སྐྲན་ནད་ཀྱིས་ཟིན་པའི་བོད་ཀྱི་བྱིས་པ་ཞིག་གི་ཨ་ཕས་ནད་ཀྱིས་མི་གསོད་པ་མ་ཡིན་པར་ན་ཚ་བཅོས་ཐབས་ཀྱིས་མི་གསོད་བཞིན་འདུག་ཅེས་རང་གི་མྱོང་བ་དེ་བཤད་འདུག 

ནད་པ་ཞིག་གི་ནད་གཞི་སོས་དྲག་ཏུ་གཏོང་རྒྱུ་དེ་སྨན་ཁང་གི་ལས་དོན་གཙོ་བོ་དེ་མ་ཡིན་པར་མ་འཆི་བར་དུ་ན་དགོས་རྒྱུ་དེ་ཁོ་ཚོའི་རེ་བ་གཙོ་བོ་དེ་ཡིན། འདི་ལྟར་བྱུང་ན་སྨན་ཁང་དང་ཨེམ་ཆི་ཚོའི་ཡོང་སྒོ་རྒྱུ་ཆད་མེད་པར་སྒོར་མའི་དངོས་གྲུབ་ཆར་བཞིན་འབབ་ནས་ཡོང་ཞིང་། སྨན་ཁང་ཞིག་གི་ལོ་རེ་ཡོང་འབབ་ཀྱང་མཐོ་ནས་མཐོ་རུ་འགྲོ་བས་སྨན་ཁང་འཛུགས་པའི་ཆེས་ཐོག་མའི་དམིགས་ཡུལ་དེའང་འགྲུབ་པ་རེད། དམིགས་ཡུལ་དང་རེ་བ་འདི་དག་འོག་ནས་བཟོས་པའི་སྨན་སྣ་རྐང་གཅིག་ཡིན་ཀྱང་གཅིག་ལ་ཕན་རུང་གཞན་ཞིག་ལ་གནོད་ངེས་ཡིན་པ་ནི་བཤད་མི་དགོས་ཏེ། ཚོང་འབྲེལ་ལམ་ལུགས་ཁྲོད་ཀྱི་ཐབས་ཇུས་དང་དཔལ་འབྱོར་འདུ་འགོད་ཀྱི་བྱེད་ཐབས་སྤྱོད་དགོས་ན་ཐབས་ཇུས་དང་བྱེད་ཐབས་འདི་ཉིད་ནི་ཆེས་ལེགས་པོ་ཞིག་ཏུ་གྱུར་ནས་ཡོད་པས་སུས་ཀྱང་འདི་ཉིད་བློས་བཏང་དང་སྐྱུར་འཇོག་བྱེད་ཀྱི་མ་རེད། འདི་ལྟ་བུའི་ཐབས་ཇུས་དང་བྱེད་ཐབས་སྤྱོད་བཞིན་པར་བལྟས་ཚེ་སྨན་ཁང་ནི་མི་ཞིག་གསོན་པོ་བཟོ་ཐབས་བྱེད་ས་དེ་མིན་པར་མི་ཚེར་ནད་ཀྱིས་མནར་ནས་འཆི་གཅུག་ས་དེ་རེད་ཅེས་བཤད་ཆོག་པ་འདུག རྫོགས་སོ།།

མེ་སོར་སྨན་ཁང་གི་སྒུག་སྟེགས་ཐོག་ནས་བྲིས། 

2015/03/24

སྲོང་བཙན་དང་གངས་རྒོད་ཀྱི་གླེང་མོ།


དུས་ཚོད། 2012-2015
ས་གནས། ཨིན་ཇི། རྒྱ་གར།
འདྲི་མཁན། གངས་རྒོད།
འདྲི་ས། སྲོང་བཙན།
བརྒྱུད་ལམ། ངོ་དེབ།

གངས- དྲ་གྲོགས་སྲོང་བཙན་ལགས་ལ་འཚམས་འདྲི་ཞུ། སྐུ་ཉིད་ལ་དྲི་བ་འགའ་འདྲི་འདོད་སྐྱེ། དུས་ཚོད་ཡོད་སྐབས་དྲི་ལན་རེ་ཅིས་ཀྱང་འདེབས་རྒྱུ་མ་བརྗེད་རོགས།
སྲོང་-དུས་ཚོད་ཡོད་པས་ཁྱེད་ཀྱིས་གང་འདོད་འདྲི་རོགས་གནང་།
གངས-གོ་ཐོས་ལ་ཁྱེད་རང་རྩོམ་པ་པོ་ཡག་པོ་ཞིག་ཡིན་ཚད་འདུག གང་འདྲ་བྱས་ཏེ་རྩོམ་རིག་ལ་འཇུག་པའི་སྐོར་ཞིག་གསུང་རོགས།
སྲོང་-ཧཧ། ངས་རང་ཉིད་རྩོམ་པ་པོ་ཞིག་ཡིན་སྙམ་ཤར་ཀྱི་མེད། དེ་བས་ཀྱང་རྩོམ་པ་པོ་ཡག་པོ་ཞིག་བསམ་པའི་ཟུར་ལའང་འཁོར་མ་མྱོང་། ཁྱེད་ཚོས་ཡག་མི་ཡག་གི་མཚམས་ཐིག་གང་འདྲ་ཞིག་ལ་འཛིན་གྱི་ཡོད་མེད་མ་ཤེས། རེད་དེ། ངས་བདེན་པ་ལ་བཅོལ་བའི་ཡིག་འབྲི་རེ་རེེ་ནམ་ཡང་ཁ་ཡག་ངོ་དགའ་དང་མི་བདེན་རྫུན་སྒྲིགས། རི་ཆུ་ནགས་གསུམ་ལ་བསྟོད་གླུ། ལྷ་དང་བླ་མ་མགུར་གླུ་མི་ལེན་པར་རང་གི་མིག་མདུན་ན་ཡོད་པའི་སྤྱི་ཚོགས་ཀྱི་བྱ་དངོས་ལ་དོ་སྣང་དང་ཡིད་འཇོག་བྱས་ཏེ་འབྲི་ཐབས་བྱེད་ཀྱི་ཡོད། གལ་ཏེ་མཐེ་མོ་སྒྲེང་མཁན་རེ་གཉིས་ཙམ་ཡོད་ན་འདི་ཉིད་ལ་མོས་པ་ཙམ་རེ་ཡིན་སྲིད། དེ་ལས་གཞན་ཡག་ཟེར་ས་ཞིག་མེད།
 གངས-རྩོམ་ཡིག་འབྲི་རྒྱུ་ལས་སླ་པོ་ཞིག་མིན་པར་མ་ཟད། དེ་ལས་ཀྱང་སྤྱི་ཚོགས་ཀྱི་གནས་བབ་མཐོང་ཞིང་ཐོས་ནས་ཡི་གེ་ཕབ་རྒྱུ་དེ་ཧ་ཅང་དཀའ་སྙམ། ཁྱེད་ལ་མཚོན་ན་འདི་ཉིད་དཀའ་ངལ་ཞིག་ཏུ་ཚོར་བཞིན་ཨེ་ཡོད།
སྲོང་།-ངོ་མ་རེད། རྩོམ་ཡིག་འབྲི་རྒྱུ་དེ་སུམ་རྟགས་དག་གསུམ་ཤེས་པ་ཙམ་གྱིས་འགྲིག་པ་ཞིག་གཏན་ནས་མིན་པར། དཔེ་ཀློག་དང་སྦྱོང་བརྡར་ཧ་ཅང་དགོས་པ་ཞིག་རེད། མ་ཟད་ལྷན་སྐྱེས་ཀྱི་རྩོམ་རྩལ་ཡོད་མེད་ལའང་ལྟོས་ཚབས་ཆེ་སྙམ། དེ་ལས་ཀྱང་དཀའ་བ་དེ་ནི་སྤྱི་ཚོགས་ཀྱི་གནས་བབ་མཐོང་ཐུབ་པའི་གོ་རྟོགས་དེ་རེད། རང་གིས་མཐོང་བའི་གནས་བབ་དེ་རྩོམ་ཡིག་ལམ་དུ་འཁྱེར་ཤེས་པ་དང་འབྲི་ཕོད་པ་དེ་ཡིན། ངེད་ཅག་གི་སྤྱི་ཚོགས་ནང་དུ་རྩོམ་འབྲི་བ་མང་ཡང་སྤྱི་ཚོགས་དཔྱད་བརྗོད་པ་ཧ་ཅང་ཉུང་ཉུང་ཡིན་པའི་རྒྱུ་མཚན་ཡང་འདི་གར་ཐུག་ཡོད། 
གངས-ཁྱེད་རང་གི་རྩོམ་ཡིག་རེ་ཟུང་ལས་མཐོང་མྱོང་མེད། བརྒྱུད་ལམ་གང་ཞིག་ནས་ཀྱེད་ཀྱི་རྩོམ་ཡིག་རྙེད་ཐུབ། ང་རང་བལྟ་འདོད་ཡོད།
སྲོང་།-ངས་ད་བར་རྩོམ་ཡིག་ཕྱི་རུ་བཏོན་ཐབས་བྱེད་ཀྱི་མེད། དེར་བརྟེན། ཁྱེད་ཀྱིས་བཙལ་ཀྱང་ལག་སྟོང་དུ་འགྱུར་རྒྱུ་ལས་ཅི་ཡང་མེད།
གངས།-ངས་གསལ་པོར་མ་ཤེས་པ་ཞིག་ནི་རྩོམ་ཡིག་བྲིས་ནས་མི་ལ་མི་བསྟན་པ་དེ་རེད། གཞན་ལ་མ་བསྟན་ན་བྲིས་ནས་དགེ་མཚན་ཞིག་ཨེ་ཡོད། ངས་བསམ་ན་དགེ་མཚན་ཡོད་པ་ཞིག་མི་འདོད།
སྲོང་།-རེད། ཀློག་པ་པོ་མེད་ན་རྩོམ་པ་པོས་གང་ཞིག་ཡི་གེར་ཕབས་ཀྱང་དོན་མེད་ལྟ་བུ་རེད། འོན་ཀྱང་ང་རང་གིས་རྩོམ་ཡིག་མི་བཏོན་པ་ལའང་རྒྱུ་མཚན་ཞིག་ཡོད། མུན་ནག་ལ་དགའ་མཁན་ཞིག་ཡིན་ན་ངས་སྒྲོན་མེ་ཐོགས་རུང་དགའ་བསུ་དང་ཕན་ཐོག་ཡོད་རྒྱུ་མ་རེད་བསམ། གང་ལྟར་ངས་སྤྱི་ཚོགས་ལ་ཉེ་བའི་རྩོམ་ཡིག་རེ་ཟུང་བྲིས་པ་ལ་མང་པོས་དགའ་མོས་བྱེད་ཀྱི་མེད་ཚད་འདུག ངོས་ལེན་མི་ཐོབ་པའི་སྐད་ཆ་བཤད་ན་རང་གི་ཁ་ན་བ་ལས་གཞན་ཅི་ཡོད། མ་རེད་དམ།
གངས།-སྤྱི་ཚོགས་ཀྱིས་ངོས་ལེན་མི་ཐོབ་པའི་སྐད་ཆ་ཨེ། ད་དུང་ངས་ཁྱེད་ཀྱིས་རྩོམ་ཡིག་མི་སྤེལ་པའི་རྒྱུ་མཚན་དེ་གསལ་པོར་མ་ཤེས།
སྲོང་།-ངས་རྩོམ་ཡིག་འབྲི་དུས་རང་ཉིད་ཐེབས་པའི་སྤྱི་ཚོགས་ཀྱི་མུན་ནག་གི་ཤོག་ངོས་དེ་འབྲི་ཅི་ཐུབ་བྱེད་ཀྱི་ཡོད། སྤྱི་ཚོགས་ནང་དུ་ཁ་ཡག་ངོ་དགའ་དང་། བསྟོད་གླུ་་བྲིན་རྒྱུག་ཆེ་བས། ངས་འདི་དག་ལས་ལྡོག་ཕྱོགས་ཤིག་འབྲི་ན་ལམ་ཁ་ཞིག་ཨེ་ཡོད། ད་ཁྱེད་ཀྱིས་གསལ་པོར་མཁྱེན་ཡོད་ངེས།
གངས།-བཀའ་དྲིན་ཆེ། ད་དུང་འདྲི་རྒྱུ་ཞིག་ལ། ང་ཚོའི་སྤྱི་ཚོགས་ནང་དུ་རྩོམ་ཡིག་འབྲི་ཀློག་ལ་ལྟ་སྟངས་དེ་ཙམ་ཡག་རྒྱུ་མེད་པ་དང་། ལྷག་པར་དུ་དགོན་སྡེ་ནང་དུ་རྩོམ་ཡིག་འབྲི་ཀློག་ལ་མཐོང་ཚུལ་ཡག་པོ་མེད་པ་འདྲ། ཁྱེད་ཀྱིས་བལྟས་ན་ཁྱེད་ཡོད་སའི་དགོན་སྡེ་ནང་དུ་དེ་ལྟར་རེད་དམ།
སྲོང་།-ངས་རྩོམ་ཡིག་འབྲི་ཀློག་གི་གོམ་སྣེ་ཐོག་མ་སྤོ་དུས་སྟོང་ལོ་གསར་པའི་ཚེས་ཤར་ལ་ཁེལ་ཡོད། སྐབས་དེ་དུས་གཏོང་ཡིག་འབྲི་ཐུབ་མཁན་ཡང་རེ་ཟུང་ཙམ་རེད། རྩོམ་ཡིག་འབྲི་ཀློག་གི་འཁོར་་ཡུག་ཧ་ཅང་གུ་དོག་པ་དང་། སྙན་ངག་སྦྱོང་ན་སྨྱོན་པ་ཆགས་འགྲོ རྩོམ་པ་པོ་སྨྱོན་པ་རེད་ཟེར་བའི་ལྟ་ཚུལ་གྱི་ན་བུན་སྟུགས་པོ་ཞིག་གིས་ཡོངས་སུ་བཏུམས་འདུག འཁོར་ཡུག་འདི་འདྲའི་ནང་དུ་རྩོམ་ཡིག་འབྲི་ཀློག་ཡག་པོ་ཡོད་ཟེར་ན་ཁྱེད་ཀྱང་དགོད་མོ་ཤོར་ངེས། གང་ལྟར་སྐབས་དེ་དུས་ཀྱི་གནས་བབ་ནི་དེ་འདྲ་རེད། ཕྱི་ལོ་༢༠༠༣དེ་ཤད་ཅིག་ནས་ངས་ནོར་སྡེ་ཚགས་པ་ཐོག་ཏུ་སྙན་ཚིག་ཅིག་སྐུར་ཡོད་པས་ཚགས་ཤོག་ནང་དུ་བཀོད་འདུག ཉིན་ཞིག་རྒན་ཕྲུག་གཅིག་པ་ཞིག་གིས་ཁྱེད་ཀྱིས་སྙན་ངག་འདྲ་བྲིས་ནས་ཅི་བྱེད། རྒན་གྱིས་ཚགས་ཤོག་ནང་ནས་མཐོང་འདུག ཚོགས་གཏམ་རག་ས་ཡོད་ཟེར། ངས་སྡུག་པ་ཅི་ཡང་བྲིས་མེད། ཅེས་ལེན་འདེབས་བྱས་རུང་ང་རང་བློ་བདེ་པོ་ཞིག་མ་བྱུང་། ཁོང་གིས་དངོས་རྫུན་ཡིན་མིན་མ་ཤེས། རྒན་གྱིས་ནི་ཅི་ཡང་གསུང་མ་མྱོང་།
དེས་རྗེས་ནས་སྨྱུག་མིང་བཀོལ་ཏེ་རང་གི་ཉེ་འཁོར་དག་གིས་ཤེས་མི་ཐུབ་པའི་ཐབས་ཤེས་དེ་འཐེན་པ་ཡིན། 
ལོ་རེ་བཞིན་སྤྱི་ཚོགས་ཀྱི་འགྱུར་འགྲོས་ནི་ཧ་ཅང་མྱུར་ལ། དགོན་སྡེ་ནང་དུའང་འགྱུར་བ་སྣ་ཚོགས་ཤིག་དང་གོམ་པ་མཉམ་སྤོ་བྱེད་ནས་སྔ་བཞིན་སྡོད་ས་མེད་པ་ཞིག་ཏུ་ཆགས་སོང་། དེ་སྐབས་ནས་ད་ལྟའི་བར་གནམ་ས་ལྟ་བའི་འགྱུར་ལྡོག་སོང་འདུག ཕྱིས་སུ་དུས་དེབ་ཅིག་ཏུ་རང་མོས་སྙན་ངག་གི་ལམ་ནས་རང་གི་ལྟ་ཚུལ་ཞིག་བྲིས་པ་ཡིན། དེ་མི་འགར་རེས་མ་གཏོགས་གོ་བ་ལེན་ཐུབ་མི་འདུག་པས་ཡག་པོ་བྲིས་འདུག་ཟེར་མཁན་རེ་ཟུང་ཙམ་ལས་རྙོག་དྲ་བཤད་མཁན་བྱུང་མ་སོང་། དེའི་ཕྱི་ལོ་ཙམ་ལ་དུས་དེབ་ཏུ་གོ་བདེ་པོའི་ཐོག་ནས་དངོས་ཡོད་དང་བདེན་པ་གཞི་བཞག་གི་སྙན་ཚིག་འགའ་བྲིས་ཡོད་པས། ངའི་རྒྱབ་ལ་ཞབས་བརྟེན་མང་པོ་འཚོགས་གི་ཡོད་འདུག མ་ཟད་ང་ལ་དངོས་སུ་དེ་འདྲ་མ་བྲིས་ཟེར་ནས་བསླབ་བྱ་གནང་མཁན་ཡང་རེ་ཟུང་བྱུང་སོང་། གང་ལྟར་འགྱུར་བ་མང་པོ་སོང་ཡོད་ཀྱང་འགྱུར་མེད་རྡོ་རྗེ་ནི་སྤྱི་ཚོགས་ཀྱི་ནག་ཉེས་གླེང་མི་ཆོག་པ་དེ་ཡིན་འདུག
གངས།-བཀྲ་ཤིས་བདེ་ལེགས། འུ་གཉིས་དྲ་འབྲེལ་ཆད་ནས་ལོ་གཉིས་མ་ཟིན་ཙམ་སོང་འདུག དེའི་རིང་དུ་སྐུ་ཉིད་སྔར་བཞིན་བདེ་གནས་ཡིན་ཤག་དང་གང་རྩོམ་བྱ་བ་རྣམས་གང་འཕེལ་སོང་ཡོད་ངེས་རེད། འུ་གཉིས་བར་གྱི་གཏམ་གླེང་དག་ད་བར་ངས་ཉར་ཚགས་བྱས་ཡོད། ད་རེས་ཁོམ་སྐབས་དང་བསྟུན་ནས་ཁ་བརྡ་རེ་བྱེད་ན་བསམ་སོང་། ལོ་ངོ་གཉིས་མ་ཟིན་ཙམ་འདི་དག་གི་རིང་དུ་ངེད་ལའང་འགྱུར་བ་ཡག་སྡུག་གཉིས་ཀ་བྱུང་འདུག དེ་བཞིན་ཁྱེད་ལའང་འགྱུར་བ་རེ་ནི་ཅེས་ཀྱང་སོང་ཡོད་ངེས་སྙམ། 
སྲོང་།-གྲོགས་པོ་ལགས་མ་ཐུག་ཡུན་རིང་། ཁྱེད་ས་ཡི་སྟིང་ན་འཛུལ་སོང་བ་ནི་ཨེ་ཡིན་བསམ་ནས་སྡོད་ཡོད། བསྐྱར་དུ་ཐུག་པ་ཧ་ཅང་དགའ་སོང་། རེད་རེད། ཁྱེད་ལ་འགྱུར་ཡག་པོ་རེ་སོང་ཡོད་པ་ཤེས་ཀྱི་འདུག ངེད་ལའང་འགྱུར་ལྡོག་རེ་གཉིས་ཙམ་བྱུང་སོང་ལབ་ན་མི་འགྲིག་པ་མེད། གཅིག་ནི་ལོ་ན་ཆེར་སོང་ནས་ཨ་ཁུ་དང་ཐུག་པ་ཐག་རིང་དེ་ཙམ་མི་འདུག ཧཧ། དགའ་འོས་ཀྱི་འགྱུར་བ་གཅིག་ནི། སྒེར་གཉེར་དྲ་ཚིགས་ཤིག་གཉེར་ནས་རང་རྩོམ་གཏམ་རྙོག་དེ་དག་སྤུངས་ཅི་ཐུབ་བྱེད་ཀྱི་ཡོད། ལོ་གཅིག་གི་ནང་དུ་རྩོམ་ཡིག་༣༢ཙམ་བྲིས་ཐུབ་འདུག་པས་ང་རང་བློ་ཁ་ཅུང་བདེ་ནས་ཡོད། 
གངས།- ཨོ་་་་ངོ་མ་གཏམ་བཟང་རེད། ཁྱེད་ལ་འགྱུར་ལྡོག་གཞན་ཞིག་བྱུང་འདུག་བ། དེ་སྔར་རྩོམ་ཡིག་ཕྱིར་བཏོན་ཐབས་བྱེད་ཀྱི་མེད་པར་ད་རེས་རྩོམ་ཡིག་སྤེལ་བ་མ་ཟད་ཁ་གྲངས་ཀྱང་མང་པོ་དེ་འདྲ་བྱུང་འདུག མ་གཞི་ཁྱེད་འགྱུར་བ་རེད་དམ་སྤྱི་ཚོགས་འགྱུར་བ་རེད། ཧཧ
སྲོང་།-སྤྱི་ཚོགས་ནི་སྔ་བཞིན་རང་སོར་གནས་འདུག ད་རེས་ངས་ཀྱང་ལྐུག་པའི་ཨུ་ཚུགས་རེ་མི་བྱེད་པར་རང་ཉིད་ལ་བཅོས་བསྒྱུར་རེ་བཏང་ཡོད། རྩོམ་ཡིག་ཁ་ཕྱོགས་བསྒྱུར་ཏེ་ལེགས་ཆ་རང་བཞིན་གྱི་གནས་ཚུལ་བཀོད་ཅི་ཐུབ་བྱེད་ཀྱི་ཡོད། གང་ལྟར་ཉེན་ཁ་མེད་པའི་རྩོམ་ཡིག་འབྲི་ལོབས་སུ་སོང་ཡོད་པས་ཁ་གྲངས་ཡང་མང་ཙམ་སླེབས་པ་རེད། སྙན་ངག་ལབ་ན་ཚད་མཐོ་དྲགས་པ་མི་འགྲོ་ཚིགས་བཅད་ཀྱང་རེ་འགའ་བྲིས་ཡོད་ལ་འདི་དག་ལ་དགའ་པོ་བྱེད་མཁན་ཡང་རེ་ཟུང་འདུག 
གངས།-རྩོམ་ཡིག་བྲིས་པ་ལས་ཉམས་མྱོང་རག་རྒྱུ་རེ་ཡོད་ཚད་འདུག་ལ། མ་ཟད་ཁྱེད་ཀྱི་རྩོམ་ཡིག་ཐུང་ཐུང་དེ་དག་ཉན་བྲོ་པོ་དང་གནད་དོན་གླེང་སློང་བྱེད་ཐབས་སྤྱད་མཁས་པ་བྱེད་འདུག་པ་མཐོང་གི་འདུག ཁྱེས་ལོབ་ད།
སྲོང་།-རྩོམ་ཡིག་འབྲི་དུས་འུར་ཤོབ་ཆེ་དྲགས་པ་དང་གནད་དོན་དངོས་གླེང་མི་ཐུབ་པ། ཆ་མི་ཚང་བ། ཉིད་ལག་མང་འགྲོ་བ་སོགས་དཀའ་ཁག་རིམ་པ་ཞིག་འདུག་ཅིང་། ད་སྐབས་དཀའ་ངལ་འདི་དག་ལས་ཅུང་རྒལ་ཐུབ་ཙམ་ཡོད་བསམ་ནས་འདུག་ཡོད། རྩོམ་ཡིག་གིས་གནད་དོན་ཆུང་ཆུང་ནས་འཇུས་ཏེ་ཆེ་པོར་སྙོབས་ཐབས་བྱེད་དགོས་པས་མཚམས་རེ་ཟ་དང་ཟུར་མང་པོ་ནས་བརྗོད་དོན་ཤོར་གྲབས་བྱེད་བཞིན་པ་དང་བཤད་པ་དག་དོན་དངོས་དང་ཧ་ཅང་ཐག་ཉེ་དགོས་པ་ལ་ཉེ་མི་ཐུབ་པའི་དཀའ་ཁག་ཅིག་ཀྱང་འདུག གང་ལྟར་ཐོག་མ་མགོ་འཛུགས་དུས་ཧ་ཅང་སྙིང་རྗེ་མོ་ཞིག་གིས་མགོ་འཛུགས་ཏེ་བརྗོད་དོན་ཁྱོན་ཡོངས་ལ་བྲོ་བ་དམིགས་བསལ་རེ་འབྱིན་ཨེ་ཐུབ་ཀྱིས་འབད་པ་བྱེད་བཞིན་ཡོད། ཁོམ་པ་ཡོད་ན་གོམས་པ་རེ་ཆགས་ཐུབ་པ་འདུག་སྙམ།
གངས།-ངས་བལྟས་ན་ཁྱེད་ཀྱིས་དེབ་ཅིག་འདོན་ཐུབ་ན་ཡག་པོ་མི་འགྲོ་བསམ། དེབ་འདོན་པ་དཀའ་ཁག་དང་ཡོད་ངེས་ཡིན་རུང་ཕན་ཐོག་ཀྱང་མང་པོ་ཡོད་རྒྱུ་རེད་སྙམ། གང་འདྲ་བྱེད་རྩིས་ཡོད།
སྲོང་།-སྤྱི་ན་དེང་སྐབས་དེབ་ལྟ་བའི་འཁོར་ཡུག་ཆུང་དུ་འགྲོ་བཞིན་འདུག་ལ་མ་ཟད་རྩོམ་མཁན་སྐད་གྲགས་ཅན་དག་གི་དེབ་ཅུང་བྲིན་པ་ལས་གཞན་ལ་འཁོར་རྒྱུག་གི་ཁྲོམ་རྭ་མི་འདུག མ་གཞི་ང་རང་དེབ་འདོན་རྒྱུ་ཡང་མི་དགའ། ལྷག་པར་དུ་སྙན་དེབ་འདོན་རྒྱུ་ནི་ཆོ་མེད་ཅིག་རེད་བསམ་ནས་ཡོད། དེའི་རྒྱུ་མཚན་ནི་སྒོར་མོ་མང་པོ་སྤྱད་ནས་དེབ་བཏོན་ཐུབ་ཙམ་བྱུང་རུང་ཀློག་པ་པོ་ཆེས་ཉུང་བས་བཏོན་རུང་ཕན་ཐོག་དང་ཁྱབ་བརྡལ་འགྲོ་ཁག་པོ་རེད། ཡང་ཕྱོགས་གཅིག་ནས་ང་རང་ད་ལྟའི་རྩོམ་ཡིག་དག་ནི་འབོལ་རྩོམ་རང་བཞིན་དང་དྲ་ཐོག་གི་འཁོར་ཡུག་ལ་དམིགས་ནས་ཐུང་ཐུང་བྲིས་ཡོད་པས་དེ་དག་བསྡུས་ཏེ་དེབ་གཟུགས་བཟོས་རུང་དོན་སྙིང་ཞིག་མི་འདུག་དྲན་བཞིན་ཡོད། འོན་ཀྱང་<རྟེན་འབྱུང་དང་ཙོང་ཁ་པ།> བསྟོད་པ་ལེགས་བཤད་སྙིང་པོའི་སྦུས་དོན་འགྲེལ་བ།༽ ཞེས་པའི་དེབ་ཅིག་འབྲི་རྩིས་ཀྱིས་ལྟ་གོན་བྱེད་བཞིན་པ་ཡིན། འབྲི་སྟངས་དང་རྩོམ་གཤིས་དག་དེ་སྔར་གྱི་གཞུང་ལུགས་དག་དང་མ་འདྲ་བར་དེང་རབས་རྩོམ་གཤིས་ཐོན་ཐབས་དང་། དེང་གི་གཞོན་སྐྱེས་དང་དུས་རབས་གསར་པ་ལ་ཁ་ཕྱོགས་ནས་འབྲི་བསམ་ཡོད། འོན་ཀྱང་བློ་ཁ་ཚིམས་པ་ཞིག་ཡོང་ཨེ་ཐུབ་མི་ཤེས་ལ་གལ་ཏེ་རང་བློ་ཚིམས་པ་ཞིག་མ་བྱུང་ན་འདོན་རྩིས་མེད། ཚན་པ་རེ་རེ་བཞིན་ཁོམ་སྐབས་སྤྱད་ནས་འབྲི་ན་ལོ་ངོ་ལྔ་དྲུག་གཅིག་ནང་ཚར་ཐུབ་པ་བསམ་བཞིན་ཡོད། དུས་ཚོད་དཀོན་པོ་འདུག་པས་ཞིབ་ཕྲ་ད་དུང་མི་ཤེས་ཡ།
གངས།-ཨ་རོགས། ད་རེས་འུ་གཉིས་གླེང་མཚམས་འདི་ནས་འཇོག རྗེས་མ་མི་མཐུད་དེ་འཚོ་བའི་ནང་དུ་འཛུལ་ཏེ་གཏམ་རྙོག་རེ་གླེང་རེས་བྱེད། འུ་གཉིས་དྲི་ལན་དག་གིས་ང་རང་སྐྱིད་དུ་གཅུག་གི་འདུག འོན་ཀྱང་ཆུང་མས་ཉོལ་ཟེར་ནས་རང་དབང་རེ་མི་སྟེར་བའི་དཀའ་འདུག་ཡ། ཁྱེད་ཚོ་མི་རྐྱང་ཚོ་ངོ་མ་སྐྱིད་པོ་རེད། ཧ་རོ་ཡ།
སྲོང་།-ཧཧཧ ཆུང་མའི་ཁ་ལ་ཉན་ནས་ཡག་པོ་ཉོལ། སྒོ་ཁར་ཕུད་དུས་འགྱེད་པ་སྐྱེ་ཡོང་། ཡ་ཡ། གནས་སྐབས་བདེ་མོ། ཁ་དྲོ།

2015/03/20

གྲྭ་པ་ཚོས་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་བྱེད་རྒྱུ་མི་འདུག


ད་ལན་སྤྱི་འཐུས་གྲོས་ཚོགས་ཀྱི་གླེང་རྙོག་དང་འབྲེལ་ཏེ་སྤྱི་ཚོགས་ནང་འུར་འདྲོག་དང་གྲོས་ཚོགས་ཀྱི་གྲོས་གཞི་གྲོས་ཆོད་དང་གནད་དོན་གལ་ཆེན་ཡོད་ཚད་སྐྱུར་འཇོག་གིས་འཁྲུགས་ལོང་ཞིག་བྱུང་དང་འབྱུང་བཞིན་པ་རེད། གླེང་རྙོག་འདི་འདྲ་བ་ནི་ད་ཐེངས་དང་པོ་ཞིག་མ་ཡིན་ལ་མཐའ་མ་དེའང་གཏན་ནས་ཡིན་མི་སྲིད། ངེད་ཅག་གི་གྲོས་ཚོགས་མ་ནུབ་བར་གླེང་རྙོག་དང་འཁྲུགས་རྩོད་བྱུང་དང་འབྱུང་ངེས་ཡིན་པ་ནི། ངེད་ཅག་གི་གྲོས་ཚོགས་ཀྱང་མང་གཙོའི་རྩ་ཁྲིམས་འོག་གི་གྲོས་ཚོགས་ཤིག་དང་བཙན་བྱོལ་སྤྱི་ཚོགས་ཀྱང་མི་སྡེའི་སྤྱི་ཚོགས་ཤིག་ཡིན་སྟབས་རྙོག་དྲ་དང་བཀའ་ངལ་སྣ་ཚོགས་འཕྲད་རྒྱུ་ནི་ཆེས་རྒྱུན་ལྡན་ཞིག་གི་ཆ་ཤས་ཤིག་ཡིན། འདི་ལྟར་གླེང་དུས་སྤྱི་ཚོགས་ནང་རྙོག་དྲ་ཡོང་དགོས་པ་དང་མི་མཐུན་པའི་དཀའ་ངལ་མང་དག་ཡོང་རྒྱུ་དེ་ཡག་པོ་ཞིག་ཡིན་པའི་གོ་དོན་ཞིག་གཏན་ནས་མིན། 

མདང་ནུབ་ངའི་དཔེ་མཚོན་ཁ་ཤས་ལ་གྲོགས་པོ་ཚོས་འདོད་མོས་བྱེད་ཀྱི་མི་འདུག་ལ་ཞྭ་དཔེ་ལྷམ་འགེབས་ཀྱི་དཔེ་རེད་ཅེས་ངེད་ཅག་བར་ལྟ་ཚུལ་དང་དང་བསམ་ཕྱོགས་མི་གཅིག་པར་རང་རང་གི་ལྟ་ཚུལ་ནས་གླེང་རེས་བྱས། ངས་ད་ཐེངས་ཀྱང་དཔེ་མཚོན་དེ་སོར་བཞག་ལས་བསྒྱུར་བཅོས་གང་ཡང་གཏོང་རྩིས་མེད། གང་ཡིན་ཞེ་ན། འུ་ཚོའི་བཙན་བྱོལ་ནང་གི་མང་གཙོ་ནི་རྒྱ་གར་གྱི་མང་གཙོ་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་དག་མིག་བལྟས་ཀྱིས་སྒྲོམ་གཞི་བཟོས་ཡོད་ཅིང་། དེ་ལས་ཕར་འདེད་ན་ནུབ་ཕྱོགས་པའི་མང་གཙོ་དང་ཁ་འབྲལ་ཐབས་མེད། དེར་བརྟེན། རྒྱ་གར་དང་ཨ་རི་དཔེ་མཚོན་དུ་བླངས་ནས་ངེད་ཅག་གི་སྤྱི་ཚོགས་སུ་ལྟ་དུས་དེ་ཙམ་འུར་འདྲོག་དང་བློ་ཕམ། ཡིད་ཆད་དང་སྐྱོ་བ་སྐྱེ་དགོས་དོན་མེད། བཙན་བྱོལ་གྲོས་ཚོགས་ཀྱི་རྭ་བ་ལས་ལྕོག་ཙེ་ཐོག་ཁུ་ཚུར་ཁ་ཤས་གཞུ་རེས་དང་ང་བདེན་ཁྱེད་རྫུན་གྱི་སྐད་ཆ་གཟེར་པོ་རེ་འགའ་ཕར་གཡུག་ཚུར་གཡུག་བྱེད་པར་འུར་འདྲོག་མི་དགོས་། རྒྱ་གར་གྲོས་ཚོགས་ཀྱི་རྭ་བ་ནས་ཆབ་སྲིད་ཚོགས་པའི་བར་གྱི་འཁྲུགས་རྩོད་དང་ཨ་མེ་རི་ཀའི་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གཉིས་ཀྱི་དཀའ་རྙོག་དེས་རྒྱལ་ཁབ་ཀྱི་ལས་ཁུངས་སྒོ་རྒྱབ་དགོས་ཐུག་པའི་ས་མཚམས་ཤིག་ལ་སླེབས་ཡོད། འོན་ཀྱང་འདི་དག་ནི་མང་གཙོའི་ལམ་ལུགས་དང་མི་སྡེའི་སྤྱི་ཚོགས་ཤིག་ཏུ་ཡོང་ངེས་དང་ཅེས་ཀྱང་འགོག་ཐབས་མེད་པའི་གནད་དོན་ཞིག་ཡིན་སྟབས་ཨ་མེ་རི་ཀ་དང་རྒྱ་གར་གྱི་སྤྱི་ཚོགས་ཆེ་པོའི་ནང་དུ་འུར་འདྲོག་དང་ཡིད་ཆད་བློ་ཕམ་མཐའ་ན་རེ་བ་མེད་པའི་བསམ་ཚུལ་འབྱུང་གི་མེད།

ངེད་ཅག་གི་སྤྱི་ཚོགས་ནང་དུ་འདི་དག་དང་ལྡོག་ཟླ་ཞིག་འབྱུང་དོན་ཁ་གསལ་པོ་རེད། མང་གཙོའི་གོ་རྟོགས་ཞན་པ་དང་ཆབ་སྲིད་རིག་པའི་བྱུང་རབས་ལ་ཕྱི་བལྟས་བྱེད་མ་ཐུབ་པས་ད་གཟོད་ཧ་ལས་ཧོན་འཐོར་འགྲོ་གི་ཡོད། དེ་ལྟ་ནའང་ང་རང་ནི་འཇིགས་སྐྲག་ཡོང་ས་དེ་འདི་དག་མིན་པར་གྲྭ་པ་ཚོས་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་བྱེད་རྒྱུ་དེ་ཡིན། སྐྱབས་གནས་དགེ་འདུན་གྱི་སྡེས་ཆབ་སྲིད་རྭ་བའི་ནང་དུ་སེམས་ཚོར་ཆེ་དྲགས་པ་དེ་ཡིན། དེ་སྔར་གྱི་བཀའ་སྤྱི་འོས་བསྡུ་དང་ལྷག་པར་དུ་སྐབས་གསུམ་པའི་བཀའ་ཁྲི་འོས་འདེམས་སྐབས་ཀྱི་གནང་སྟངས་དེ་དག ན་ནིང་ད་ལོ་གྲོས་ཚོགས་ཀྱི་རྙོག་གླེང་ལ་སེམས་ཚོར་དེ་དག་ཅུང་ཚད་རྒལ་རང་བཞིན་གྱིས་ལམ་ཕྱོགས་གཞན་ཞིག་ཏུ་གོམ་པ་སྤོས་ནོར་ཐེབས་པའི་ལྟ་གོན་ཞིག་མངོན་བཞིན་འདུག སྲིད་སྐྱོང་འོས་འདེམས་སྐབས་སྲིད་སྐྱོང་འོས་འདེམས་ཙམ་མིན་པར་དེའི་རྒྱབ་ཏུ་ཆོལ་ཁའི་གནད་དོན་འགོ་འབུས་ཡོང་ཞིང་། སྐྱ་སེར་བར་ལམ་ཕྱོགས་དང་ལྟ་ཚུལ་སོ་སོར་གྱེས་ནས་གདོང་ཐུག་གིས་དཀའ་ངལ་གྱི་སྒོ་ཕྱེ་ཡོང་གིི་འདུག སྲིད་སྐྱོང་བློ་སེང་གི་འགྲན་རྩོད་ཆེ་ཤོས་བཀྲས་མཐོང་གིས་འོས་བསྡུ་ནས་ཕམ་ཉེས་བྱུང་རྗེས་ཁོང་ཁྲོ་ཆེན་པོས་གདན་ས་ཁག་ཏུ་ཞེན་ཁོག་ཆེ་པོ་ཡོད་ཟོལ་འདུག་ཅེས་གྲྭ་པ་ཚོས་བློ་སེང་ལ་རྒྱབ་སྐྱོར་བྱེད་པ་དེ་ཆོལ་ཁའི་ཞེན་ཁོག་ཏུ་བརྩིས་ནས་ཁོང་ཁྲོ་བྱས་ཡོད། མཐོང་ཚུལ་འདི་ཁོང་སྒེར་གཅིག་པའི་མཐོང་ཚུལ་ཞིག་མིན་པར་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་དང་དེ་མིན་གྱི་མི་མང་པོ་ཞིག་ཡོད་སྲིད། མི་དམངས་ཀྱི་སྐྱབས་གནས་དང་དད་ཡུལ་དུ་བཞུགས་པ་དག་གིས་མི་དམངས་ཁོང་ཁྲོ་སློང་པ་དང་མི་དམངས་དང་གྲྭ་པའི་བར་ཆབ་སྲིད་འགྲན་རྩོད་ཅིག་གི་གནད་དོན་ནང་དུ་ལྷུང་ཚེ་རྗེས་ཕྱོགས་ནས་གྲྭ་པ་དང་མི་དམངས་བར་དུ་དད་འདུན་རྒྱང་བཀྱེད་དང་ནང་བསྟན་གྱི་གཞི་རྐང་ལ་གས་སྲུབས་ཐེབས་ཉེན་ཤིན་ཏུ་ཆེ། 

ཆབ་སྲིད་ནང་དུ་འདི་ལྟར་བུའི་དཀའ་ངལ་ཡོད་རྐྱེན་༸གོང་ས་མཆོག་གིས་ཧི་མ་ལ་ཡའི་དགེ་འདུན་པ་ཚོར་ཆབ་སྲིད་ནང་དུ་དེ་ཙམ་འཛུལ་རྒྱུ་མེད་པའི་བཀའ་སློབ་ཕེབས་ཡོད། དེའི་ཐོག་ནས་གྲྭ་པ་ཚོ་ཆབ་སྲིད་ནང་དུ་ཞུགས་ཚེ་སྒེར་ཞིག་ལ་གནད་དོན་ཞིག་འབྱུང་བ་ཙམ་མ་ཡིན་པར་ནང་བསྟན་ཆག་འཇིག་དང་གྲྭ་པ་དང་མི་དམངས་བར་འགལ་ཟླ་ཞིག་འབྱུང་ཉེན་ཡོད་པས་ཡིན། བཙན་བྱོལ་སྤྱི་ཚོགས་ནང་མི་འབོར་ཉུང་དྲགས་པས་གྲྭ་པ་ཚོས་ཆབ་སྲིད་ཀྱི་འོས་བསྡུ་ནང་འཛུལ་བཞུགས་མ་བྱེད་ཚེ་གྲངས་ཚད་ཀྱི་ཆ་ནས་དཀའ་ངལ་འཕྲད་བཞིན་ཡོད་ཅིང་ད་དུང་ཕྱོགས་འགའ་ཤས་ནས་སྐྱོན་ཆ་རེ་ལྷག་གི་ཡོད། འོན་ཀྱང་གྲྭ་པས་ཆབ་སྲིད་ཀྱི་འོས་བསྡུ་དང་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོ་ཐང་ལེན་པ་ཙམ་ལས་དེ་ལས་རྒལ་ནས་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་བྱེད་དྲགས་ཚེ་གོང་སྨྲས་བཞིན་གནད་དོན་ཞིག་ལྷག་ངེས་ཡིན། 

དེ་སྔར་གྱི་བཀའ་སྤྱི་འོས་བསྡུ་དང་གྲོས་ཚོགས་འཚོགས་མ་ཐུབ་པའི་རྙོག་གླེང་། ད་ཐེངས་ཚོགས་གཙོས་དགོངས་ཞུ་གཏོང་དགོས་ཐུག་པའི་བྱེད་ལུགས་གང་མང་ཞིག་ལ་གྲྭ་པ་ཚོས་ཆོལ་ཁ་དང་ལུང་ཚན། ཆོས་བརྒྱུད་དང་དགོན་སྡེའི་ཕྱོགས་ཞེན་ཞིག་བསྣམས་ཕེབས་ནས་ཆབ་སྲིད་པའི་འཁྲབ་སྟོན་བྱེད་པ་དེ་འདྲ་ནི་རྩ་བ་ནས་མིན་ན་ཡང་། འདིའི་མཇུག་འབྲས་ནི་སྐྱ་སེར་དང་ཆོལ་ཁའི་བར་གྱི་གནད་དོན་སྐྱུགས་བྲོ་པོ་ཞིག་གི་མི་གཙང་བའི་རྫ་སྣོད་ཁ་ཕྱེས་ཏེ་ཆིག་སྒྲིལ་འཐོར་ཆག་དང་ནང་བསྟན་གྱི་ཤེར་ངོས་ལ་མི་གཙང་བ་བྱུག་ངེས་འདུག་པས་ངེད་ཅག་གྲྭ་པ་ཚོས་ཤིན་ཏུ་ནས་ཀྱང་གཟབ་དགོས་པར་འདུག་སྙམ་པ་བདག་གི་ལྟ་ཚུལ་ལོ།།
-----------
2015-3-20

2015/03/17

བང་ཆེན་དྲ་བ་ལ་གཏོང་བའི་སྐད་ཆ།


སྐུར་འོས་བང་ཆེན་དྲ་བའི་འགན་འཁུར་མི་སྣ་དང་ཆེས་གུས་པ་འོས་པའི་གསེར་རྟ་ཚུལ་ཁྲིམས་མཆོག་ལ།

དེ་རིང་གུས་པས་བསམ་ཆ་ཐེངས་གཉིས་པ་དེ་ཁྱེད་ཅག་གི་དྲུང་དུ་གཏོང་བཞིན་ཡོད། དེ་སྔོན་གྱི་བསམ་ཆ་ལྟར་ད་རེས་ཀྱང་ཁྱེད་རྣམ་པས་བང་ཆེན་དྲ་བ་སྤྱི་ཚོགས་སུ་མཁོ་རྒྱུག་ཆེ་བ་དང་བེད་སྤྱོད་སྟབས་བདེ་ཡོང་ཐབས་གནང་རོགས་ཟེར་བ་དེ་རང་ཡིན། 

བང་ཆེན་དྲ་བའང་མི་རྐྱང་སྐོར་ཞིག་གིས་ཨ་ནན་ཨུ་ཚུགས་ཀྱིས་དཀའ་སྤྱོད་རིམ་པ་མྱོངས་ནས་བཙུགས་པའི་དྲ་ཚིགས་ཤིག་མ་ཟད། ད་བར་འགལ་རྐྱེན་སྣ་མང་དང་དཀའ་ཁག་དུ་མ་འཕྲད་མིན་ལ་མ་བལྟས་པར་རྒྱུན་འཆང་དང་སྤྱི་ཚོགས་ཀྱི་གནད་དོན་ཀུན་ལ་བདེན་པའི་མིག་ཟུང་བཀོལ་ཐུབ་པའི་སྤྱི་ཚོགས་དྲ་ཚིགས་ཡག་པོ་ཞིག་ཡིན་པས་རྣམ་ཀུན་ལྟ་ཀློག་དང་དྲ་ཉུལ་བྱེད་བཞིན་པ་ཡིན། 

དྲ་ཚིགས་ཡག་པོ་ཞིག་ཡིན་ཕྱིན་སྤྱི་ཚོགས་ནང་མཁོ་རྒྱུག་དང་ཁྱབ་ཆེ་དེ་ཙམ་མེད་ན་དྲ་ཚིགས་དེ་གི་ཕམ་ཁ་ཡིན་པ་མ་ཟད་སྤྱི་ཚོགས་ཀྱི་གྱོང་གུད་ཀྱང་ཡིན་པས་ཕམ་ཁ་དང་གྱོང་གུད་དེ་མི་མཐུད་ཁུར་དགོས་དོན་མེད་ལ་འདི་མུས་བཞིན་ལྷག་ལ་སླད་ནས་གསག་པ་དཀའ་བའི་ནོར་འཁྲུལ་དང་ཕམ་ཁ་ཡོང་རྒྱུ་རེད་བསམས་ནས་གུས་པས་ཁྱེད་ཅག་ལ་བསམ་ཆ་འདི་ཕུལ་བ་ཡིན། 

ཉིན་རྒྱུན་ང་རང་གསར་འགྱུར་ཀློག་པ་སྤྲོ་བས་འཕྲིན་ཕྲན་དང་ངོ་དེབ་ནང་དུ་བརྒྱུད་འགོད་གསར་འགྱུར་ཅི་འདུག་ལ་དོ་སྣང་བྱེད་བཞིན་ཡོད་པས་བརྒྱུད་འགོད་གསར་འགྱུར་ཡོད་ཚད་དུས་བབ་དྲ་ཚིགས་ནས་བཤུས་ཡོང་བ་ཞིག་ལས་བང་ཆེན་དྲ་ངོས་ནས་བཤུས་པ་ཆེས་ཉུང་ཉུང་རེད་འདུག འདིའི་གནད་དོན་ནི་དུས་བབ་དྲ་བ་ལྟ་ཀློག་དང་ཁ་འབྱེད་བདེ་བས་ཉིན་རེ་བཞིན་འཁོར་རྒྱུག་ཆེ་ལ་བརྒྱུད་འགོད་མང་བ་ཡོང་གི་ཡོད། 

བང་ཆེན་དྲ་ཚིགས་སྐད་ཡིག་གསུམ་ཐོག་བཟོས་ཡོད་སྟབས་དྲ་ལམ་ནས་ལྟ་དུས་ཁ་འབྱེད་དཀའ་བ་དང་དྲ་ངོས་གཙང་དག་གསལ་གསུམ་དེ་ཙམ་མི་འདུག་པ་མ་ཟད། ཁ་པར་ནང་དུ་དྲ་བའི་པར་གཞི་ཆེ་དྲགས་ཏེ་ཀློག་པ་པོ་ཞིག་གིས་མིག་ཤར་བྱེད་ཙམ་ལ་གསར་འགྱུར་གསར་པ་འདི་འདུག་སྙམ་པ་ལམ་སེང་ཤེས་ཐབས་དཀའ་བ་འདུག 

ངེད་ཅག་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཨིན་ཡིག་ཤེས་མཁན་ཚོས་བོད་ཀྱི་དྲ་ཚིགས་ཁག་ལྟ་ཀློག་དེ་ཙམ་མི་བྱེད་ལ་རྒྱ་ཡིག་ཤེས་མཁན་གྱི་ཀློག་པ་པོ་དེ་བས་ཀྱང་ཉུང་བས་ཨིན་ཡིག་དང་རྒྱ་ཡིག་པར་ངོས་ཀྱི་བང་ཆེན་དྲ་ཚིགས་དེ་ལྟ་ཀློག་བྱེད་མཁན་ཆེས་ཉུང་ཉུང་ཞིག་ཡིན་རྒྱུ་རེད་དྲན་བཞིན་ཡོད། འདི་ལྟར་ཉུང་ཉུང་ཞིག་ལས་མེད་ན་ད་རུང་པར་ངོས་གཉིས་པོ་རང་སོ་བཞག་ནས་དྲ་ཚིགས་ལྟ་ཀློག་ལ་འགལ་རྐྱེན་དེ་བཟོ་གཅུག་ན་བོད་རྒྱ་ཨིན་གསུམ་ཅན་གྱི་དྲ་ཚིགས་ཡིན་ཞེས་ངོམ་བྱེད་ཙམ་ལས་དོན་ལ་དགོས་པ་དེ་ཙམ་མི་འདུག་སྙམ་པས། ཁྱེད་རྣམ་པས་ཅི་དགོས་ཐག་གཅོད་གནང་རོགས། 

དེ་རིང་གུས་པས་ཁ་པར་ནས་ཚོད་ལྟ་ཞིག་བྱས་པས་དུས་བབ་དྲ་བ་སྐར་ཆ་བཅུ་ནས་བཅུ་གསུམ་བར་ཁ་ཕྱེ་ཐུབ་པ་མ་ཟད། པར་རིས་ཕུད་པའི་དྲ་ངོས་ཀྱི་ཡི་གེ་ཚང་མ་ལྟ་ཀློག་ཐུབ་ཀྱི་འདུག བང་ཆེན་དྲ་བ་སྐར་ཆ་ཉི་ཤུ་ནས་ཉེར་ལྔ་ཙམ་འགོར་མཚམས་ཁ་ཕྱེ་ཡོང་བ་དང་། ཁ་ཕྱེ་ཙམ་ལས་སྐར་མ་གསུམ་སོང་རུང་ཡི་གེ་ད་དུང་འཆར་མི་ཐུབ་པ་མ་ཟད་དྲ་ངོས་དེ་ཁ་པར་ནང་དུ་ཆེ་དྲགས་ཏེ་འཕྲོད་པོ་ཞིག་གཏན་ནས་མི་འདུག དེང་སྐབས་དྲ་བ་གང་འདྲ་ཞིག་ཡིན་རུང་ཁ་པར་གྱི་པར་གཞི་ནི་མེད་དུ་མི་རུང་ཞིག་ཡིན་ཏེ་ཁ་པར་སྤྱད་ནས་དྲ་ཉུལ་བྱེད་མཁན་ལས་གློག་ཀླད་བརྒྱུད་མཁན་ཆེས་ཉུང་ཉུང་རེད། 

ཁྱེད་རྣམ་པས་གཅེས་པ་འོས་པའི་དྲ་ཚིགས་དེ་རྒྱུན་གནས་དང་འཕེལ་རྒྱས། འཁོར་རྒྱུག་དང་ཁྱབ་བརྡལ་ཇེ་ཆེར་འགྲོ་མིན་གྱི་རྒྱུ་རྐྱེན་གཅིག་ནི་ཁྱེད་རྣམ་པའི་རང་ལག་ཏུ་ཡོད་པས། རང་ལག་དྲོད་མོ་ནས་སྐྱོན་ཆ་ལྷག་ཚེ་ཐབས་སྐྱོ་པོ་ཞིག་ཏུ་འགྱུར་རྒྱུ་རེད་བསམ།
ཁ་དྲོ། 
              སེར་བྱེས་ཏྲེ་ཧོར་སྲོང་བཙན་གྱིས་ཕུལ། 

2015/03/15

འཚོ་བ་དང་ཁ་ཐག་རིང་བའི་བོད་ཡིག་དྲ་ཚིགས།




མདང་དགོང་ང་རང་ལུས་ཀྱི་ལྷུ་ཚིགས་དང་གཟུགས་པོ་ཡོངས་རྫོགས་གཟེར་ཏེ་ཚ་བ་འཕར་ཞིང་ཆམ་པ་ཞིག་ན་གྲབས་ཨེ་ཡིན་བསམ་ནས་ཚ་བའི་སྨན་ཞིག་བཏུང་རྗེས། ང་ཚོའི་རྒྱུན་ཤེས་ཏེ་པག་རྒྱགས་ཚད་ཟས་ནས་ཉལ་ན་དྲག་སྐྱེད་ཡོང་ཐུབ་ཟེར་བ་བཞིན་ཐུག་པ་ཡིད་གང་བ་ཞིག་བཏུང་སྟེ་མགོ་རུམ་བཏུམས་ཀྱིས་ཉལ་སྡོད་པ་ཡིན།

དུས་རྒྱུན་ང་ཚོའི་འཚོ་བའི་ཁྲོད་ཀྱི་ཚ་བ་གཅོག་ཐབས་དང་ཆམ་པ་སྔོན་འགོག་གི་རྒྱུན་ཤེས་ལ་དེ་ཙམ་དོ་སྣང་མི་བྱེད་ལ། ཕ་མ་ཚོས་པག་རྒྱགས་ཚད་ཟས་ནས་ཉོལ་ཟེར་བ་དང་འདྲ་བའི་རྒྱུན་ཤེས་འགའ་རེ་ཡོད་མོད། དེ་དག་སྨན་བཅོས་ལག་ལེན་དང་མཐུན་པ་ཞིག་ནི་ཨེ་ཡིན་སྙམ་པ་ཡང་ཡང་འབྱུང་གི་ཡོད། 

གྷོ་གྷུལ་བཤེར་འཚོལ་ནས་<ལུས་ལ་ཚ་བ་རྒྱས་དུས་ཇི་ལྟར་བྱེད་དགོས།>འདི་ལྟར་བྲིས་ཏེ་འཚོལ་ཞིབ་ཅིག་བྱས་པས་བོད་ཀྱི་སྨན་གཞུང་ནང་གི་ཚ་བའི་རྒྱུ་རྐྱེན་དང་དེའི་འབྱུང་འབྲས། སྨན་བསྟེན་ཐབས་སོགས་ཧ་ཅང་རྒྱས་པོ་ཞིག་རྙེད་སོང་། འོན་ཀྱང་འདི་དག་ནི་རྒྱུན་ནད་བཅོས་ཐབས་ལས་འཕྲལ་སེལ་བཅོས་ཐབས་ཤིག་མིན་པ་མ་ཟད། བོད་སྨན་དེ་དག་ཀྱང་སྨན་ཁང་ནས་བསྟེན་གཏུགས་ཀྱིས་རག་རྒྱུ་ལས་སྟབས་བདེ་ཚོང་ཁང་ནས་ཉོ་རྒྱུ་མེད་ལ། སྨན་བཏུང་མི་དགོས་པར་འཕྲལ་སེལ་ཚ་བ་གཅོག་ཐབས་ཀྱི་རྒྱུན་ཤེས་སོགས་ཀྱང་གསལ་པོ་འཁོད་མི་འདུག གང་ལྟར་འཚོལ་བཤེར་བྱས་ནས་ངས་མི་རྙེད་པ་ཞིག་མ་ཡིན་པར་རྙེད་རྒྱུ་མེད་པ་ཞིག་ཡིན་འདུག 

སྤྱི་ཚོགས་འཕྲོད་བསྟེན་དྲ་བ་དང་རྒྱུན་ཤེས་དྲ་བ་འགའ་རེ་ཡོད་ཀྱང་ཀུན་གྱིས་ཨེ་ཙི་ན་ཚ་དང་བཅོས་ཐབས་དཀའ་བའི་ནད་རིགས་སོགས་ཆེན་པོ་རྐྱང་ལས། ཡང་ཡང་འབྱུང་ཉེ་བའི་མགོ་གཟེར་པ། ཆམ་པ་ན་བ། ཚ་བ་འཕར་རྒྱས་པ། གྲོད་ཁོག་བཤལ་བ། མཁྲིས་པ་དང་ཁྲག་བཤེར་འཕར་བ། ཡ་མ་ན་བ་སོགས་ནི་ཆུང་ཆུང་ཞིག་ལ་བརྩིས་ནས་བཀོད་མི་འདུག་ཅིང་། དེ་ནི་ལོས་ཡིན་ཏེ་འུ་ཅག་ལ་དུས་ནམ་ཞིག་ཏུ་འགོ་ཚུགས་པར་མ་ཤེས་པའི་འཚོ་བའི་གོམས་གཤིས་ངན་པ་ཞིག་ཡོད་པ་ནི་ཆེན་པོ་གཙིགས་སུ་བཟུང་ནས་ཆུང་ཆུང་དོ་སྣང་མི་བྱེད། གཏམ་ཞིག་བཤད་ཀྱང་ཆེ་བཤད་དང་། ལས་ཞིག་རྩོམ་ཡང་ཆེ་ས་ནས་འཇུས་ཏེ་དགོས་མཁོ་ཆེ་བའི་ལས་ཀ་ཆུང་ཙག་དེ་ཚོ་ལས་རྒྱུ་དགའ་པོ་མི་བྱེད་པ་དེ་དག་ཡིན། འདིའི་མཇུག་འབྲས་ནི་རྒྱུན་ཤེས་ཀྱིས་ཕོངས་པའི་སྤྱི་ཚོགས་ཤིག་གི་གྲལ་མཐའ་ན་ད་དུང་འཐོམ་མེ་སྡོད་ཡོད་པ་དེ་རེད།

དེང་སྐབས་ཨིན་ཡིག་དང་རྒྱ་ཡིག་སོགས་ཡིག་རིགས་མང་པོའི་ནང་དུ་དགོས་མཁོ་ཆེ་བའི་ལས་ཀ་དང་སྣ་མང་གི་རྒྱུན་ཤེས། ཡང་ཡང་འབྱུང་ཉེ་བའི་ན་ཚ་ཆུང་ཆུང་རིགས་ཀྱི་ནད་རྟགས་དང་འཕྲལ་སེལ་བཅོས་ཐབས། སྨན་གང་ཞིག་འཐུང་དགོས་མིན་། སྨན་དེའི་ཕན་ཡོན་དང་གནོད་ཆ། སྔོན་འགོག་གི་ཐབས་ལམ་སོགས་འཚོལ་བཤེར་ཐུབ་པ་དང་། དྲི་བ་བཏོན་ན་ལན་འདེབས་ཡིག་ལམ་དང་པར་རིས། བརྙན་ཕབ་དང་ཁྱད་མཁས་པར་ཁ་པར་དང་གློག་འཕྲིན་འབྲེལ་གཏུགས་བརྒྱུད་ལམ་སེང་དཀའ་ངལ་མང་དག་ཅིག་སེལ་ཐུབ་པའི་ཆ་རྐྱེན་ཡོད། འདི་དག་ཀྱང་དྲ་ཚིགས་སྒེར་རེ་རེ་དང་ཚོགས་པ་སྒེར་རེ་རེ་ནས་ལས་སྣེ་མི་འདྲ་བར་རེ་རེ་བྱས་པའི་གྲུབ་འབྲས་ཞིག་ཡིན་ལ། དེ་རིང་ཁ་སང་གྷོ་གྷོལ་འཚོལ་བཤེེར་མ་ལག་བརྒྱུད་སྣ་མང་ཤེས་བྱ་སྦྱོང་ཐབས་དང་། དྲ་ལམ་འདི་ཉིན་རེ་བཀོལ་སྤྱོད་དུང་ཕྱུར་དུ་མ་རྒལ་བཞིན་པའང་དོན་ལ་དྲ་ཚིགས་སྒེར་པ་རེ་རེ་ནས་བརྩམས་པའི་གྲུབ་འབྲས་ཤིག་ཆགས་ཡོད།

འདི་དག་ལ་མིག་བལྟས་བྱས་ཏེ་སླད་ནས་བོད་ཡིག་དྲ་ཚིགས་དག་གིས་ཀྱང་སྙན་ངག་དང་སྒྲུང་གཏམ་འབའ་ཞིག་གིས་དྲ་ངོས་ཁེངས་སྡོད་པའི་བཟོ་ལྟ་ངན་པ་དེ་བོར་ནས་ཉིན་རྒྱུན་འབྱུང་ཉེ་ཞིང་སྤྱི་ཚོགས་ནང་དུ་དགོས་མཁོ་ཆེ་བའི་སྣ་མང་གི་ཤེས་བྱ་འགོད་ཐབས་དང་། གཅིག་གཅིག་གཉིས་གཅིས་དྲ་ཚིགས་ཤར་གཏོང་བྱས་ཡོད་ཟེར་ནས་འུར་སྒྲོགས་ཙམ་མིན་པར་དངོས་དོན་ཕན་ཐབས་དང་འཚོ་བ་དང་ཁ་ཐག་ཉེ་བའི་རྩོམ་ཡིག་འབྲི་འགོད་སོགས་བྱེད་དགོས་པ་ནི་དྲ་ཚིགས་རྒྱུན་གནས་དང་སྐད་ཡིག་མཁོ་རྒྱུག་གི་གཞི་རྩ་ངོ་མ་དེ་གྱུར་ཡོད། 

སེར་བྱེས་འཕྲོད་བསྟེན་སྨན་ཁང་དུ་བྲིས།
2015-3-16

2015/03/09

ཀུ་ཤུ་ཁ་པར་དང་གློག་ཀླད་མཐེབ་གཞོང་སྦྲེལ་མཐུད་བྱེད་པ།



ད་རེས་གུས་པས་ཚོད་ལྟ་ཞིག་གི་ལམ་ནས་ཀུ་ཤུ་ཁ་པར་དང་སྐུད་མེད་མཐེབ་གཞོང་སྦྲེལ་མཐུད་བྱས་ནས་མཇུག་འབྲས་ཇི་ཡོང་བལྟས་པས། དགའ་འོས་པ་ཞིག་ལ་ལེགས་གྲུབ་བྱུང་བ་མ་ཟད། བོད་ཡིག་གི་མཐེབ་གཞོང་སྤྱད་ནས་ད་ཐེངས་ཀྱི་ཆེད་རྩོམ་འདི་འབྲི་བཞིན་པའི་སྒང་ཡིན། 

རྗེས་ཕྱོགས་ནས་ཆེས་སྟབས་བདེ་དང་ཧ་ཅང་མྱུར་མགྱོག་ངང་ཁ་པར་དུ་རྩོམ་ཡིག་རིང་པོ་དག་འབྲི་ཐུབ་པ་དང་། གློག་ཀླད་ཁ་ཕྱེ་མི་དགོས་པར་ཡིག་འབྲེལ་དང་ཡིག་ཆ་ཕབ་བཤུས། རྩོམ་ཡིག་འབྲི་འགོད་སོགས་བྱེད་ཐུབ་པ་མ་ཟད། ཀུ་ཤུ་ཚང་གི་iPad iPod iPhone ལས་ཆེས་ཡིག་འབྲི་མང་བའི་དཔེ་དེབ་ཅིག་རྩོམ་རུང་ཡི་གེ་བཏགས་ཆོག 

འདི་གཉིས་སྦྲེལ་མཐུད་བྱེད་པ་ལ་གསང་གནས་ཁ་ཤས་འདུག་པས་གསང་གནས་དེས་ཁྱེད་ཀྱི་ལེགས་གྲུབ་འབྱུང་བར་འགོག་རྐྱེན་བཟོ་ངེས་སྙམ། དེར་བརྟེན། གསང་གནས་འདི་ཁྱེད་ལ་བཤད་ཀྱི་ཡིན། 
དང་པོ་ཁ་པར་དུ་སྐུད་མེད་མཐེབ་གཞོང་སྦྲེལ་མཐུད་བྱེད་པར་མཐེབ་གཞོང་དེ་ཀུ་ཤུ་རྟགས་ཅན་གྱི་མཐེབ་གཞོང་(apple wireless keyboard)ཡིན་དགོས། ཚོང་རྟགས་གཞན་གྱི་མཐེབ་གཞོང་ལ་ཚོད་ལྟ་བྱས་མེད་པས་གནས་ཚུལ་ཅི་འབྱུང་མི་ཤེས།

ཁ་པར་ནས་སོ་སྔོན་Bluetoothདང་མཐུད་སྐབས་མཐེབ་གཞོང་གི་མིང་དེ་ཐོན་ཡོང་བས། དེའི་ཐོག་ཏུ་མནན་དང་གསལ་བྱེད་ཡི་གེ་ཐུང་ངུ་ཞིག་ཤར་གྱི་རེད། དེར་ཨང་གྲངས་བཞི་ཡོད་པ་དང་། མཐེབ་གཞོང་ནས་ཨང་གྲངས་དེ་དག་མནན་ཏེ་enter ལ་ཐེངས་གཅིག་གཞུས་དང་ལེགས་གྲུབ་ཡོངས་སུ་ཐུབ་པ་ཡིན།

མཐེབ་གཞོང་གི་བོད་ཡིག་མཛུབ་ནོན་ནི་འཇར་པན་གྱི་otani གཙུག་ལག་སློབ་གྲྭས་བཟོས་པ་དེ་ཡིན། བོད་ཡིག་གི་མཐེབ་གཞོང་འདིའི་བེད་སྤྱོད་གཏོང་སྟངས་ནི་ཧ་ལམ་མི་ཤེས་པ་མི་འདུག་ཅིང་། F དང ; semicolon འདི་གཉིས་ནི་མགོ་འདོགས་སོགས་སྦྱར་བྱེད་དེ་ཡིན། དཔེར་ན། སྐྱ་འབྲི་དུས་S F K F Y འདི་ལྟར་ཡིན། ཆེས་དམིགས་བསལ་ཞིག་ནི་ཝ་ཟུར་འབྲི་དུས་དཔེར་ན་གྲྭ g f r f w འདི་ལྟར་ཡིན།  aའ qཨ wཝ xཛ/ཛྷ vཙ/ཚ < ང >ཉ འདི་དག་ཤེས་ན་མཐེབ་གཞོང་འདི་དཀའ་ཁག་མེད་པར་སྤྱོད་ཐུབ།
གལ་སྲིད་མཐེབ་གཞོང་དང་ཁ་པར་འབྲེལ་མཐུད་གཅོད་དགོས་བྱུང་ཚེ་Eject མནན། ཨིན་ཡིག་དང་བོད་ཡིག་གི་མཐེབ་གཞོང་བརྗེ་སྤོར་གཏོང་བྱེད་command དང་space bar མཉམ་མནན་བྱོས། ད་དུང་མཐེབ་གཞོང་ནས་འོད་ཆེ་ཆུང་དང་གཞས་གཏོང་བཀག སྐད་ཆེ་ཆུང་སོགས་ཀྱང་བེད་སྤྱོད་བྱེད་ཆོག
2015-3-9

2015/03/07

འཁོར་བ་སྡུག་གི་རྒྱ་མཚོ།









ཉི་ཤར་ཚད་པ་གཟོད་ཐབས་མེད་དུས་ཀྱང་།།
རྔུ་ནག་ཐིག་པས་གདོང་ལ་རི་མོ་བྲིས།།
ལུས་སྟོད་རྔུ་ལེན་བརླན་གྱིས་འཚོས་པས་ན།།
ད་དུང་ཉོས་ཞེས་སྐད་གཟན་འདར་འདར་ཞིག།
འདི་ཉིད་མཐོང་དུས་སེམས་ལ་སྡུག་ནད་ཅིག།
དཀོན་མཆོག་གསུམ་པོ་ཡང་ཡང་འབོད་འདོད་ཅིག

མི་ཐེབས་ཁུར་པོ་ནན་གྱིས་གཉའ་ལ་ཁུར།།
སྒྱུས་ཁུག་ལྷུག་ལྷུག་འགྲོ་མ་རྒྱུག་གིས་སོང་།།
མཆུ་ཏོ་སྐམ་ནས་སེར་ཀ་དུ་མ་གས།།
སྐད་རྩ་འབུར་ཏེ་དབུགས་ཀྱང་མི་ལེན་པ།།།
འདི་ཉིད་མཐོང་དུས་སེམས་ལ་སྡུག་ནད་ཅིག།
དཀོན་མཆོག་གསུམ་པོ་ཡང་ཡང་འབོད་འདོད་ཅིག


མགོ་སྐྲ་གཟེང་པར་ཐལ་བས་སྐྱ་མདོག་བསྒྱུར།།
གྲ་མཉམ་མེད་པའི་སྤུ་སོབ་འགྲམ་ངོས་གང་།།
དྲེག་ནག་ངན་པས་སེན་དང་སོར་མོ་ཁེངས།།
ཨ་ཐང་ཆད་པའི་སྐྱོ་ཉམས་གདོང་ནས་འཕྱུར།།
འདི་ཉིད་མཐོང་དུས་སེམས་ལ་སྡུག་ནད་ཅིག།
དཀོན་མཆོག་གསུམ་པོ་ཡང་ཡང་འབོད་འདོད་ཅིག

ཁྱོ་གས་རྡུང་བའི་རྨ་ཤུལ་རྣག་གིས་འབུར།།
བཟའ་ཟླས་བྲད་པའི་དཔག་བཤུལ་དམར་རེ་མངོན།།
ཨ་མ་ཟེར་བའི་ངུ་གཟེར་བཙན་པོ་འབར།།
ཨ་ཕར་བསྙེན་ནས་ངལ་གསོ་དུས་ཀྱང་འཕྲོག།
འདི་ཉིད་མཐོང་དུས་སེམས་ལ་སྡུག་ནད་ཅིག།
དཀོན་མཆོག་གསུམ་པོ་ཡང་ཡང་འབོད་འདོད་ཅིག

གྲོང་སྟག་རྨོ་རྨོས་ཐུད་ལུད་རྒྱག་བཞིན་གཤེད།།
ཁྱིམ་མཚིས་ཨ་ཕས་ལྡོག་མིག་ལྟོས་ནས་སོང་།།
ཤ་ཉེ་སྤུན་ཡང་རྒྱང་ནས་རྒྱང་ནས་དཀྱེད།།
ཁེར་རྐྱང་ཁྱིམ་ལ་སྡུག་ཁ་མ་སོས་པ།།
འདི་ཉིད་མཐོང་དུས་སེམས་ལ་སྡུག་ནད་ཅིག།
དཀོན་མཆོག་གསུམ་པོ་ཡང་ཡང་འབོད་འདོད་ཅིག།

བུ་རྒོད་ལོན་ནས་རྐུན་མའི་ལས་ལ་ཞུགས།།
བུ་མོ་མཚར་ཏེ་གཞན་ཡུལ་གནའ་མ་ཤོར།།
བུ་ཕྲུག་མང་ཡང་ཕ་མ་སྐྱུར་ནས་སོང་།།
རྒས་ཁོག་གཉིས་པོ་འཚོ་བ་འཁྱོལ་ཙམ་ཞིག།
འདི་ཉིད་མཐོང་དུས་སེམས་ལ་སྡུག་ནད་ཅིག།
དཀོན་མཆོག་གསུམ་པོ་ཡང་ཡང་འབོད་འདོད་ཅིག


རྒས་ཤིང་ཁོགས་པའི་ལུས་གཟུགས་ནང་དུ་གུག།
སྐམ་ཞིང་རིད་པའི་རྐང་ཟུང་འཁྱར་མ་འཁྱོར།།
སོ་ཐག་ཆད་ནས་ཟས་ཀྱང་མུར་མུར་ལྡད།།
འདི་འདྲ་དུས་ཀྱང་ཁྱིམ་ལས་མ་སྐྱུར་བ།།
འདི་ཉིད་མཐོང་དུས་སེམས་ལ་སྡུག་ནད་ཅིག།
དཀོན་མཆོག་གསུམ་པོ་ཡང་ཡང་འབོད་འདོད་ཅིག

མི་ཚེའི་མཐའ་མཇུག་དབུགས་རྒྱུ་ཆད་ལ་ཁད།།
མལ་སའི་ནང་ནས་མཐའ་མའི་ཁ་ཆེམ་འཇོག།
འགྱེད་གདུང་ངང་དུ་འཆི་བ་སྒུག་དུས་དེར།།
ཉེ་དུ་འཛོམས་ནས་ཤུལ་བཞག་འཕྲོག་རེས་རྩེད།།
འདི་ཉིད་མཐོང་དུས་སེམས་ལ་སྡུག་ནད་ཅིག།
དཀོན་མཆོག་གསུམ་པོ་ཡང་ཡང་འབོད་འདོད་ཅིག

ཤི་མ་ཐག་ཏུ་རྐང་ལག་ཐག་པས་བཅིངས།།
རོ་ལས་གཤན་པས་ལུས་ཤ་དུམ་བུར་བཏུབ།།
རོ་གོས་ཟེར་བཞིན་གོས་ལྷེབ་ཙམ་ཡང་དོར།།
ཚིག་བཞི་མིང་ཡང་ལྷག་མེད་གཙང་ཕྱག་བྱས།།
འདི་ཉིད་མཐོང་དུས་སེམས་ལ་སྡུག་ནད་ཅིག།
དཀོན་མཆོག་གསུམ་པོ་ཡང་ཡང་འབོད་འདོད་ཅིག

བལྟས་པ་ཙམ་གྱིས་འདི་ནི་མྱ་ཁམས་འདྲ།།
བསམ་པའི་ཚེ་ན་མི་ཡུལ་སྡུག་གི་གཞི།།
ཞིབ་ཏུ་དཔྱད་ན་སྐད་ཅིག་ཁོམ་ལོང་མེད།།
མི་ཚེ་ཞེས་པ་སྙིང་པོ་ཏིལ་འབྲི་ཙམ།།
སུ་དང་གང་ལ་བདེ་བས་ཕོངས་པ་འདི།།
འཇིག་རྟེན་ཆེ་པའི་བྱེད་གཟུགས་དངོས་མ་ཞིག།

2015/03/06

འཆི་བ། གྲྭ་རྐྱང་གིས་སྒུག་ནས་ཡོད།


ལོ་གཅིག་བརྗེ་སྤོར་གཏན་ནས་མི་དགོས་ཁ་དོག་དམར་པའི་གཟན་ཤམ་གཅིག།
རྙིང་རལ་ཟད་པ་འདྲུད་བཞིན་རྒྱུ་བར་ངོ་ཚ་མི་ཉོ་བསིལ་ལྷམ་གཅིག།
དགུན་འཁྱག་ལྷག་པ་ཆེ་བའི་དུས་ན་རྐང་རྗེན་མི་གྲང་ལྷམ་རྙིང་གཅིག།
གྲྭ་རྐྱང་འཚོ་བ་སྟབས་བདེ་ཡིན་པས་འཆི་དུས་འགྱོད་པ་ཅི་ཡང་མེད།།

ཕུགས་རྒྱུ་བཅོལ་འཇོག་བུད་སྐྱེད་མེད་ན་སུ་དང་གང་གིས་བདའ་འདེད་མེད།།
དགྲ་གཉེན་ཁེ་འཛིན་སྨྱོ་ཆུ་མ་བཏུང་ཀླད་རྩ་འཁྲུགས་པའི་འཕྱ་ཀ་མེད།།
གཟའ་ཟླ་བུ་ཕྲུག་པང་དུ་མ་སློང་དུང་ཞེན་འཁོར་བའི་འཇུ་ཐག་མེད།།
གྲྭ་རྐྱང་འཚོ་བ་སྟབས་བདེ་ཡིན་པས་འཆི་དུས་འགྱོད་པ་ཅི་ཡང་མེད།།


གཟའ་ཅ་བཏུང་བ་ཅི་རག་ཙམ་ལས་ཡག་དང་གཙོག་གི་གདམ་གསེས་སྐྱུར།།
གནས་དང་གནས་མལ་ངན་ངོན་དེ་ལས་སྐྱིད་དང་དགའ་ཡི་ཐ་སྙད་སྐྱུར།།
སུ་དང་འགྲོགས་ན་ཡིད་བློ་བདེ་བཞིན་དོགས་དང་འཇིགས་པ་རྩད་ནས་སྐྱུར།།
གྲྭ་རྐྱང་འཚོ་བ་སྟབས་བདེ་ཡིན་པས་འཆི་དུས་འགྱོད་པ་ཅི་ཡང་མེད།།

ཆབ་དཔལ་རིག་གསུམ་གས་འཐོར་སོང་ཡང་ངེད་རང་གཏོར་དང་འཐོར་ཞིག་མེད།།
ཚན་རྩལ་དཔལ་ཡོན་བསླུ་ཁ་བཙན་ལ་བདག་ཉིད་མགོ་ཐོམ་འགྱུར་བ་མེད།།
དེང་རབས་སྤྱི་འགྲོས་ཧམ་ཤད་ཆེ་བར་མགོ་སྒུར་ལུས་འབུལ་ཞུ་རྩིས་མེད།།
གྲྭ་རྐྱང་འཚོ་བ་སྟབས་བདེ་ཡིན་པས་འཆི་དུས་འགྱོད་པ་ཅི་ཡང་མེད།།

ལྷ་ཀླུ་བཙན་གསུམ་མགོན་སྐྱབས་མི་དགོས་དཀོན་མཆོག་གསུམ་པོ་སྙིང་ན་ཡོད།།
རྔ་རྡུང་སྦུབ་དཀྲོལ་ཆོ་ག་མི་ཤེས་གཞུང་ཆེན་རྩ་བ་ངག་ལ་ཡོད།།
མོ་རྩིས་པྲ་ཕབ་སྦྱོང་པར་མ་བྱས་ལས་འབྲེལ་བསླུ་མེད་ཐད་ལ་ཡོད།།
གྲྭ་རྐྱང་འཚོ་བ་སྟབས་བདེ་ཡིན་པས་འཆི་དུས་འགྱོད་པ་ཅི་ཡང་མེད།།

སྔགས་འཆང་སྙེག་པའི་རལ་པ་མ་ཁུར་ཤ་ཀྱཱའི་དགེ་སློང་མགོ་རེག་ཡིན།།
གྲུབ་ཐོབ་རྟོག་པ་རོལ་རྡོལ་མི་ཡོང་བདེན་འཛིན་དགྲ་ལ་རྒོལ་མཁན་ཡིན།།
མཁས་དབང་སྙན་པའི་གྲགས་པ་མི་ཐོབ་རང་དམན་འཛིན་པའི་ཉམ་ཆུང་ཡིན།།
གྲྭ་རྐྱང་འཚོ་བ་སྟབས་བདེ་ཡིན་པས་འཆི་དུས་འགྱོད་པ་ཅི་ཡང་མེད།།

རྟུལ་ཕོད་དཔའ་རྒོད་ཡིད་སྨོན་མི་འཆོར་ཁྲིམས་སྲུང་གྲས་ན་འཚང་བཞིན་ཡོད།།
དབང་ཆེན་དཔོན་ལ་ཞུ་བ་མི་འབུལ་བདེན་པའི་དཔུང་ལ་རྒྱབ་བརྟེན་ཡོད།།
མི་ཁ་ལག་ཁར་ཞེད་སྣང་མི་སྐྱེས་ཆོས་ཀུན་སྒྱུ་མ་སྒོམ་བཞིན་ཡོད།།
གྲྭ་རྐྱང་འཚོ་བ་སྟབས་བདེ་ཡིན་པས་འཆི་དུས་འགྱོད་པ་ཅི་ཡང་མེད།།

གྲོང་དང་ཁྱིམ་སྒོར་སྐུ་ཕེབས་མ་ཐུབ་རང་ཤག་སྦུག་ལ་ལྷོད་སྡོད་བྱས།།
ཤི་གསོན་ཀུན་པོ་ཡར་འདྲེན་མ་ཐུབ་སེམས་བསྐྱེད་གོམས་ནས་སྐྱིད་ཉལ་བྱས།།
ཚེ་སྲིངས་དབང་གནང་ཚེ་བུམ་མ་བཟུང་འཆི་བ་ནམ་སླེབས་ངང་སྒུག་བྱས།།
གྲྭ་རྐྱང་འཚོ་བ་སྟབས་བདེ་ཡིན་པས་འཆི་དུས་འགྱོད་པ་ཅི་ཡང་མེད།།


༢༠༢༥-༣-༧

2015/03/05

དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་དགེ་བཤེས་ལྷ་རམས་པ།

དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་པ་ནས་ད་ལྟའི་བར་སྔོན་བྱུང་ལོ་རྒྱུས་ཀྱི་ལྟེབ་སྲུབས་ན་འཕོ་འགྱུར་དང་། ཆབ་སྲིད་ཀྱི་ཡོ་ལང་གི་དཀལ་ངལ་སྣ་ཚོགས་འཕྲད་མྱོང་ཞིང་། སྐབས་རེ་འགར་རྭ་ས་འཕྲུལ་སྣང་གི་སྟེང་ཤོད་བར་གསུམ་ན་འདུས་མང་གི་སྙན་གསལ་འདོན་དབྱངས་ཀྱི་གྲགས་པ་ལྷང་ལྷང་རྡིར་ཞིང་། སྣང་གསལ་སྒྲོན་མེ་ཁྲི་མ་འབུམ་གྱི་འོད་ཟེར་ཕྱོགས་ཀུན་འཕྲོས། དད་ལྡན་པའི་ཕྱག་མཆོད་མེ་ཏོག་གི་ཕྲེང་བ་སུམ་རྩེན་མི་ཡུལ་དུ་འཕོས་པ་ལྟ་བུའི་དགེ་ལེགས་རྒྱུན་མར་བབས་པའི་དུས་ཚིགས་རེའང་བྱུང་མྱོང་།

ཕྱི་ལོ་༡༩༥༩ལོའི་ལོ་ནག་གི་མུན་པ་དེ་ཚེས་ཤིང་མགོ་ཚུགས་པ་ནས་འུ་ཅག་གི་མི་རིགས་དང་། རིག་གནས། རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དང་། ཆོས་བྱེད་དགེ་འདུན་པའི་སྡེ་ཀུན་ལ་སྐྱུ་གཡར་བའི་ཆག་འཇིག་དང་། བཟོད་དཀའ་བའི་སྡུག་བསྔལ་སྣ་ཚོགས་བྱུང་ནས། མི་རིགས་རིག་གནས་དང་བཅས་པ་རྩ་ལག་ཏུ་འགྲོ་ལ་ཉེ་ཞིང་། སྐད་ཡིག་འཆི་གསོན་གྱི་དབུགས་རྒྱུན་འགག་ལ་ཁད་དུ་བྱུང་། 

འོན་ཀྱང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡ་མཚན་གྱི་གསུང་བཞིན་དུ་དཔོན་སློབ་མི་ཉུང་བ་ཞིག་རྒྱ་གར་དུ་ཕེབས་འབྱོར་ཐུབ་པའི་སྐལ་བཟང་དེ་ཉིན་ནས་ཆབ་དཔལ་རིག་གསུམ། ཆོས་སྡེ་མི་སྡེ་གཉིས་ཀའི་རྨངས་ལེགས་པོར་གཏིང་ནས་ཁ་སང་དེ་རིང་ནི་རྩ་བ་རྒྱས་ཤིང་རྩེ་མོ་འཕེལ་བའི་དུས་ཚིགས་ཤིག་ཏུ་འཁོད་ཅིང་གནས་ཡོད། 

2015/03/03

དྲ་ཐོག་གི་ཉོ་ཚོང་།


གྲོང་ཁྱེར་ཁག་ཏུ་ནི་སྔ་མོ་ཞིག་ནས་དྲ་ཐོག་གི་ཉོ་ཚོང་དར་ཡོད་པས་རང་ཁྱིམ་དུ་བསྡད་ནས་ཅ་དངོས་ཡག་གཙོག་དང་སྤུས་ཀ་དྲག་ཞན། གོང་ཚད་མཐོ་དམན་སོགས་བལྟས་ནས་ཅ་དངོས་འདེམས་སྒྲུག་གིས་མངགས་ཉོ་བྱེད་ཀྱི་ཡོད་འདུག དྲ་ཐོག་གི་ཚོང་འབྲེལ་བྲིན་རྒྱུག་ཆེ་བའི་རྐྱེན་གྱིས་ཚོང་འབྲེལ་དྲ་བ་ཧ་ཅང་མང་པོ་ཡོད་ཚད་འདུག་ལ། ངེད་ཅག་གིས་ཤེས་པའང་བཅུ་གྲངས་ཤེས་ཡོད།  བོད་གཉེར་ཉོ་ཚོང་དྲ་བ་ནི་ཉུང་ཉུང་ནང་གི་ཉུང་ཉུང་ཞིག་ཡིན་ལ་ཡོད་པ་དག་ཀྱང་སྤྱི་ཚོགས་ནང་རྒྱུག་ཆེ་བ་ཞིག་མིན།

ད་རེས་ངས་བཤད་འདོད་པ་ནི་རང་ཉིད་གནས་སྡོད་བྱེད་སའི་རྒྱ་གར་གྱི་སྤྱི་ཚོགས་ནང་ཆེས་རྒྱུག་ཆེ་བའི་ཚོང་འབྲེལ་དྲ་བ་འགའ་ངོ་སྤྲོད་བྱེད་རྒྱུ་དེ་ཡིན་མོད་ཚོང་འབྲེལ་གྱི་བརྡ་ཆད་ཁག་བོད་ཡིག་ཐོག་ཏུ་དེ་ཙམ་མི་འདུག་ཅིང་། དྲ་བའི་ཚོང་འབྲེལ་ཐོག་ཏུ་རང་ཉིད་ལ་མྱོང་རྒྱུས་མེད་པ་དང་འབྲེལ་ཡོད་ཡིག་ཆ་དང་ཟུར་བལྟ་བྱེད་ས་མ་རག་སྟབས་རང་གི་རྒྱུན་ཤེས་ཙམ་བཀོད་པ་ལས་ཐབས་གཞན་མ་རྙེད། Amazon,Flipkart ,Snapdeal, Ebay
འདི་དག་ནི་ད་སྐབས་ཚོང་འབྲེལ་དྲ་བ་ཚད་ལྡན་དག་ཡིན་ཞིང་། འདི་ནས་རིན་གོང་མཐོ་དམའ་འདྲ་མིན་གྱི་ཅ་དངོས་ཉོ་ཚོང་ཙམ་མ་ཟད། སྐྱེལ་འདྲེན་ཞབས་ཞུ་ལེགས་པོ་ཡོད་ལ་ཉིན་དྲུག་བདུན་ནང་དུ་སྐྱེལ་འདྲེན་ཐུབ་པ་བྱེད་ཀྱི་འདུག གོང་ཚད་ཆེ་བའི་ཅ་དངོས་ཉོས་ན་སྐྱེལ་འདྲེན་གླ་ཆ་མི་དགོས་པ་དང་གོང་ཚད་ཆུང་བའི་རིགས་ལ་གླ་ཆ་ལེན་གྱི་འདུག གང་ལྟར་མངགས་ཉོ་བྱེད་དུས་ནས་ཁྱེད་ལ་གོང་ཚད་འདི་ཡིན་ཞེས་སྡོམ་ཐོ་བབས་ཀྱི་རེད། སྡོམ་ཐོ་ནང་གི་གོང་ཚད་དེ་ལས་ཟུར་དུ་སྐྱེལ་འདྲེན་བྱེད་མི་ལ་སྒོར་མོ་སྤྲོད་མི་དགོས།
མངག་ཉོ་བྱེད་ལུགས་ལvisa Credit Card ཡིད་རྟོན་བྱང་བུ་བརྒྱུད་ནས་ཉོ་བ་དང་ཅ་དངོས་ལག་ཏུ་འབྱོར་དུས་སྐྱེལ་འགྲེལ་མི་སྣ་ལ་དངུལ་དམར་hard cashསྤྲོད་ལུགས་གཉིས་སུ་ཡོད། རང་རེ་ལ་སྟབས་བདེ་ཤོས་ནི་ཅ་དངོས་འབྱོར་དུས་སྐྱེལ་འདྲེན་མི་སྣར་དངུལ་སྤྲོད་རྒྱུ་དེ་ཡིན། 

དྲ་བ་འདི་དག་ནས་ཉོ་ཚོང་བྱེད་པར་ཐོག་མའི་ཆ་རྐྱེན་ནི། ཁྱེད་རང་གི་གློག་འཕྲིན་གྱི་ཐོག་ནས་དྲ་བར་ཐོ་འགོད་ངེས་པར་བྱེད་དགོས་ཤིང་། ཐོ་འགོད་དུ་ཁྱེད་ཀྱི་སྡོད་གནས་ཀྱི་ཁ་བྱང་དང་ཁ་པར་ཨང་སོགས་མ་ནོར་བ་བྱེད་དགོས། 
དྲ་བ་ནས་ཉོ་ཚོང་བྱེད་པར་དགེ་སྐྱོན་གཉིས་ཀ་ཡོད་ཅིང་། ལེགས་ཆ་ནི་རིན་གོང་དམའ་པོའི་ཐོག་ནས་ཉོ་ཐུབ་པ།  གྲོང་ཁྱེར་གྱི་ཚོང་ཁང་ཁག་ཏུ་མེད་པའམ་རྫོགས་ཚར་བ་དག་ཉོ་ཐུབ་པ། ཅ་དངོས་ཀྱི་ཆེ་ཆུང་དང་རྒྱུ་སྤུས། ཅ་དངོས་དེའི་སྐོར་གྱི་ཡིག་ཆར་ལྟ་ཐུབ་པ། ཚོང་ཁང་དུ་འགྲོ་མི་དགོས་པར་སྟབས་བདེ་ཐོག་ཁྱིམ་དང་ཉེ་འཁོར་དུ་སྐྱེལ་འདྲེན་གྱི་ཞབས་ཞུ་ཡོད་པ་བཅས་ཡིན། ཞན་ཆ་ནི་ཅ་དངོས་ཕྱིར་སློག་བྱེད་པར་ལས་སླ་པོ་མེད་པ། ཚོང་ཁང་ནས་ཅ་དངོས་ལ་བལྟས་པ་བཞིན་དྲ་ངོས་ནས་ལྟ་རྒྱུ་སྟབས་བདེ་དེ་ཙམ་མེད་པ་བཅས་རེད།

ད་སྐབས་དྲ་བ་འདི་དག་app མཉེན་ཆས་བཟོས་ནས་ཁ་པར་སྤྱོད་མཁན་དག་གིས་ཨན་ཌོ་མ་ལག་གི་player store ཀུ་ཤུ་མ་ལག་གི་App store སོགས་ནས་ཕབ་ལེན་བྱེད་ཐུབ་ལ་མཉེན་ཆས་དེ་དག་བཀོལ་སྤྱོད་བདེ་བས་ཕབ་ལེན་བྱེད་ན་ལས་སླ་པོའི་ཐོག་ནས་དྲ་བའི་ཉོ་ཚོང་ལ་འཇུག་ཐུབ།

དྲ་ཐོག་ནས་ཉོ་ཚོང་བྱེད་དུས་ཅ་དངོས་ཀྱི་གནད་དོན་འགའ་ཤས་ཤེས་དགོས། 
ཅ་དངོས་སོ་སོའི་མིང་དང་ཨང་རྟགས་སོགས་ཁྱད་ཆོས་མི་འདྲ་བ་དག་ཤེས་གལ་ཆེ།

ཁ་པར་ཡིན་ན། ཆེ་ཆུང་། སྲབ་མཐུག ཤོང་ཚད། མགྱོག་ཚད། ཤེལ་ངོས་དྭངས་ཆ། བྱང་བུ་གཉིས་དང་གཅིག་ཅན། གསོག་གནད་བྱང་བུ་ཅན། མ་ལག་གང་ཡིན། མ་ལག་གི་ཐོན་རིམ། མ་ལག་ཐོན་རིམ་སྤར་ཆོག་མིན། པར་ཆས་ཀྱི་ཤུགས་ཚད། གློག་བརྙན་དྭངས་ཆHDཅན། གློག་གི་ཤོང་ཚད། 
གློག་རྫས་གསོག་བྱེད་ཡིན་ན། powe bank

ཤོང་ཚད། བཟོ་དབྱིབ་ཆེ་ཆུང་། སྲབ་མཐུག ལྗིག་ཚད། གསོག་ཚད།DC  5V1A ཕྱིར་གཏོང་ཚད།DC 5V1A (5V2Aཅན་ཡིན་ན་ཡག)
གང་ལྟར་གནས་ཚུལ་འགའ་རེ་དང་ཨིན་ཡིག་ཚིག་འབྲི་རེ་གཉིས་ཙམ་དོ་སྣང་བྱེད་ཙམ་གནང་ནའང་ཕན་ཐོག་ཡོད། 

2105-3-4

2015/03/01

ཧིན་དྷི་རྒྱ་མཚོ་ཆེན་མོའི་གྲོང་ཁྱེར།


ཚ་བའི་མེ་རླབས་ཇེ་ཆེར་སོང་བའི་ནགས་ཁྲོད་སྟུགས་པའི་འགྲམ་ངོགས་ན།།
ཤུབ་ཤུབ་རླུང་ཡང་དྲོད་ཀྱིས་འཚོས་པའི་མེ་རླངས་འཕྱུར་བའི་རྒྱ་མཚོ་ཆེ།། 
གཟན་ལ་འདུར་བའི་མཆེ་སྡེར་དག་ཀྱང་གྲིབ་སྲིབ་འོག་ན་མགོ་ལུས་འཁུམས།། 
སྣ་ཞག་རིང་བའི་གླང་ཆེན་ཚོགས་དེ་འདམ་སྙོག་ཚལ་དུ་འགྲེ་ལྡོག་བྱེད།། 

མགོ་སྤུ་གཟེང་པའི་བྷེ་ཏ་སྡོང་རྒན་འབྲས་བུའི་ཁུར་གྱིས་ནང་དུ་དུད།།
ངང་ལག་འཛར་བའི་གཞུང་རྟ་དེ་ཡང་ལོ་མའི་ཕབ་ན་རྒས་ཤིང་ཁོགས།།
མྱ་ངན་ཤིང་སྡོམ་སྡུག་པའི་ཟོལ་གྱིས་ལོ་འདབ་མཐུར་རྐྱོང་ཡ་རེ་མཚན།།
བཅུན་སྒྲིལ་མདུད་པ་དམ་དུ་སྡོམ་པའི་སྨྱུག་རྫོབ་འགུལ་བ་ཙིར་ཙིར་སྒྲ།།

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...