སྨན་ཁང་མི་གསོན་ས་རེད་དང་འཆི་ས་རེད།


དེང་རབས་ཀྱིས་བཟོ་རྩལ་དང་ཆ་འགོད་ཕུན་སུམ་ཚོགས་པའི་སྨན་ཁང་འདི་ནི་ཆེས་གྲགས་ཆེ་བ་ཞིག་ཡིན་སྐད་ལ། ནང་གི་ཞབས་ཕྱི་དང་སྣེ་ཤན་པ་དག་གི་རྣམ་འགྱུར་བཟང་ལ་མི་ཡ་རབས་རྐྱང་རྐྱང་ལོས་ཡིན་སྙམ་པ་ཞིག་འདུག མ་ཟད་ཁྱད་ལས་ཨེམ་ཆི་དང་ནད་མཁས་སྨན་པ་དག་གི་ཁ་འཇམ་ངག་བཙུན་དང་ཞི་དུལ་རྣམ་འགྱུར་དེ་དག་གིས་ནད་པ་ཚོའི་ནད་སོས་དྲག་ཏུ་གཏོང་ལོས་ཡོང་སྙམ་པ་ནི་སུ་ལའང་འཁོར་ཐུབ་པ་རེད།

འབྲེལ་མཐུད་ཞབས་ཞུ།  ཐོ་འགོད་སྟེགས་བུ། དངུལ་སྤྲོད་ཁང་། བརྟག་དཔྱད་ཁང་། ཨེམ་ཆིར་བསྟེན་གཏུགས་ཁང་། བཤག་བཅོས་ཁང་། ཛ་དྲག་ཁང་མིག ད་དུང་ཞག་སྡོད་ཁང་དང་ཟ་ཁང་སོགས་འདུག་ལ། བྱིས་ནད་ཚན་ཁག་དང་རུས་ནད་ཚན་ཁག གཅིན་སྙི་དང་གློ་ནད། མཆིན་པའི་གཉན་ཚད། མ་ལག་བརྗེ་ལེན་ཚན་ཁག་སོགས་གྲངས་ལས་འདས་པ་ཞིག་འདུག ཕྱི་ནང་གི་ཆ་རྐྱེན་འདི་འདྲ་ལས་ནད་པ་ཞིག་གི་ནད་གཞི་ཅི་འདྲ་སྡུག་རུང་བཅོས་ཐབས་མེད་པ་ཞིག་དང་སོས་དྲག་མི་ཐུབ་པ་ཞིག་ག་ནས་ཡོང་བསམ་པ་རེ་འདུག་མོད། བཅོས་ཐབས་བྲལ་བ་དང་ཤི་མ་གསོན་གྱི་ནད་པ་ཧ་ཅང་མང་པོ་ཞིག་གི་རེ་ཆད་དང་ཐབས་ཟད། ཉེ་འབྲེལ་ཚོས་ཀྱང་ནམ་འཆི་སྒུག་འདུག་པ་འདི་དག་ལ་བལྟས་ན་ཨེམ་ཆི་དག་ལག་རྩལ་མཁས་པོ་དང་སྨན་ཁང་གི་མཐུན་རྐྱེན་ཡག་ཀྱང་ཕན་ཐོགས་མེད་པ་ནི་གསལ་པོ་རེད།

འདྲུད་འཐེན་ཉལ་ཁྲི་སྟེང་དུ་ཉམས་ཐག་པའི་ནད་པ་ཚོས་ཚ་ནའི་ཟུག་གཟེར་གྱི་སྐད་ངན་གཟེར་པོ་དེ་དག་དང་ཁོ་ཚོའི་ཁ་སྣ་ལ་བཙུགས་པའི་དབུགས་འཇུབ་ཡོ་ཆས་དང་། གནམ་ཁབ་དང་ཁྲག་ཁབ་སོགས་ཀྱི་སྐུད་སྣེ་སྡོམ་ཐག་བཞིན་དཔྱངས་ནས་འཇིག་ཡེར་བ་དང་ནང་མི་ཉེ་འབྲེལ་ཚོས་རེ་ཐག་ཆད་པའི་རྣམ་འགྱུར་གྲང་ཤུབ་ཤུབ་དེ་དག་གིས་དམྱལ་བའི་སྒོ་འགྲམ་ན་འདུག་པ་ལྟ་བུའི་ཚོར་བ་རེ་སྐྲུན་བཞིན་འདུག ནང་གཟེར་གྱིས་བཅུར་བའི་ངོ་གདོང་དང་ཤ་སྐམ་ཟུངས་ཟད་ཀྱི་ལུས་ཁོག་ཁྱོག་ལ་མ་ཁྱོག་གིས་གོམ་འགྲོས་ཞིབ་ཞིབ་དེ་དག་མཐོང་ཐེངས་རེར་མི་ཚེའི་ཚེ་ཐག་རྫོགས་ཉེ་དང་འཆི་ལྟས་ཀྱི་ལྟ་གོན་འདི་དག་ནི་ཅི་འདྲའི་འཇིགས་ཡེར་བ་རེད་ཨང་སྙམ། ཨ་ཕ་ཞིག་གིས་མིག་ཕྱེས་མ་ཕྱེ་དང་དབུགས་ལྷེབ་ལྷེབ་རྔུབ་འཐེན་བྱེད་བཞིན་ལག་པས་བུའི་ལག་པ་ནས་དམ་པོར་འཇུས་ཏེ་འབྲལ་མི་འདོད་པའམ་འཆི་མི་ཕོད་པའི་བཟོ་ལྟ་སྐྱོ་ལ་སྡུག་པ་དེར་སུ་ཡིན་རུང་མིག་ཆུ་མི་གཏོང་བའི་བཟོད་སྲན་དེ་བྱེད་ཐབས་མི་འདུག
ངས་འདི་དག་མཐོང་རེ་བཞིན་དུ་དཀོན་མཆོག་བྱེད་པོར་འདོད་པའི་ཧིན་དྷི་དང་ཡེ་ཤུ་བ། ཁ་ཆེ་བ་སོགས་ཀྱིས་རང་གི་དཀོན་མཆོག་ལ་དྲང་བཞག་མེད་པའི་དབུལ་ཕྱུག་གི་ཁྱད་པར་དང་། འདྲ་མཉམ་མེད་པའི་མི་ཚེའི་སྐྱིད་སྡུག གཏོང་སྙོམས་ཆ་མཚུངས་མེད་པའི་ཆག་འཇིག་དང་སྡུག་ལ་སྡུག་བརྩེགས་ཀྱི་དཀའ་ངལ་འདི་འདྲ་ཅིའི་ཕྱིར་གནངས་སམ་ཞེས་འཁང་ར་དང་ཚིག་པ་ཟོས་པའི་རྣམ་འགྱུར་རྩུབ་པོ་རེ་ཅེས་ཀྱང་འདོན་བཞིན་ལོས་ཡོད། བཏོན་ཀྱང་ལོས་དགོས་སྙམ་པ་ཡང་ནས་ཡང་དུ་བསམ་ཡོང་། དཀོན་མཆོག་བྱེད་པོ་མི་བཞེད་པའི་ནང་བསྟན་རྗེས་འཇུག་པ་དག་གིས་ནི་དཀོན་མཆོག་ལ་ངུ་འབོད་དང་ཚིག་པ་ཟ་ས་གཉིས་ཀ་མེད་པར་རང་གིས་རང་ལ་སྡུག་སྨོད་དང་འཁང་ར་བྱེད་རྒྱུ་ལས་ལྷག་མེད། འོན་ཀྱང་ནང་བསྟན་རྗེས་འཇུག་ཚོས་ཀྱང་ལག་ལེན་ཁྲོད་ནས་དཀོན་མཆོག་གིས་མཁྱེན་སྙམ་པའི་བསམ་བློ་དང་། ལྷ་བླ་མ་ལ་སྐྱབས་ཞུ་རེ་འབོད་ཀྱི་སྡུག་སྐད་ཆེ་མ་གསུམ་འདོན་བཞིན་ཡོད་ཅིང་། འདི་ཉིད་ནི་ལས་འབྲེལ་སྨྲ་བ་ཞིག་གི་བྱེད་སྟངས་སྡུག་པོ་རེ་ཡིན་པ་ནི་བཤད་ཅི་ལ་དགོས་ཏེ། རང་ཅག་གི་སྟོན་པས་སྔ་ནས་བདག་ཉིད་བདག་གི་མགོན་དུ་ཧ་ཅང་གསལ་པོ་གསུངས་ཟིན་པ་རེད། 

དེང་སྐབས་ཀུན་ཀྱང་ཚོགས་འབྲེལ་དང་དཔལ་འབྱོར་ལམ་ལུགས་ནང་དུ་ཐིམ་བཞིན་ཡོད་པས་སྨན་ཁང་དག་ཀྱང་དཔལ་འབྱོར་འདུ་འགོད་དང་ཕྱི་ཚོང་ནང་འདྲེན་གྱི་དྲ་བ་ལས་ཐར་ས་མེད་ལ། ཆེས་བག་ཚ་དང་ཡ་ང་མེད་པའི་ཚོང་འབྲེལ་གྱི་བྱེད་ཐབས་དེ་འདྲ་ཡང་སྨན་ཁང་དང་ཨེམ་ཆི་ཚོས་ལག་བསྟར་བྱས་ཏེ་ནད་པའི་ལུས་ཟུངས་ཟད་པ་འདྲ་བར་གསག་གསག་པའི་སྒོར་རྡོག་རེ་རེ་བཞིན་ཆུ་ནང་ཕོངས་པ་ལྟར་མེད་བརླག་དང་རླུང་ལ་སྐུར་བཞིན་ཡོད་འདུག ཨེམ་ཆི་ཚོས་མགོ་ནད་ལ་རྐང་རིས་གློག་དཔར་བརྒྱབ་གཅུག་པ་དང་། རྐང་ནད་ལ་གཟུགས་པོ་ཡོངས་རྫོགས་བརྟག་དཔྱད་བྱོས་ཟེར་བའི་ལམ་སྟོན་དེ་དག་གིས་ནད་པའི་དངུལ་སྒོར་འཛད་པ་དང་བརྟག་དཔྱད་ཁང་གི་ཚོང་སྒོ་ལ་བྲེལ་བྲེལ་ཚུབ་ཚུབ་ཀྱི་མ་དངུལ་ཞལ་འདེབས་ཕུལ་མཁན་ཇེ་མང་ནས་ཇེ་མང་དུ་གཏོང་བཞིན་ཡོད། དེ་སྔོན་ཨ་མེ་རི་ཀ་ནས་སྐྲན་ནད་ཀྱིས་ཟིན་པའི་བོད་ཀྱི་བྱིས་པ་ཞིག་གི་ཨ་ཕས་ནད་ཀྱིས་མི་གསོད་པ་མ་ཡིན་པར་ན་ཚ་བཅོས་ཐབས་ཀྱིས་མི་གསོད་བཞིན་འདུག་ཅེས་རང་གི་མྱོང་བ་དེ་བཤད་འདུག 

ནད་པ་ཞིག་གི་ནད་གཞི་སོས་དྲག་ཏུ་གཏོང་རྒྱུ་དེ་སྨན་ཁང་གི་ལས་དོན་གཙོ་བོ་དེ་མ་ཡིན་པར་མ་འཆི་བར་དུ་ན་དགོས་རྒྱུ་དེ་ཁོ་ཚོའི་རེ་བ་གཙོ་བོ་དེ་ཡིན། འདི་ལྟར་བྱུང་ན་སྨན་ཁང་དང་ཨེམ་ཆི་ཚོའི་ཡོང་སྒོ་རྒྱུ་ཆད་མེད་པར་སྒོར་མའི་དངོས་གྲུབ་ཆར་བཞིན་འབབ་ནས་ཡོང་ཞིང་། སྨན་ཁང་ཞིག་གི་ལོ་རེ་ཡོང་འབབ་ཀྱང་མཐོ་ནས་མཐོ་རུ་འགྲོ་བས་སྨན་ཁང་འཛུགས་པའི་ཆེས་ཐོག་མའི་དམིགས་ཡུལ་དེའང་འགྲུབ་པ་རེད། དམིགས་ཡུལ་དང་རེ་བ་འདི་དག་འོག་ནས་བཟོས་པའི་སྨན་སྣ་རྐང་གཅིག་ཡིན་ཀྱང་གཅིག་ལ་ཕན་རུང་གཞན་ཞིག་ལ་གནོད་ངེས་ཡིན་པ་ནི་བཤད་མི་དགོས་ཏེ། ཚོང་འབྲེལ་ལམ་ལུགས་ཁྲོད་ཀྱི་ཐབས་ཇུས་དང་དཔལ་འབྱོར་འདུ་འགོད་ཀྱི་བྱེད་ཐབས་སྤྱོད་དགོས་ན་ཐབས་ཇུས་དང་བྱེད་ཐབས་འདི་ཉིད་ནི་ཆེས་ལེགས་པོ་ཞིག་ཏུ་གྱུར་ནས་ཡོད་པས་སུས་ཀྱང་འདི་ཉིད་བློས་བཏང་དང་སྐྱུར་འཇོག་བྱེད་ཀྱི་མ་རེད། འདི་ལྟ་བུའི་ཐབས་ཇུས་དང་བྱེད་ཐབས་སྤྱོད་བཞིན་པར་བལྟས་ཚེ་སྨན་ཁང་ནི་མི་ཞིག་གསོན་པོ་བཟོ་ཐབས་བྱེད་ས་དེ་མིན་པར་མི་ཚེར་ནད་ཀྱིས་མནར་ནས་འཆི་གཅུག་ས་དེ་རེད་ཅེས་བཤད་ཆོག་པ་འདུག རྫོགས་སོ།།

མེ་སོར་སྨན་ཁང་གི་སྒུག་སྟེགས་ཐོག་ནས་བྲིས། 

No comments:

Powered by Blogger.