གསུང་འབུམ་དཔེ་སྒྲིག་འགན་ཁུར་བ་དགེ་བཤེས་ཡ་མ་བསོད་ནམས་མཆོག་ལ།



ཁ་རྩང་མི་གཞན་བརྒྱུད་དེ་སྐུ་ཉིད་ནས་ངེད་ལ་དཔེ་དེབ་སྒྲིག་སྦྱོར་བྱེད་པར་ཡོང་དགོས་པའི་ལན་ཞིག་སྐུར་འདུག་ནའང་འདི་ལོའི་ངེད་ཅག་འཛིན་གྲྭའི་ཚན་རིག་སློབ་ཐུན་དེ་དགོང་མོར་ཁེལ་ཡོད་སྟབས་ཉིན་ཡ་གཅིག་ལས་བཅར་མི་ཐུབ་པ་དངོས་ཡོད་ལ་སོང་། ཕྲན་ནས་རྒྱུ་མཚན་དེ་བཞིན་ཞུས་ཏེ་སྐུ་ཉིད་ལ་ཕྱིར་ལྗགས་ལན་ཞིག་ཕུལ་ཡོད། ད་ལན་གྱི་གསུང་འབུམ་དཔེ་སྒྲིག་དེ་ཉིད་གལ་ཆེན་ཙམ་མ་ཟད་སྐུ་ཉིད་དབུས་པས་སློབ་གཉེར་བ་མང་པོས་དཀའ་བ་ཁྱད་བསད་དང་དུས་ཚད་གང་མང་བཏང་གནང་ཡོད་པས་ཅིས་ཀྱང་ཁྱེད་རྣམས་ལ་གཞོགས་འདེགས་རེ་ཞུ་དགོས་པ་ནི་སྨྲས་མེད་ཡིན་ཁར། ཅི་ནུས་ཀྱིས་དཔེ་དེབ་སྒྲིག་སྦྱོར་བྱེད་འདོད་ཧ་ཅང་བྱུང་མོད་གོང་སྨྲས་བཞིན་དཀའ་ངལ་དེ་འདྲ་ལ་བརྟེན་ནས་རོགས་ཕན་ཞུ་མ་ཐུབ་པ་ནི་ངེད་རང་བློ་འགྱོད་དང་ཁྱེད་རྣམ་པར་དགོངས་སེལ་ཞུ་རྒྱུ་ཡིན། 

 ངོ་ལོ་གཉིས་ལྷག་ཙམ་གྱི་རིང་དུ་གསུང་འབུམ་པོད་གྲངས་མང་པོ་དེ་དག་ལ་ཞུ་དག་དང་མཆན་འགོད། དཔེ་བསྡུར་དང་གཤིབ་བསྡུར་སོགས་ཚར་གཅིག་གཉིས་ཙམ་མིན་པར། ལན་དུ་མར་བསྐྱར་བསྡུར་ཡང་བསྡུར་གྱིས་ཞིབ་ཚགས་ནན་ཏན་བྱེད་པ་དང་། ལུང་ཁུངས་གསལ་འདེད་དང་། དོགས་གནས་ཞིབ་དཔྱད་བྱེད་ཐུབ་པ་འདི་འདྲ་ནི་སྐུ་ཉིད་ཀྱི་མཁྱེན་ཡོན་དང་འཆར་འགོད་མཛུབ་སྟོན་ལེགས་པོར་གནང་བའི་དཀའ་དྲིན་ཉག་གཅིག་ལ་ལྟོས་ཡོད། ཞོགས་སྐྱ་རེངས་ཚེས་པ་ནས་དགོང་མོའི་ས་མ་རུབ་བར་རྒན་ཕྲུག་དག་ལ་དཔེ་ཁྲིད་དང་དཔེ་གཟིགས་གནང་ཞིང་། ཕྱག་དཔེ་གསར་རྩོམ་སོགས་གལ་ཆེན་ཕྱག་ལས་དེ་འདྲ་མང་པོ་ཡོད་ཐོག་ཏུ་ད་དུང་དགོང་མོའི་ངལ་གསོའི་དུས་ཚད་ཕྲན་བུ་དེའང་སྐྱུར་འཇོག་གིས་ད་བར་མི་ལོ་གཉིས་ལྷག་ལ་གསུང་འབུམ་དཔེ་སྒྲིག་འགན་ཁུར་དང་ལག་བསྟར་གྱི་སྐུ་ངལ་དེ་འདྲ་གནང་བ་ནི་ངེད་ཅག་གཞོན་སྐྱེས་ཚོས་གསལ་པོ་མཐོང་ཡོད། ཐེངས་དུ་མར་རླངས་འཁོར་དུ་ཕེབས་རེས་བཞིན་ཞུ་དག་བྱེད་བཞིན་ཕེབས་གནང་ལ། དེ་འདྲ་གནང་ན་མིག་ལ་སྐྱོན་ཆེན་པོ་བཟོ་ཉེན་འདུག་པས་མ་གནང་ན་ལེགས་ཚུལ་ཞུས་འདུག་ཀྱང་དུས་ཚད་རག་གི་མི་འདུག་ཅེས་གསུངས་པར་གོ་ཐོས་བྱུང་བས་ངེད་ཅག་ལ་སེམས་འགུལ་ཚད་མེད་ཐེབས་པར་བྱུང་། 

སྐུ་ཉིད་ཁོ་ནས་བརྩོན་པ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ངང་རྒྱུན་རིང་པོ་དེ་འདྲ་གནང་བའི་བཀའ་དྲིན་ལས་ད་སྐབས་ཞུ་དག་ཁག་ལེགས་གྲུབ་ཟིན་ནས་དཔེ་དེབ་སྒྲིག་སྦྱོར་བྱེད་མཚམས་ལ་སླེབས་ཟིན་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད་ལ། གང་མགྱོག་གསུང་འབུམ་དཔར་འགྲེམས་བྱེད་པར་ངང་སྒུག་བྱས་ཡོད། ཉིན་མོ་འདི་ནི་ཁྱེད་དང་ཁྱེད་རྣམ་པས་རེ་སྒུག་བྱེད་ཡོད་ངེས་ལ་ང་ཚོས་ཀྱང་རེ་བས་བརྟས་ནས་སྒུག་ཡོད།

གསུང་འབུམ་དེབ་གཟུགས་སྒྲིག་སྦྱོར་བྱེད་པར་ལག་རྩལ་མི་སྣ་ཙམ་མ་ཟད་མྱོང་རྒྱུས་ཅན་ཞིག་ནི་ངེས་པར་དགོས་མཁོ་ཆེ་ལ། ཞིབ་ཚགས་དང་ནན་ཏན་སྒོས། དུས་ཚད་མང་པོ་ཞིག་གཏོང་དགོས་པ་ནི་རྩ་བའི་ཆ་རྐྱེན་ཞིག་ཡིན། སྒྲིག་སྦྱོར་ཐད་མྱོང་རྒྱུས་ཅན་རྒན་མགོན་པོ་དགྲ་འདུལ་མཆོག་ལ་ཞུ་སྐུལ་རེ་གནང་ཐུབ་ན་ཧ་ཅང་ཕན་ཐོགས་ཡོད་ཅིང་། རྒན་ཁོང་ལ་ལག་རྩལ་ཙམ་མ་ཟད་ལོ་མང་དཔེ་དེབ་སྒྲིག་སྦྱོར་གྱི་མྱོང་བ་ཆེན་པོ་ཡོད་པས་ད་རེས་ཁོང་གི་མཛུབ་སྟོན་འོག་སྒྲིག་སྦྱོར་བ་ཚོས་སྡུག་རུས་བྱེད་ཐུབ་ན་རེ་བ་ཆེན་པོ་ལྡན་ཡོད། མ་གཞི་རྒན་མགོན་པོ་དགྲ་འདུལ་མཆོག་དགེ་བཤེས་དམ་འཇོག་དང་ཉེ་བས་ཁོམ་པ་དེ་ཙམ་མེད་ལས་ཆེ་ཡང་ཁོང་ཉིད་<དཔེ་དེབ་སྒྲིག་སྦྱོར་བའི་>ལས་འགན་ཐོག་བསྐོ་བཞག་གིས་མཛུབ་སྟོན་དང་འཆར་འགོད་གནང་གཅུག་ན་ཉིན་རྒྱུན་ཕེབས་མ་ཐུབ་རུང་ལས་དོན་ཁག་ལ་ཕན་ཐོགས་གནད་སྨིན་འབྱུང་ཐུབ། 

དཔེ་དེབ་སྒྲིག་སྦྱོར་ལ་མཚོན་ན་དེབ་གཟུགས་དང་རྒྱབ་ཤ་ཇུས་འགོད་ཧ་ཅང་ཡག་པོ་ཞིག་དང་ཚད་ལྡན་ཞིག་དགོས་རྒྱུ་ནི་གལ་ཆེན་ཞིག་མ་ཟད་ནང་གི་ཡིག་གཟུགས་ཆེ་ཆུང་དང་མཛེས་རྩལ། ལག་ཏུ་ཁྱེར་བདེ་དང་རྒྱུ་སྤུས་བཟང་པོ་བཅས་དགོས་རྒྱུ་དེའང་ཚད་ལྡན་གསུང་འབུམ་དཔེ་དེབ་དག་གི་གཞི་རྩ་ཨང་དང་པོ་དེ་ཡིན་པས་སྐུ་ཉིད་ནས་འདི་དག་ཐོག་ལ་ཐེངས་གཡེང་མ་འཕྱུག་པ་གནང་རྒྱུ་དང་། ད་བར་ངེད་ཅག་གིི་གྲྭ་ཚང་ཙམ་མ་ཟད་བཙན་བྱོལ་ཁྲོད་ཀྱི་དཔེ་མཛོད་ཁང་གཅིག་གིས་ཀྱང་དཔེ་དེབ་སྒྲིག་སྦྱོར་ཚད་ལྡན་ཞིག་གནང་མེད་པ་མ་ཟད། ཇུས་འགོད་ནི་ཧ་ཅང་སྐྱོ་པོ་ཞིག་ལས་ཚད་ལ་སླེབས་པ་ཞིག་ནམ་ཡང་བྱེད་ཐུབ་མི་འདུག  གཅིག་བྱས་ན་སྔ་སྲོལ་ངན་གོམས་དང་ཡང་མིན་ན་རྒྱ་གར་བའི་ཤན་ཞུགས་པ་ཡིན་ལས་ཆེ་སྟེ། ཇུས་འགོད་དང་མཛེས་ཆ་སོགས་ལ་གཏན་ནས་དོ་སྣང་བྱེད་པའི་གོམས་སྲོལ་དེ་མི་འདུག 

ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་གིས་བཏོན་པའི་བཀའ་བསྟན་དཔེ་བསྡུར་མ་དག་གིས་མཚོན་པའི་གཞིས་ཀྱི་གསུང་འབུམ་དཔེ་བསྡུར་མ་དང་གསུང་རྩོམ་དེབ་ཕྲེང་ཁག་ཆེས་ཞིབ་ཚགས་ཀྱིས་དཔྱད་བསྡུར་ཙམ་མ་ཟད་དཔེ་དེབ་སྒྲིག་སྦྱོར་དང་རྒྱབ་ཤ་ཇུས་འགོད་ནི་སུས་བལྟས་ཀྱང་དང་བ་འདྲེན་པ་ཞིག་བཟོས་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་རེད། ད་དུང་ནང་གི་དཀའ་ཆག་དགར་སྟངས་དང་ཡིག་གཟུགས་ཆེ་ཆུང་། འབེབས་འཇོག་སྟངས་སོགས་ཚད་ལྡན་དཔེ་དེབ་སྒྲིག་སྦྱོར་ལ་ཚང་དགོས་ངེས་ཀྱི་ཆ་རྐྱེན་ཁག་ཡོངས་སུ་འཛོམས་པར་བྱས་འདུག 

ཡིག་འབེབས་འཇོག་རྩིས་མི་འདུག་ཅེས་པ་ཞིག་ཁོ་བོས་གོ་ཐོས་བྱུང་བས་འདིའི་ཐད་སྐུ་ཉིད་ལ་ཞུ་རྒྱུ་ནི། སྤྱིར་ཡིག་འབེབས་འཇོག་ན་དེབ་གཟུགས་མཐུག་ཏུ་འགྲོ་རྒྱུ་དང་དེ་མཚུངས་པར་སྐྲུན་འགྲོ་གྲོན་ཡང་ལྷག་མ་ཞིག་གཏོང་དགོས་རྒྱུ་ནི་བཤད་མེད་རེད། རེད་དེ། ཡིག་འབེབས་འཇོག་ན་ཤོག་ལྷེབ་གཅིག་གི་ངོས་ནས་ཀྱང་ཡིག་འབེབས་སོ་སོར་བཞིན་དོན་ཚན་མི་འདྲ་བ་ཁག་བློ་ཐོག་ཉར་རྒྱུར་ཕན་པ་ཆེ་ཚུལ་ནི་སློབ་གཉེར་བ་ཀུན་གྱི་ཤེས་གསལ་ལ། ད་རེས་འགྲོ་གྲོན་དང་ཤོག་ལྡེབས་ཅུང་མང་དོགས་ཀྱིས་ཡིག་འབེབས་འཇོག་མ་ཐུབ་ཚེ་མི་ལོ་བཅུ་ཕྲག་ལྷག་ལ་བཟོ་བཅོས་མ་ཐུབ་པར་སྐྱོན་ཆ་དེ་སློབ་གཉེར་བ་ཚོས་ཉིིན་རྒྱུན་མྱོང་དགོས་ཐུག་པ་སྨྲོས་མེད་རེད། ཡིག་འབེབས་འཇོག་སྟངས་དེ་བཞིན་རྒྱལ་སྤྱིའི་དཔེ་དེབ་ཁྲོད་ནས་ཚུར་ངེད་ཅག་ལ་དར་བ་ཞིག་ཡིན་རུང་འདི་ཉིད་ངེད་ཅག་གི་སྲོལ་ལ་མི་གནོད་པ་མ་ཟད་གོང་སྨྲས་དགེ་མཚན་དེ་དང་ད་དུང་ཕན་ཆ་མང་བས་ཅིས་ཀྱང་ལག་བསྟར་བྱེད་ཐུབ་དགོས། 

འུ་ཅག་དཔེ་དེབ་ཀྱི་མདུན་ངོས་རྒྱབ་ཤ་ཐོག་ཏུ་དཔེ་ཆའི་ཁ་བྱང་དེ་ནི་ཧ་ཅང་རིང་དྲགས་ཏེ་ཡིག་ཕྲེང་གསུམ་བཞི་ཙམ་ཡོད་ལ་རིང་དྲགས་པ་དེས་མཛེས་ཆ་རྦད་དུ་ཤོར་གཅུག་འདུག ད་དུང་ཡིག་མགོ་དེའང་ཨུ་ཚུགས་ཀྱིས་བྲིས་ནས་ཆེས་མི་འཛའ་བ་ཁ་སྣོན་ཞིག་བྱེད་འདུག་པས་སླད་ནས་ཡིག་མགོ་འབྲི་མི་དགོས་ཐོག ཁ་བྱང་ཕྲེང་མང་པོ་དེའང་བཅད་བཏུབ་ཀྱིས་<སྐབས་དང་པོའི་སྤྱི་དོན།>ལྟ་བུ་དང་<མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། <སེར་བྱེས་མཁས་སྙན་གྲྭ་ཚང་གིས་པར་སྐྲུན་བྱས།> འདི་ཙམ་ལས་མི་དགོས་ལ།  གདོང་འཛར་ཐོག་ཏུ་<སྐབས་དང་པོའི་སྤྱི་དོན། སྟོད་ཆ། གསུམ་འབུམ། ཀ> ལྟ་བུ་ལས་ཉག་ཉོག་མང་པོ་ཞིག་བཞག་ན་མཛེས་ཆ་ཡོངས་སུ་ཤོར་འགྲོ། རྒྱལ་སྤྱིའི་དཔེ་དེབ་དག་གི་མདུན་ངོས་ཀྱི་རྒྱབ་ཤ་ཇུས་འགོད་ཙམ་མ་ཟད་ཁ་བྱང་ཆེས་ཐུང་ཐུང་ཞིག་འཇོག་ཐབས་བྱེད་པ་ནི་མཛེས་ཆ་དང་ལྷག་པར་དུ་བློར་ཆུད་བདེ་ཐབས་ཤིག་ཀྱང་ཡིན་འདུག ད་དུང་དུས་གང་ཞིག་དང་རྒྱུ་རྐྱེན་ཅི་འདྲ་ཞིག་གི་འོག་ནས་དར་བ་མ་ཤེས་པའི་དཔེ་དེབ་མདུན་ངོས་ན་ལས་རྟགས་རི་མོ་གང་ལས་ཀྱང་ཆེ་བ་ཞིག་བཞག་སྟེ་གཙང་ཞིང་ཁོད་འཇམ་པའི་དཔེ་དེབ་ཀྱི་རྣམ་པ་ཞིག་མཐོང་དུ་མེད་པས་ན་འདི་ཉིད་ཅིས་ཀྱང་མེད་པར་བྱེད་ན་ཡག 
ཡང་གྲྭ་ཚང་གི་ལོ་རེའི་སློབ་ཚན་དང་བསྟུན་ནས་དེབ་གཟུགས་བཟོས་ན་ནི་འོ་འཚམས་ཤིག་ཨེ་ཡིན་སྙམ་སྟེ། རྗེ་བཙུན་པའི་ཡིག་ཆ་ལྟ་མཁན་གཞིས་བྱེས་གཉིས་སུ་དགོན་སྡེ་དག་གིས་ལོ་རེའི་སློབ་ཚན་འགྲོ་ཕྱོགས་དེ་གཅིག་མཚུངས་མིན་སྟབས་དེབ་གཟུགས་བགོ་སྟངས་ཀྱང་བསམ་གཞིགས་ནན་མོ་དང་ཕྱོགས་ཡོངས་ནས་གཟིགས་ཐུབ་དགོས་པ་འདུག
ད་རེས་གསུང་འབུམ་དཔེ་བསྡུར་མ་འདི་ཉིད་ཀྱི་ཁ་ཕྱོགས་ས་གཙོ་བོ་ད་ལྟའི་སློབ་གཉེར་བ་དང་འབྱུང་འགྱུར་སློབ་གཉེར་དུ་ཕེབས་མཁན་དག་ཡིན་སྟབས། ཁ་ཕྱོགས་དེ་དང་མཐུན་པར་དཔེ་དེབ་ཀྱི་ཇུས་འགོད་ཙམ་མ་ཟད་ཡིག་གཟུགས་ཆེ་ཆུང་དེ་༡༥ལས་ལྷག་ཅིག་དགོས་དོན་གཏན་ནས་མེད་ཅིང་། འདི་ལས་ཆེ་རུ་སོང་ན་མཛེས་ཆ་ལ་གནོད་པ་མ་ཟད་ཤོག་ལྡེབས་ཀྱང་མང་དུ་སོང་ནས་དོན་མེད་སར་འགྲོ་གྲོན་ལྷག་པོ་ཞིག་གཏོང་དགོས་ཐུག་རྒྱུ་རེད། གང་ལྟར་ད་རེས་ཕྱོགས་ཡོངས་ནས་ལེགས་ཆ་བླངས་ཏེ་སྤུས་ཚད་ལྡན་པའི་གསུང་འབུམ་དཔེ་བསྡུར་མ་ཞིག་བྱེད་ཐུབ་དགོས་རྒྱུ་དང་། དཔེ་དེབ་མཐོང་ཙམ་ནས་མིག་ལ་མཛེས་ཤིང་ཀློག་འདོད་ཡོང་བ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་སྙམ་མོ།། 
ཝ་ཎ་དཔེ་མཛོད་ཁང་གི་དཔེ་ཆའི་ཡིག་གཟུགས་བཞིན་ལོ་རབས་དྲུག་ཅུ་བདུན་ཅུ་ནང་གི་ལྕགས་པར་གྱི་ཡིག་གཟུགས་འདྲ་བའི་ཡིག་གཟུགས་དེ་མི་དགོས་ལ། སེར་སྨད་དཔེ་མཛོད་ཁང་གི་མཆན་རྟགས་ཨང་ཀི་ལྟར། ར་གཉིས་ཕབ་ལ་གཡག་གཅིག་བཞག་པ་དང་འདྲ་བའི་མཆན་རྟགས་ཨང་ཀི་ཆེན་པོ་དེའང་མི་མཛའ། བློ་གླིང་དཔེ་མཛོད་ཀྱི་མཇུག་ཤོག་ལྟར་འགན་འཛིན་དང་ཞུ་དག་པ་དཔར་རྩ་སྒྲིག་མཁན་གཅིག་གཅིག་གཉིས་གཉིས་སོགས་བཀོད་དེ་མི་འགྲོ་ཡོད་མདོག་དེའང་མི་དགོས། སེར་བྱེས་དཔེ་མཛོད་ཁང་གི་ཇུས་འགོད་བཞིན་མདུན་ངོས་ན་མི་ཚང་ཞིག་གི་པར་སྒྲོམ་ཞིག་ལོས་ཡིན་སྙམ་པའི་རི་མོ་ཛར་ཛོར་དེའང་དགོས་དོན་མེད་པར་དག་གསལ་གཙང་གསུམ་གྱི་དཔེ་དེབ་ལྟ་ན་སྡུག་པ་ཞིག་ཆགས་དགོས་རྒྱུ་ནི་ད་རེས་ཀྱི་དམིགས་བསལ་གསུང་འབུམ་འདི་ལ་བཅངས་པའི་རེ་བ་ཡིན།
རྒྱལ་སྤྱིའི་སྤྱི་འགྲོས་ལྟར་དཔེ་སྒྲིག་འགན་ཁུར་བ། ཇུས་འགོད་སྒྲིག་སྦྱོར་བ། ཞུ་ཆེན་པ་གསུམ་ནི་ངེས་པར་མིང་གསལ་བཀོད་དགོས་རྒྱུ་ནི་ཆེ་མཐོང་ཙམ་མ་ཟད། ཡག་སྡུག་གི་འགན་ཁུར་བ་སུ་ཡིན་གསལ་བའི་ཁྲིམས་ལུགས་ཀྱི་ལམ་སྲོལ་ཞིག་ཡིན་པས་དགོས་ངེས་ཡིན་ལ། གཞན་ཡོད་ཚད་བཀོད་དགོས་དོན་དང་བཀོད་ཐུབ་ཚད་ཀྱང་མེད། ད་དུང་སྐབས་དེ་གའི་ཕྱག་མཛོད་དོ་ཟེར་ནས་མིང་གཞུང་རིང་པོ་དེ་འདྲའང་བཀོད་དགོས་དོན་མེད་དོ།

འདི་ནས་གུས་པས་ཁྱེད་ཅག་ལ་ཕུལ་བའི་<དཔེ་དེབ་སྒྲིག་སྦྱོར>ཐད་ཀྱི་བསམ་ཚུལ་འདི་ནི་གུས་པས་ལོ་མང་རིང་རང་གི་དགའ་ཕྱོགས་དང་འབྲེལ་ཏེ་དཔེ་དེབ་སྒྲིག་སྦྱོར་དང་རྒྱབ་ཤ་ཇུས་འགོད་སོགས་ལ་དོ་སྣང་དང་ཞིབ་འཇུག་ཕྲན་བུར་བྱས་པ་གཞི་རྩ་བཟུང་ནས་བསམ་ཆ་གཏོན་པ་ཙམ་ལས་གཞུང་ལུགས་དང་འཆད་ཁྲིད་ཀྱི་ཟིན་ཐོ། གཏན་ཚིགས་ཀྱི་རྒྱབ་རྟེན་ཡོད་པ་ཞིག་མིན་པས་ཁྱེད་རྣམ་པས་མ་འགྲིག་ནོར་བའི་ཆ་ཡོད་པ་མཐོང་ན་མི་ཆུང་ཞིག་གི་སྐད་ཆེ་དང། གླེན་པ་ཞིག་གི་བསམ་ཚུལ་རང་དུ་བརྩིས་ནས་གཡུགས་རྐྱང་གནང་རོགས། གལ་སྲིད་བདེན་པའི་གཏམ་དང་ཕན་པའི་ཆ་ཡོད་ན་ཁྱེད་ཅག་གི་ལས་དོན་དང་གྲྭ་ཚང་གི་ཕྱག་ལས་ལ་གཞོགས་འདེགས་ཤིག་ལ་དགོངས་ནས་ལག་བསྟར་རེ་གནང་རོགས་ཞེས་ཞུ་རྒྱུ་ལགས། ཁ་དྲོ།།

No comments:

Powered by Blogger.