བརྡ་འཕྲིན་མེད་པའི་འཁོར་ཡུག་ནང་གི་འཚོ་བ།


ད་ལོ་རི་བོ་དགེ་ལྡན་པའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་སྔ་ལོའི་གྲོས་ཆོད་བསྐྱར་བཅོས་ཀྱིས་གུང་སེང་མ་གཏོགས་ཁ་པར་སོགས་འཕྲུལ་རིགས་གཏན་ནས་བེད་སྤྱོད་མི་ཆོག་ཅེས་གྲོས་ཆོད་འཇོག་གནང་ཞིང་། གདན་ས་གྲྭ་ཚང་ཁག་གིས་དམ་ནན་བྱེད་དགོས་པས་བཀའ་རྒྱ་ཕེབས་འདུག་པར་གཞི་བཟུང་གིས་འདི་ག་གྲྭ་ཚང་དུ་འདིའི་ཐད་དོ་ནན་ཆེས་ཆེར་བཏང་ནས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད། 
མ་གཞི་གྲོས་ཆོད་འདི་འདྲ་འཇོག་དགོས་པའི་གཞི་རྩ་ནི་སྔ་ལོ་ཞིག་ལ་༸གོང་ས་མཆོག་གི་སྙན་དུ་ཕྱི་རྒྱལ་དུ་བཞུགས་པའི་དགེ་བཤེས་ཤིག་གིས་གདན་ས་ཁག་ཏུ་སློབ་གཉེར་ཉམས་ཆག་འགྲོ་གཞིར་ལ་ཁ་པར་བེད་སྤྱོད་གཏོང་མཁན་མང་ཚུལ་ཞུས་པ་ལས་༸གོང་ས་མཆོག་གིས་ཁ་པར་སོགས་རྣམ་གཡེང་གི་རྒྱུ་རྐྱེན་མང་དུ་སོང་ནས་སློབ་གཉེར་འཐུས་ཤོར་སོང་ན་མི་འགྲིག་པའི་དཀའ་སློབ་ཕེབས་གནང་དང་། གདན་སའི་མཁན་ལས་ཟུར་ཚོར་སློབ་གཉེར་ཚགས་ཚུད་དང་ཡར་རྒྱས་གོང་འཕེལ་གཏོང་ཐབས་ཅི་ཡོད་ཚོགས་འདུ་འཚོགས་ཐུབ་ན་ཡག་པོ་ཡོད་ཚུལ་གསུངས་གནང་ལ་བརྟེན་ནས་འདི་ལོ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་འཚོགས་ནས་གྲོས་གཞི་དང་གྲོས་ཆོད་གསར་འཇོག་དང་བསྐྱར་བཅོས་འགའ་རེ་གནང་ཡོད་པ་རེད། 
ལྷན་ཚོགས་ཀྱིས་དགོངས་པ་ཆེ་བཞེས་ཀྱིས་གྲོས་ཆོད་དེ་འདྲ་འཇོག་ཡོད་པ་ཐེ་ཚོམ་མེད་རུང་གྲོས་ཆོད་འདིས་འཕྲུལ་རིགས་ཀྱི་འཁོར་ཡུག་ནང་དུ་གོམས་འདྲིས་སུ་སོང་ཡོད་པའི་དེང་གི་གཞོན་སྐྱེས་ཚོར་དཀའ་ངལ་ཧ་ཅང་ཤུགས་ཆེན་རེའང་འཕྲད་བཞིན་ཡོད། ཁ་པར་དང་གློག་ཀླད་ནི་རིག་མཛོད་ཆེན་པོ་ཞིག་ཡིན་ལ་དྲ་བ་ནི་ཅི་འདྲི་ལ་ལམ་སྟོན་གནང་ཐུབ་པའི་དགེ་རྒན་ཞིག་ཡིན་པས་དེང་སྐབས་སློབ་ཆེན་དང་གཙུག་ལག་སློབ་གྲྭ། ཁྱད་ལས་དང་ཉམས་ཞིབ་པའི་སློབ་མ་སུ་ཡིན་རུང་དེ་སྔ་བཞིན་དཔེ་མཛོད་ཁང་དུ་དཔེ་བཤུ་དང་དཔེ་ཀློག་ལ་འགྲོ་མི་དགོས་པར་དྲ་བ་ནས་ཐད་ཀ་ཡིག་ཆ་འཚོལ་བཤུས་དང་དགོས་ངེས་དཔེ་དེབ་དང་ཆེད་རྩོམ་ཁག་ཕབ་བཤུས་དང་ཟུར་བལྟ་བྱས་ཏེ་ཆེད་རྩོམ་དང་ཉིན་རེའི་སློབ་ཚན་སྦྱོང་བཞིན་ཡོད།
 ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་པའི་གདན་སའི་དགེ་འདུན་པ་དྲུག་གིས་སློབ་ཆེན་དེར་སློབ་སྦྱོང་བྱེད་སྟངས་སྐོར་གཅའ་འདྲི་ཞིག་ཏུ་འདི་ལྟར་གསུངས་འདུག ཉིན་རེར་སློབ་གྲྭའི་སྒོ་ཆེན་ནས་ཡར་འཛུལ་པར་ནང་སྦྱོང་རྩོམ་ཡིག་ཤོག་ལྷེབ་ཉི་ཤུ་དེ་སྟོན་རྒྱུ་མེད་ཚེ་འཛུལ་ཐབས་བྲལ་བ་རེད། དགེ་རྒན་གྱིས་འདི་དང་འདིའི་སྐོར་རྩོམ་ཡིག་བྲིས་ཤོག་ཅེས་ནང་སྦྱོང་སྐུར་ཡོང་ལ་ཕྱིར་ཁྱིམ་དུ་སླེབས་མ་ཐག་ནང་སྦྱོང་ཆེད་གློག་ཀླད་བརྒྱུད་དྲ་རྒྱ་ཁག་ནས་དེ་རིང་རྩོམ་ཡིག་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་དང་ཟུར་བལྟའི་རྩོམ་ཡིག་ལྟ་ཀློག་བྱས་ཏེ་ནང་སྦྱོང་རྩོམ་ཡིག་དེ་འབྲི་དགོས། གལ་ཏེ་འདི་འབྲི་ཐུབ་མེད་ཚེ་སློབ་གྲྭ་སྒོ་ཆེན་ཡར་ཐར་རྒྱུ་མ་རེད་ཟེར། (ཚིག་ཇི་བཞིན་མིན)
ནུབ་ཕྱོགས་པའི་སློབ་འབྲིང་ཡན་གྱི་སློབ་མ་ཚོས་ནང་སྦྱོང་བྱེད་སྐབས་དྲ་བ་བེད་སྤྱོད་ནི་མེད་ཐབས་མེད་པ་ཞིག་ཡིན་འདུག འདི་ནི་ནུབ་ཕྱོགས་པ་ཚོ་དྲ་བ་ལ་དགའ་དྲགས་པ་དང་ཡང་ན་ཤེས་ཚད་མཐོ་དྲགས་པ་ཞིག་མ་ཡིན་པར་དྲ་བ་བརྒྱུད་ནས་ཡིག་ཆ་འཚོལ་ཐབས་དང་དཔེ་དེབ་ལྟ་ཀློག་དེ་གང་ལས་ཀྱང་ལས་སླ་བ་དང་ཕུན་སུམ་ཚོགས་པ་ཞིག་ཡིན་པས་རེད། གལ་སྲིད་དཔེ་མཛོད་ཁང་ནས་དཔེ་ཆ་བཅུ་གྲངས་ཤིག་ལྟ་ཀློག་དགོས་ཚེ་དཔེ་ཆ་ཡར་འཇོག་མར་ལེན་དང་དགོས་ངེས་དཔྱད་གཞི་འཚོལ་བསྡུ་བྱས་ཏེ་ཆུ་ཚོད་འགའ་ཤས་ནང་དུ་ཚར་ཐབས་མེད་པ་རེད། ད་དུང་ཕབ་བཤུས་བྱེད་དགོས་ན་རེ་རེ་བཞིན་འབྲི་དགོས་སྟབས་དུས་ཚད་ག་ཚད་རྫོགས་འགྲོ་བ་གསལ་པོ་རེད། ང་ཚོའི་སྤྱི་ཚོགས་ནང་དུའང་ཨ་གསར་དང་རྫིག་ངོམ་བྱེད་པ་ཞིག་མ་ཡིན་པར་རྩོམ་ཡིག་དང་དཔེ་ཆ་གསར་རྩོམ། ཉིན་ཐོ་དང་ཟུར་ཐོ་འབྲི་འགོད་བྱེད་པར་དཔྱད་གཞིའི་ཡིག་ཆ་འཚོལ་ཐབས་དང་བརྡ་དག་དང་མིང་ཚིག ཚིག་གསར་སོགས་ཁ་པར་དང་གློག་ཀླད་ཀྱི་དྲ་བ་བརྒྱུད་ཧ་ཅང་སྟབས་བདེའི་ཐོག་ནས་ཕབ་བཤུས་དང་དཔེ་བལྟ་བྱེད་བཞིན་ཡོད། ང་རང་ལ་མཚོན་ན་ཆེས་དཀའ་ས་དེ་དག་ཆ་ཡིན། གལ་སྲིད་བྱ་ཚིག་གིས་གྲུབ་པའི་མིང་ཚིག་<གཏོར་བརླག>དང་མིང་ཚིག་གཉིས་འདུས་ཀྱི་<ཉེ་འཁོར><ཉེ་ཁོར>ལྟ་བུ་འབྲི་དགོས་ན་དཔེར་ན། གཏོར་རླག/གཏོར་བརླགས།/གཏོར་རླགས/མིང་ཚིག་ཏུ་འབྲི་དུས་གང་ཞིག་སྤྱོད་དགོས་པ་མ་ཤེས་པའི་སྐབས་དྲ་བའི་ནང་དུ་<གཏོར་བརླག>བྲིས་དེ་འཚོལ་ན་ལམ་སང་མིང་ཚིག་ཅི་ཞིག་བེད་སྤྱོད་བྱེད་བཞིན་པ་ཤེས་ཐུབ། འདི་དང་འདིས་མཚོན་པས་བྱ་ཚིག་གིས་གྲུབ་པའི་མིང་ཚིག་དང་ཚིག་བསྡུ་མང་པོ་ཞིག་ཚིག་མཛོད་ནས་རྙེད་ཐབས་མེད་པར་མཁས་དབང་ཚོའི་གསུང་རྩོམ་དང་ཆེད་རྩོམ་ཁག་ནས་རྙེད་ཐབས་བྱེད་དགོས་པས་རྩོམ་ཡིག་འབྲི་མཁན་ཞིག་ལ་མཚོན་ན་དྲ་བ་ནི་ཁ་འབྲལ་ཐབས་མེད་པ་ཞིག་རེད།
གུང་སེང་ཉིན་མོར་ཀློག་པའི་གསར་འགྱུར་དེ་ཐོན་ནས་བདུན་ཕྲག་གཅིག་སོང་ཞིང་བདུན་ཕྲག་གཅིག་ཏུ་སོང་བའི་གནས་ཚུལ་དེ་རྙིང་པ་ཞིག་གྱུར་ཚར་བས་གསར་འགྱུར་ཞིག་ནམ་ཡང་ཆགས་མེད། འདི་ལྟར་རྗེས་ལུས་དང་ལྐུག་ཐོམ་ཐོམ་ཞིག་གྱུར་ཚེ་སྤྱི་ཚོགས་ནང་དུ་སྐུ་ཞབས་ཚོ་ཤ་ཚ་སྐད་ཤེས་གི་མི་འདུག་ཅེས་གླེན་ལྐུག་ཅིག་བརྩི་བཞིན་པ་ལ་ཤ་ཚ་ས་ཁ་སྣོན་གཅིག་བྱས་པ་རེད། ད་དུང་གླེན་ལྐུག་དང་<ཀ་ཅ>གྱི་མཐོང་ཚུལ་ལྷག་མ་ཞིག་ཨེ་དགོས་སྙམ། མི་རེ་འགས་སྤྱི་ཚོགས་དང་འབྲེལ་མེད་ལྟར། ཅི་བཤད་ཅི་མཐོང་ལ་སྣང་ཆུང་རེ་བྱེད་མོད། བསྟན་པ་རིང་དུ་གནས་འདོད་དང་འདུས་སྡེ་ཡར་མཚོ་བཞིན་རྒྱས་འདོད་ཡོད་ན་སྤྱི་ཚོགས་ཁ་འབྲལ་ཐབས་མེད་ལ་སྤྱི་ཚོགས་ཀྱི་མིག་ནང་དུ་རིན་ཐང་དང་ཡིད་སྨོན་བྱེད་ས་ཞིག་ཆགས་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་བ་ཡིན། འདི་ལྟར་མ་བྱུང་ཚེ་སྤྱི་ཚོགས་དང་ཁ་ཐག་རིང་དུ་སོང་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཡོང་ཐབས་མེད་ལ་དགོན་སྡེ་དག་ཀྱང་རིམ་བཞིན་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་འགྱུར་རྒྱུ་ཐེ་ཚོམ་མེད། 
ཚན་རིག་གི་ལྟ་གྲུབ་གླེང་རེ་བཞིན་ཡེ་ཤུ་ཆོས་པ་ཚོས་མགོ་དཀྱག་ས་མེད་པ་ཞིག་ཆགས་ནས་གཞོན་སྐྱེས་ཚོས་ཆོས་ལུགས་རྨོངས་དད་དུ་བརྩི་བའི་བསམ་བློ་དེ་བཞིན་སྲ་བརྟན་དུ་གཏོང་བཞིན་ཡོད། ངེད་ཅག་བོད་ཀྱི་སྤྱི་ཚོགས་ནང་དུ་དུས་རབས་ཤེས་ཡོན་འཛུགས་པའི་ལོ་རྒྱུས་གླེང་སྐབས་གདན་ས་ཁག་གིས་འགོག་རྒོལ་བྱས་པའི་ལོ་རྒྱུས་དེ་དོན་ཡོང་ལ་མཐའ་ན་བོད་ཀྱི་རྐང་རྩེད་སྤོ་ལོའི་བྱུང་རབས་ལ་གདན་ས་ཁག་གི་བཀག་འགོག་བྱས་ཚུལ་གླེང་ཡོང་བས་ནང་བསྟན་ལ་རྒྱུས་མངའ་ཉུང་བའི་བོད་ཀྱི་གཞོན་སྐྱེས་ཚོས་ནང་བསྟན་དེ་བཞིན་རྨོངས་དད་དང་ལྷ་སྒྲུང་དུ་བརྩིས་ནས་ནང་བསྟན་དང་རྒྱང་རིང་དུ་འགྲོ་བཞིན་ཡོད། བྱུང་རབས་འདི་དང་འདྲ་བར་ད་སྐབས་ཀྱི་འཕྲུལ་རིགས་འགོག་པའི་བཅའ་ཁྲིམས་དེ་དག་ཀྱང་མི་ལོ་ལྔ་བཅུའི་རྗེས་སུ་བོད་ཀྱི་དུས་རབས་འཕྲུལ་རིགས་ཀྱི་བྱུང་བའི་ཁྲོད་ན་ནག་ཉེས་ཤིག་ཏུ་གྱུར་ནས་ངེད་ཅག་གྲྭ་པ་ཚོའི་མགོ་དཀྱག་ས་མི་རག་པའི་དུས་ཚད་ཅིག་ཏུ་འགྱུར་སྲིད་པ་ཡིན།
གང་ལྟར་འཕྲུལ་རིགས་བཀག་སྡོམ་ལ་ངོ་རྒོལ་དང་མི་འདོད་པ་ཞིག་མ་ཡིན་པར་གྲོས་ཆོད་དེའི་འོག་ཏུ་དཀའ་ངལ་ཡང་སྣ་ཚོགས་ཤིག་འབྱུང་བཞིན་པ་གསལ་བཤད་ཙམ་ཡིན། སླད་ནས་ལས་སྣེ་ཚོར་ཅི་འགབ་ཀྱི་གྲོལ་མོལ་དང་གཤམ་འོག་ཏུ་དཀའ་ངལ་ཅི་ཡོད་ཤེས་ཐུབ་པའི་ཁུངས་སྣེ་རེ་ཡོང་སྲིད་པས་ད་ཐེངས་ཁོ་བོས་གནས་ཚུལ་རེ་གཉིས་ཁ་གསལ་རེ་གཏོན་པ་ཡིན། 

No comments:

Powered by Blogger.