དཔེ་དེབ་ཁྲོད་ནས་རྙེད་པའི་དགེ་བཤེས་ངག་གི་དབང་ཕྱུག


ང་རང་གྲྭ་སར་སླེབས་པའི་སྐབས་དེ་དུས་ནས་རིན་ཆེན་དངོས་གྲུབ་མཐོང་རྒྱ་ཆེ་ལུགས་དང་འབུམ་པོད་ཇ་པ་བློ་ཐོག་ཏུ་ཡོད་ཚུལ། རིག་པའི་གནས་གཞན་ལའང་མཁྱེན་རྒྱ་ཡོད་ལུགས་ཀྱི་གཏམ་གང་སར་ཐོས་རྒྱུ་འདུག་མོད། དོན་ངོ་མར་དེ་ལྟའི་མཁྱེན་ཡོན་ཡོད་མིན་མ་ཤེས་ལ་ཤེས་པ་ནི་ཁ་བདེ་ཞིང་ལྕེ་རྣོ་བའི་གྲྭ་སའི་རིགས་པ་སྨྲ་བ་ཞིག་དང་། སྐད་མགོ་ཅུང་མཐོ་ལ་ཁ་སྤོབས་ཆེ་བ་ཞིག་འདུག་པ་དེ་ཡིན།

རི་བོ་དགེ་ལྡན་པའི་རྒྱུག་སྤྲོད་ལ་ཕེབས་ཤིང་ལྷ་རམས་རྩོམ་རྒྱུག་སྤྲོད་པ་ལེགས་འཕྲད་བྱུང་ནས་ངག་གི་དབང་ཕྱུག་ཅེས་པའི་མཚན་གནས་དེ་ཐོབ་པས། དུས་དེ་ནས་བཟུང་སྟེ་ཁོང་གིས་མིང་དེ་ལྟར་སྤྱད་པས་ཡོངས་གྲགས་སུ་མཚན་ལ་ངག་གི་དབང་ཕྱུག་ཅེས་པར་གྱུར།

རིམ་བཞིན་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་མཚན་ཞབས་པ་གནངས་ཏེ་མཚན་སྙན་རྒྱས་པའི་སྐབས་དེར་ད་དུང་ཁོང་གིས་དགེ་སློང་མའི་སྡོམ་རྒྱུན་སྐོར་གྱི་དཔེ་དེབ་ཅིག་བརྩམས་གནང་གིས་དགོན་སྡེ་ཁག་ཏུ་གྲགས་འགུལ་ཆེན་པོ་བཏང་ཡོད། སྐབས་དེ་དུས་དཔེ་དེབ་དེ་ལྟ་རྒྱུ་བྱུང་རུང་གཅིག་ན་ངེད་རང་གསར་བུ་བ་ཞིག་ཡིན་པས་ཚིག་གི་ཉམས་འགྱུར་དང་སྡེབས་ཀྱི་སྦྱོར་བ་སོགས་ཅི་ཡང་མི་ཤེས་ལ་ནང་དོན་ནི་དེ་བས་གོ་ག་ལ་ཐུབ་སྟེ་འདུལ་བའི་བརྡ་ཆད་ཙམ་ལའང་རྨོངས་རྫོང་འཐུག་པོ་དེས་སྐོར་ཡོད། དེབ་དེས་རྐྱེན་བྱས་ཏེ་དགོན་སྡེ་ཁག་ཏུ་ཁོང་དང་ཡིག་ཐོག་ནས་དགག་ལན་གནང་རེས་ཐེངས་མང་བྱས་ཏེ་མཐའ་ན་བོད་ཡིག་ཚགས་པར་གྱི་པར་ངོས་དག་ནའང་ཁོང་རྣམ་པས་དགག་བཞག་གི་རྩོམ་ཡིག་མཐོང་རྒྱུ་ཡོད། ཁོང་གིས་དགག་ལན་དུ་བཏང་བའི་རྩོམ་ཡིག་ཁྲོད་ཚིག་བཅད་རེ་འགའ་གྲྭ་ས་ན་ཆུ་རྒྱུག་རྒྱུག་གི་སྐྱོར་ཐུབ་པ་བྱུང་ལ་དེ་དུས་གཞི་ནས་ཁོང་གི་འཆད་རྩོད་ཙམ་མ་ཟད། རྩོམ་རྩལ་དམིགས་བསལ་བ་ཞིག་ཀྱང་ཡོད་པ་ཡོངས་གྲགས་སུ་གྱུར་སོང་།

ཁོང་གིས་ལུང་རིགས་དུ་མས་དགེ་སློང་ཕས་དགེ་སློང་མའི་སྡོམ་པ་འབོགས་ཆོག་བྱེད་ཆོག་པ་ཨུ་ཚུགས་མཐའ་སྐྱེལ་བྱས་ཤིང་ད་དུང་ཡང་འགྱུར་བ་མེད་པར་སྔ་མུས་བཞིན་དེ་སྐད་སྨྲ་བ་ལ་འཛེམ་པ་གནང་གི་མེད། ངེད་ཅག་སྤྱི་ཚོགས་ནང་དུ་གཅིག་རྗེས་གཅིག་ཏུ་འགྲོ་བ་ལས་ཆེས་དམིགས་བསལ་ཅན་ཞིག་བྱུང་ན་ལམ་སེང་འབུར་འཇོམས་དང་རྡུང་རྡེག་བྱས་ཏེ་ས་རིམ་པ་དགུའི་འོག་ཏུ་རྫོངས་རྒྱུ་རེད། དེ་ལྟར་ཁོང་ལའང་ཟུར་ས་དང་དམར་འབེབ་དཀྲོག་གཏམ་སོགས་མ་ལབ་པ་ཅི་ཡང་ལྷག་མེད་པར་བྱས་ཡོད་མོད། ཁོང་ཉིད་ནི་སྔ་བཞིན་རྟག་བརྟན་འགྱུར་མེད་དང་ཐེག་ཟུགས་ཐེག་ཟུགས་སུ་གནས་པས་དེ་རིང་ཁ་རྩང་དྲ་ལམ་ན་ངག་གི་དབང་ཕྱུག་གི་འཆད་ཁྲིད་ཀྱི་ཚོགས་པ་མང་པོ་ཡོད་འདུག་པར་གྱུར་བ་ཙམ་མ་ཟད་འཆད་ཁྲིད་འཕྲུལ་དེབ་ཏུ་ཕབས་ནས་ཡིག་ཐོག་ནས་ཀྱང་ལྟ་ཀློག་བྱེད་ཐུབ་པར་བྱས་འདུག

ན་ནིང་དགེ་བཤེས་བསོད་ནམས་ཕུན་ཚོགས་ཀྱི་གསུང་རྩོམ་ཆ་ཚང་ཞིག་ལག་ཏུ་རག་ནས་དཔེ་དེབ་རེ་འགར་ལྟ་ཀློག་དང་ད་ལོར་གསུང་རྩོམ་དེ་ཉིད་ཁྲོད་ནས་པོད་ཀ་པ་དེ་ཉིད་ཞིབ་དག་ཅིག་བྱེད་དགོས་ཤེས་སྐུལ་བ་བཞིན་ཞིབ་མཇལ་བྱེད་པའི་ཁོམ་སྐབས་གནང་བས་ཁོམ་དུས་ཡོད་རེ་བཞིན་ཞིབ་ཀློག་བྱས། གསུང་རྩོམ་པོད་བཅུ་གསུམ་ཅན་འདི་ཉིད་ཀྱི་ཞུ་ཆེན་དང་རྩོམ་སྒྲིག་ནི་དགེ་བཤེས་ངག་གི་དབང་ཕྱུག་གིས་གནང་འདུག་ཅིང་ད་དུང་རྣམ་ཐར་རྒྱས་བསྡུས་འཚམ་པ་དེའང་ཁོང་གིས་བྲིས་འདུག་པས་གསུང་རྩོམ་འདི་ནས་དགེ་བཤེས་བསོད་ནམས་ཕུན་ཚོགས་ཀྱི་ནང་གི་ཉམས་རྟོག་དང་ཕྱིའི་ཀུན་སྤྱོད་སོགས་མཇལ་རྒྱུ་ཡོད་པ་ཙམ་མ་ཟད། དགེ་བཤེས་ངག་གི་དབང་ཕྱུག་གི་རྩོམ་རྩལ་དང་མཁྱེན་ཡོན་ཀྱི་ཟུར་རེ་རེ་ནས་ཀྱང་མཐོང་རྒྱུ་དང་རེག་རྒྱུ་འདུག དེར་བརྟེན་ངག་གི་དབང་ཕྱུག་ནི་ཁ་སྤོབས་ཆེ་ལ་སྣང་བ་མཐོ་བ་ཞིག་གཏན་ནས་མིན་པར་ནང་བསམ་པ་ཕྱི་ལ་གཏོན་ཐུབ་ཅིང་དོན་ཟབ་མོ་ཚིག་ལམ་དུ་འདྲེན་མཐུ་མཁན་ཞིག་ཡོད་པ་མཐོང་ནས་དགའ་དད་ཞིག་ཀྱང་སྐྱེས་སོང་། 

ད་སྐབས་སྤྱི་ཚོགས་ཐོག་ཏུ་སྤོབས་པས་འགྱིང་ཐུབ་པའི་ཏྲེ་ཧོར་ཁམས་པའི་མི་སྣ་ཉུང་ཤས་ལས་མེད་ལ་གཞིས་ཀྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས། སྒོ་ཡོན། བྱེས་སུ་བེ་རི་འཇིག་མེད། དགེ་བཤེས་ངག་གི་དབང་ཕྱུག དགེ་བཤེས་ཟླ་བ་ཚེ་རིང་དང་དགེ་བཤེས་ཡ་མ་བསོད་ནམས་སོགས་རེ་ཟུང་ལས་མི་སྣང་ཞིང་འདི་དག་ཁྲོད་ནས་ངག་གི་དབང་ཕྱུག་ནི་དགོན་སྡེ་ཙམ་མ་ཟད་བོད་ཀྱི་སྤྱི་ཚོགས་ནང་དུའང་གྲགས་འགུལ་གྱི་མཐོ་རླབས་རྒྱུགས་བཞིན་པ་ཞིག་རེད། 

ང་དང་འདྲ་བ་འགའ་རེས་ནི་དྲ་ཚིགས་དང་དུས་དེབ་རེ་འགའི་ཁོར་ཡུག་ན་འདུར་རྒྱུག་བྱེད་པའི་རྩོམ་པ་པོ་དང་མཁས་དབང་ཟེར་བ། ལག་འགུལ་ཙམ་ནས་ཡར་གི་ཁ་འཁྱོག་འདུག མར་གི་སྣ་ཡོར་འདུག་ཟེར་ཏེ་གྲགས་པ་ལྡོག་ཕྱོགས་ནས་རྒྱས་པའི་མི་སྣ་དེ་དག་ལས། བསམ་པ་རྒྱ་ཆེ་ཞིང་རྟོགས་པ་གྲངས་མང་བའི་མཁས་དབང་འདི་དག་དང་འདི་དག་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་གསུང་རྩོམ། ཚིག་ཉམས་དང་སྙན་འཇེབས་དཔལ་གྱིས་ཕྱུག་པའི་རྩོམ་ཡིག་མར་ཁུ་འདྲ་པོ་འདི་དག་ལྟ་ཀློག་གི་སྐལ་བཟང་དེ་མེད་པ་ནི་ཅི་འདྲའི་ལས་ངན་ཞིག་རེད་ཨང་སྙམ་པ་ཡང་ནས་ཡང་དུ་སྐྱེས་སོང་།

3 comments:

  1. དེ་ག་རང་རེད

    ReplyDelete
  2. ཚིག་སུ་བཅད་པར་གྱུར་ཅིག

    ReplyDelete

Powered by Blogger.