ཨ་རོགས་ཁོ་རེ། བསོད་ནམས་ཟླ་བ་སུ་རེད།


དྲ་ལམ་ན་ཉུལ་རྒྱུ་དགའ་ཞིང་བོད་ཀྱི་ཆ་འཕྲིན་རིག་གནས་ལ་དུང་བ་ཡོད་མཁན་ཞིག་ཡིན་ན་<བསོད་ནམས་ཟླ་བའི་དྲ་ཚིགས།>ཞེས་པ་དེ་ཡང་ཡང་མཐོང་མྱོང་བ་ཙམ་མ་ཟད་དྲ་ཚིགས་དེ་ནས་ཁྱེད་ལ་བློ་སྐྱེད་མང་པོ་ཐོབ་ཡོད། བོད་ཡིག་ཅན་གྱི་ཁ་པར་མ་དར་གོང་གི་ལོ་དུས་དེ་ནས་ངས་གློག་ཀླད་བརྒྱུད་དྲ་ཚིགས་དེ་རྙེད་ཅིང་ཀུ་ཤུ་དང་སེམ་སང་ཁ་པར་ཐོན་ནས་བོད་ཡིག་བཀོལ་སྤྱོད་ཇེ་བདེར་སོང་བའི་ན་ནིང་ད་ལོར་ངས་དྲ་ཚིགས་དེ་ཉིད་ནས་བློ་སྐྱེད་མང་པོ་ལེན་ཡོད། གུས་སྒེར་གྱི་<སྲོང་བཙན་ཟིན་བྲིས།>བཟོ་འདོད་དང་གཉེར་ཐུབ་པ་དེའང་དྲ་ཚིགས་དེ་ག་ནས་རིན་མེད་དྲ་ཚིགས་བཟོ་ཐབས་སྐོར་གྱི་ལམ་སྟོན་དེར་བལྟས་ནས་བཟོས་པ་ཡིན། ད་དུང་བརྙན་ཕབ་ལམ་ནས་འཆད་ཁྲིད། ལས་དང་པོ་བའི་གློག་ཀླད་སྤྱོད་སྟངས་དང་མཁོ་གལ་ཆེ་བའི་མཉེན་ཆས་སྤྱོད་སྟངས་སོགསYouTube ཐོག་བཞག་འདུག་མོད། དྲ་བའི་བརྡ་རྟགས་སྐྱོ་བའི་ས་འདི་ག་ལས་ནི་དེ་དག་ཞིབ་ལྟ་བྱེད་པའི་སྐལ་བ་དེ་མ་རྙེད།

བོད་ཕྱི་ནང་གཉིས་སུ་བོད་ཡིག་དྲ་ཚིགས་སྟོང་ཕྲག་ཉེ་བ་ཞིག་ཡོད་ཚོད་ལ་དེ་དག་ཁྲོད་ནས་ཆ་འཕྲིན་རིག་གནས་ཆེད་སྤེལ་བྱེད་པའི་དྲ་ཚིགས་བཅུ་ལའང་ཟིན་མེད། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ་དང་བོད་ཡིག་མཉེན་ཆས་གླིང་གཉིས་པོ་ནི་ཅུང་མཁོ་རྒྱུག་ཆེ་ཞིང་སྣ་འཛོམས་ཆ་འཕྲིན་དྲ་བ་ཞིག་ཡིན་རུང་རྩོམ་སྒྲིག་པ་དག་གིས་ཞོར་ལས་སུ་དྲ་ངོས་བདག་གཉེར་དང་རྩོམ་ཡིག་འབྲི་འགོད་བྱེད་བཞིན་ཡོད་སྟབས་ཟླ་ངོ་རེ་རྩོམ་ཡིག་གཅིག་ཙམ་རེ་སྤེལ་ཞིང་། མཚམས་རེ་ལོ་ཕྱེད་ལའང་ཙམ་ལའང་གྲགས་འགུལ་མེད་པ་ཉལ་འདུག་པས་ཀློག་པ་པོའི་ཡིད་སེམས་བཀུག་རྒྱུ་བཞག་ནས་ཉོབ་སྣང་སྟེར་བཞིན་ཡོད།

<བསོད་ནམས་ཟླ་བའི་དྲ་ཚིགས་>སུ་རྩོམ་ཡིག་འབྲི་འགོད་ཀྱི་ཁ་གྲངས་དེ་ཕྱི་ལོ་2013ལ་120། 2014ལ་74དང་འདི་ལོའི་ཟླ་ངོ་བཞིའི་ནང་དུ་རྩོམ་ཡིག་གྲངས་31སྤེལ་འདུག ད་དུང་དྲ་ངོས་ཇུས་འགོད་བསྐྱར་བཅོས་བཅུ་ཕྲག་རྒལ་བ་བྱས་ཏེ་དྲ་ཚིགས་ཀྱི་ཇུས་འགོད་དང་མཛེས་ཆ། སྣ་འཛོམས་དང་སྟབས་བདེ་ཇེ་ཆེར་བཏང་འདུག་པ་མ་ཟད། དྲ་ཚིགས་འདིར་ཚན་པ་34དགར་ནས་ཆ་འཕྲིན་ཆེད་སྤེལ་བྱེད་སའི་དྲ་ཚིགས་ཆེས་ཡག་ཤོས་དང་། དྲ་ཚིགས་ལྟ་ཀློག་བྱེད་མཁན101726 བྱུང་འདུག་པར་བལྟས་ན། གསར་འགྱུར་འགོད་སྤེལ་བྱེད་པའི་དྲ་ཚིགས་ཕུད་ཆེས་ལྟ་ཀློག་བྱེད་མཁན་མང་བའི་དྲ་ཚིགས་སུ་གྱུར་ཡོད།
ཁོང་གིས་རིག་རྩལ་དང་རྣམ་དཔྱོད། ཇུས་འགོད་ལག་རྩལ་བཅས་ལ་བརྟེན་ནས་དྲ་ཚིགས་ཇུས་འགོད་དང་བཟོ་སྐྲུན་པའི་ལས་ཀའང་བྱེད་བཞིན་ཡོད་ཅིང་ད་བར་སྤྱི་སྒེར་གྱི་དྲ་ཚིགས་མང་པོ་བཟོ་འདུག་པ་ཁོང་གི་དྲ་ངོས་ན་གསལ་བཀོད་བྱས་ཡོད།

ངེད་གཉིས་སྒེར་དོན་དུ་གློག་འཕྲིན་རྒྱུན་མར་གཏོང་རེས་བྱེད་བཞིན་ཡོད་ལ། ཁོང་ཉིད་ལ་ཡིན་སྨོན་གྱིས་ཁོང་གིས་སྒྲུབ་བཞིན་པའི་དྲ་ཚིགས་ལ་དུས་རྟག་ཏུ་ལྟ་ཀློག་བྱེད་བཞིན་པ་ནི་ང་རང་དྲ་ཚིགས་དེ་གའི་ཀློག་པ་པོ་ཨང་པོ་དེ་གྱུར་ཡོད་སྙམ། རིམ་བཞིན་ཁོང་ཉིད་ལ་རྒྱུས་ལན་ཕྲན་བུ་བྱེད་སྐབས་ངེད་ལ་ཆེས་ཡ་མཚན་གྱི་ཚོར་སྣང་རེའང་བྱུང་། ཁོང་ཉིད་བོད་ནས་དམའ་འབྲིང་འགྲིམས་ཤིང་རང་ལོ་བཅུ་གཅིག་ཙམ་ལ་བཙན་བྱོལ་དུ་འབྱོར་འདུག་ཅིང་ཕྱི་ལོ2012འཛིན་རིམ་12ལེགས་ཐོན་དང་2009 ལོར་གློག་ཀླད་སློབ་དཔོན་ཌིག་རཱི་ནམ་ M.Sc computer science བཅད་འདུག་པ་ལ་བལྟས་ན་གློག་ཀླད་སྐོར་གྱི་ཤེས་བྱ་མང་པོ་ཞིག་སྦྱོང་ཡོད་པ་མཐོང་ཐུབ། ད་དུང་དྲ་ཚིགས་ཇུས་འགོད་པའི་ལག་རྩལ་ཆེད་སྦྱོང་དང་སྒེར་གཉེར་དྲ་ཚིགས་གཉེར་བ་ཙམ་མིན་པར་ཆེས་ལེགས་པའི་བོད་ཀྱི་ཆ་འཕྲིན་དྲ་ཚིགས་ཤིག་གཉེར་ཏེ་སྐད་ཡིག་བདག་སྐྱོང་དང་བེད་སྤྱོད་ཤུགས་ཆེན་གནང་ཡོད། བོད་ཡིག་ལམ་ནས་དྲ་ཚིགས་གཉེར་པ་དང་བོད་ཡིག་དེ་འདྲ་བཀོལ་སྤྱོད་ཐུབ་པ་གང་ནས་སྦྱོང་མིན་དྲིས་པར། བོད་ནས་རྩ་བ་ཚུགས་པ་དེ་ལས་བཙན་བྱོལ་སློབ་གྲྭའི་ནང་དུ་ཡར་རྒྱས་སོང་བསམ་པ་ཞིག་མེད། འོན་ཀྱང་དྲ་ཚིགས་ཐོག་ཏུ་ཨུ་ཚུགས་ཀྱི་རྩོམ་ཡིག་འབྲི་འགོད་བྱས་པ་དེས་མིན་འགྲོ་ཞེས་བཤད། བཙན་བྱོལ་ནང་དུ་འདི་ལྟ་བུའི་རང་གི་སྐད་ཡིག་བཀོལ་སྤྱོད་གནང་ཐུབ་མཁན་རེ་ཟུང་ཙམ་ཡིན་ལ་ཡོད་པ་དག་ནི་བོད་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་བཙན་བྱོལ་དུ་ཡོང་བ་ཞིག་ཆགས་ཡོད། འོན་ཀྱང་ཁོ་ཉིད་བཙན་བྱོལ་དུ་ཡོང་སྐབས་ལོ་ན་11ཙམ་ཡིན་འདུག་པས་བོད་ནས་སྦྱོར་ཀློག་ཤེས་ཙམ་ལས་རྩོམ་ཡིག་འབྲི་ཐུབ་པའི་ཚད་ལ་ནམ་ཡང་སླེབས་ཐབས་མེད། དེར་བརྟེན་ཁོང་གིས་བོད་ཡིག་ལ་དོ་སྣང་དང་ཟུར་སྦྱོང་བྱས་ཡོད་པ་མཐོང་ཐུབ།

ང་ཚོའི་སྤྱི་ཚོགས་ནང་དུ་སྙན་ངག་བྲིས་ཏེ་སྨྱོན་ལབ་རྒྱབ་བཞིན་པ་མང་བ་ལས་ལག་རྩལ་བ་ཆེས་ཉུང་ཉུང་ཡིན་གཤིས། བོད་ཡིག་གི་ལམ་ནས་ཟ་མ་གཡོས་སྦྱོར་དང་འཕྲུལ་ཆོས་བཤིག་སྒྲིག གློག་ཀླད་དང་དྲ་ཚིགས་ཇུས་འགོད་བྱེད་ཐབས་སྐོར་གྱི་དཔེ་དེབ་ཆ་ཚང་བ་གཅིག་ཀྱང་བསྟན་རྒྱུ་མེད། འདི་ལྟར་མུ་མཐུད་དུ་སོང་ན་བོད་ཀྱི་སྐད་ཡིག་ནི་གྲྭ་པའི་སྐད་ཡིག་སྟེ་ནང་ཆོས་སྦྱོང་མཁན་ཚོར་བེད་སྤྱོད་ཡོད་པ་ལས་སྤྱི་ཚོགས་ནང་ཕན་ཐོགས་གཏན་ནས་མེད་པར་འགྱུར་ཉེན་ཤིན་ཏུ་ཆེ། སྤྱི་ཚོགས་ནང་དུ་མཁོ་རྒྱུག་དང་ཉིན་རེ་འཚོ་བའི་ནང་དུ་ཕན་མེད་ཀྱི་སྐད་ཅིག་ཡིན་ན་སྐད་ཡིག་དེའི་སྐུ་ཚེ་རིང་པོ་མི་བརྟན་པར་འཇིག་རྒྱུ་ངེས་གཏན་རེད། ད་ཆ་ངེད་ཅག་གི་སྐད་ཙམ་ལས་ཡི་གེ་ནི་ཕལ་ཆེར་འཇིག་ཟིན་ལབ་ཀྱང་མི་ཆོག་པ་མེད། བོད་མི་ས་ཡ་དྲུག་ལས་བོད་ཡིག་སྤྱོད་ཤེས་པ་དང་རྒྱུན་སྤྱོད་བྱེད་བཞིན་པ་ས་ཡ་གཅིག་ཀྱང་ཟིན་ཨེ་ཡོད་སྙམ། འདིར་བལྟས་ན་རང་ཅག་གི་སྐད་ཡིག་དེ་ཉིད་འཆི་གསོན་གྱི་ས་མཚམས་ཤིག་ཏུ་རྒས་ཤིང་འཁོགས་པར་གྱུར་ཏེ་ལུས་འདུག་པར་མཐོང་ཐུབ།

གནས་སྟངས་འདི་འདྲའི་སྐབས་སུ་ལག་རྩལ་མི་སྣ་རེ་རེ་ཡིན་རུང་བདག་པོ་བརྒྱབ་ཏེ་གསོ་སྐྱོང་གནང་དགོས་ལ་ཁོང་རྣམ་པའི་ལག་རྩལ་དེ་ཉིད་རང་གི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་བྱེད་ཐབས་སུ་བེད་སྤྱོད་དང་མི་རིགས་འཇིག་ཉེན་ལས་སྐྱོབ་ཐུབ་པའི་ནུས་པ་གཏོན་གཅུག་དགོས། ད་རེས་གུས་པས་ཀྱང་གནད་དོན་འདི་དག་ལ་བསམས་ཏེ་གྲོགས་བསོད་ནམས་ཟླ་བ་ངོ་སྤྲོད་དང་ཁོང་གི་སྒེར་གཉེར་དྲ་ཚིགས་མཚམས་སྦྱོར་བྱེད་རྒྱུ་ཐག་བཅད་དེ་རྩོམ་ཐུང་འདི་འབྲི་བའི་ལས་སུ་ཞུགས་པ་ཡིན།

ང་དང་ང་འདྲ་བའི་བོད་ཀྱི་གཞོན་སྐྱེ་ཚོ་དུས་རབས་ཀྱི་ཆ་འཕྲིན་དང་འཕྲུལ་རིག་ལ་ཧ་ཅང་དགའ་མོས་ཡོད་མོད། རང་གི་སྐད་ཡིག་ཁོ་ན་བརྒྱུད་དེ་ཆ་འཕྲིན་རིག་གནས་དང་དེང་རབས་དཔལ་ཡོན་ལ་འཇུག་དགོས་སྟབས་གྲོགས་བསོད་ནམས་ཟླ་བ་དང་འདྲ་བ་སྐད་གཉིས་ཤེས་པའི་ལག་རྩལ་མི་སྣ་དག་ལ་རེ་བཅོལ་བྱེད་རྒྱུ་ལས་ལྷག་མེད། དེར་བརྟེན་ད་རེས་གུས་པས་རེ་བ་གཅིག་ནི་སྐད་ཡིག་གཞན་གྱི་ཐོག་དྲ་ཚིགས་ཇུས་འགོད་སྐོར་གྱི་དཔེ་དེབ་སྣ་མང་འདུག་ནའང་ངེད་ཅག་ལ་HTML CSS FTP སྐོར་གྱི་བོད་ཡིག་གི་དཔེ་དེབ་ཅིག་གཅིག་མེད་སྟབས་སྐུ་ཉིད་གཙོས་པའི་དྲ་ཚིགས་ཇུས་འགོད་པ་ཚོས་དྲ་ཚིགས་ཇུས་འགོད་སྐོར་གྱི་དཔེ་དེབ་ཆ་ཚང་བ་ཞིག་གཏོན་ཐུབ་ན་སྐད་ཡིག་གི་ཚེ་སྲོག་རྒྱུན་སྲིངས་དང་ཁྱབ་ཁོངས་ཀྱང་ཇེ་ཆེར་སོང་ནས་སྤྱི་ཚོགས་དང་ཁ་འབྲལ་མི་ཐུབ་པ་ཙམ་ཡོང་ངེས་སྙམ། འདི་ལྟར་མ་བྱུང་ན་རང་བཞིན་གྱིས་སྐད་ཡིག་གཞན་སྦྱོང་འདོད་དང་ཉིན་རེའི་འཚོ་བ་སྐད་ཡིག་གཞན་ཞིག་གི་ལམ་ནས་སྐྱེལ་དགོས་པ་ཞིག་ཆགས་རྒྱུ་རེད། སྐབས་དེ་དུས་བོད་ཡིག་སྦྱོང་མཁན་དང་སྤྱོད་མཁན་ཞིག་ཡོང་ཐབས་མེད་ལ་འདི་ཉིན་ནས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་མཇུག་བསྡུས་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་དེ་འགོ་འཛུགས་པ་ཡིན། བཙན་པོའི་མི་རྒྱུད་དེ་མི་རིགས་གཞན་ཞིག་ལ་འགྱུར་ཚར་བ་ཡིན། ཁྱེད་ཀྱིས་འཇིག་ཉེན་འདི་མཐོང་ཨེ་འདོད། མ་འདོད་ན་<བསོད་ནམས་ཟླ་བའི་དྲ་ཚིགས་>ལ་བལྟ་རྒྱུ་མ་བརྗེད་ཨང་།

No comments:

Powered by Blogger.