གྲྭ་པ་ཚོས་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་བྱེད་རྒྱུ་མི་འདུག


ད་ལན་སྤྱི་འཐུས་གྲོས་ཚོགས་ཀྱི་གླེང་རྙོག་དང་འབྲེལ་ཏེ་སྤྱི་ཚོགས་ནང་འུར་འདྲོག་དང་གྲོས་ཚོགས་ཀྱི་གྲོས་གཞི་གྲོས་ཆོད་དང་གནད་དོན་གལ་ཆེན་ཡོད་ཚད་སྐྱུར་འཇོག་གིས་འཁྲུགས་ལོང་ཞིག་བྱུང་དང་འབྱུང་བཞིན་པ་རེད། གླེང་རྙོག་འདི་འདྲ་བ་ནི་ད་ཐེངས་དང་པོ་ཞིག་མ་ཡིན་ལ་མཐའ་མ་དེའང་གཏན་ནས་ཡིན་མི་སྲིད། ངེད་ཅག་གི་གྲོས་ཚོགས་མ་ནུབ་བར་གླེང་རྙོག་དང་འཁྲུགས་རྩོད་བྱུང་དང་འབྱུང་ངེས་ཡིན་པ་ནི། ངེད་ཅག་གི་གྲོས་ཚོགས་ཀྱང་མང་གཙོའི་རྩ་ཁྲིམས་འོག་གི་གྲོས་ཚོགས་ཤིག་དང་བཙན་བྱོལ་སྤྱི་ཚོགས་ཀྱང་མི་སྡེའི་སྤྱི་ཚོགས་ཤིག་ཡིན་སྟབས་རྙོག་དྲ་དང་བཀའ་ངལ་སྣ་ཚོགས་འཕྲད་རྒྱུ་ནི་ཆེས་རྒྱུན་ལྡན་ཞིག་གི་ཆ་ཤས་ཤིག་ཡིན། འདི་ལྟར་གླེང་དུས་སྤྱི་ཚོགས་ནང་རྙོག་དྲ་ཡོང་དགོས་པ་དང་མི་མཐུན་པའི་དཀའ་ངལ་མང་དག་ཡོང་རྒྱུ་དེ་ཡག་པོ་ཞིག་ཡིན་པའི་གོ་དོན་ཞིག་གཏན་ནས་མིན། 

མདང་ནུབ་ངའི་དཔེ་མཚོན་ཁ་ཤས་ལ་གྲོགས་པོ་ཚོས་འདོད་མོས་བྱེད་ཀྱི་མི་འདུག་ལ་ཞྭ་དཔེ་ལྷམ་འགེབས་ཀྱི་དཔེ་རེད་ཅེས་ངེད་ཅག་བར་ལྟ་ཚུལ་དང་དང་བསམ་ཕྱོགས་མི་གཅིག་པར་རང་རང་གི་ལྟ་ཚུལ་ནས་གླེང་རེས་བྱས། ངས་ད་ཐེངས་ཀྱང་དཔེ་མཚོན་དེ་སོར་བཞག་ལས་བསྒྱུར་བཅོས་གང་ཡང་གཏོང་རྩིས་མེད། གང་ཡིན་ཞེ་ན། འུ་ཚོའི་བཙན་བྱོལ་ནང་གི་མང་གཙོ་ནི་རྒྱ་གར་གྱི་མང་གཙོ་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་དག་མིག་བལྟས་ཀྱིས་སྒྲོམ་གཞི་བཟོས་ཡོད་ཅིང་། དེ་ལས་ཕར་འདེད་ན་ནུབ་ཕྱོགས་པའི་མང་གཙོ་དང་ཁ་འབྲལ་ཐབས་མེད། དེར་བརྟེན། རྒྱ་གར་དང་ཨ་རི་དཔེ་མཚོན་དུ་བླངས་ནས་ངེད་ཅག་གི་སྤྱི་ཚོགས་སུ་ལྟ་དུས་དེ་ཙམ་འུར་འདྲོག་དང་བློ་ཕམ། ཡིད་ཆད་དང་སྐྱོ་བ་སྐྱེ་དགོས་དོན་མེད། བཙན་བྱོལ་གྲོས་ཚོགས་ཀྱི་རྭ་བ་ལས་ལྕོག་ཙེ་ཐོག་ཁུ་ཚུར་ཁ་ཤས་གཞུ་རེས་དང་ང་བདེན་ཁྱེད་རྫུན་གྱི་སྐད་ཆ་གཟེར་པོ་རེ་འགའ་ཕར་གཡུག་ཚུར་གཡུག་བྱེད་པར་འུར་འདྲོག་མི་དགོས་། རྒྱ་གར་གྲོས་ཚོགས་ཀྱི་རྭ་བ་ནས་ཆབ་སྲིད་ཚོགས་པའི་བར་གྱི་འཁྲུགས་རྩོད་དང་ཨ་མེ་རི་ཀའི་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གཉིས་ཀྱི་དཀའ་རྙོག་དེས་རྒྱལ་ཁབ་ཀྱི་ལས་ཁུངས་སྒོ་རྒྱབ་དགོས་ཐུག་པའི་ས་མཚམས་ཤིག་ལ་སླེབས་ཡོད། འོན་ཀྱང་འདི་དག་ནི་མང་གཙོའི་ལམ་ལུགས་དང་མི་སྡེའི་སྤྱི་ཚོགས་ཤིག་ཏུ་ཡོང་ངེས་དང་ཅེས་ཀྱང་འགོག་ཐབས་མེད་པའི་གནད་དོན་ཞིག་ཡིན་སྟབས་ཨ་མེ་རི་ཀ་དང་རྒྱ་གར་གྱི་སྤྱི་ཚོགས་ཆེ་པོའི་ནང་དུ་འུར་འདྲོག་དང་ཡིད་ཆད་བློ་ཕམ་མཐའ་ན་རེ་བ་མེད་པའི་བསམ་ཚུལ་འབྱུང་གི་མེད།

ངེད་ཅག་གི་སྤྱི་ཚོགས་ནང་དུ་འདི་དག་དང་ལྡོག་ཟླ་ཞིག་འབྱུང་དོན་ཁ་གསལ་པོ་རེད། མང་གཙོའི་གོ་རྟོགས་ཞན་པ་དང་ཆབ་སྲིད་རིག་པའི་བྱུང་རབས་ལ་ཕྱི་བལྟས་བྱེད་མ་ཐུབ་པས་ད་གཟོད་ཧ་ལས་ཧོན་འཐོར་འགྲོ་གི་ཡོད། དེ་ལྟ་ནའང་ང་རང་ནི་འཇིགས་སྐྲག་ཡོང་ས་དེ་འདི་དག་མིན་པར་གྲྭ་པ་ཚོས་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་བྱེད་རྒྱུ་དེ་ཡིན། སྐྱབས་གནས་དགེ་འདུན་གྱི་སྡེས་ཆབ་སྲིད་རྭ་བའི་ནང་དུ་སེམས་ཚོར་ཆེ་དྲགས་པ་དེ་ཡིན། དེ་སྔར་གྱི་བཀའ་སྤྱི་འོས་བསྡུ་དང་ལྷག་པར་དུ་སྐབས་གསུམ་པའི་བཀའ་ཁྲི་འོས་འདེམས་སྐབས་ཀྱི་གནང་སྟངས་དེ་དག ན་ནིང་ད་ལོ་གྲོས་ཚོགས་ཀྱི་རྙོག་གླེང་ལ་སེམས་ཚོར་དེ་དག་ཅུང་ཚད་རྒལ་རང་བཞིན་གྱིས་ལམ་ཕྱོགས་གཞན་ཞིག་ཏུ་གོམ་པ་སྤོས་ནོར་ཐེབས་པའི་ལྟ་གོན་ཞིག་མངོན་བཞིན་འདུག སྲིད་སྐྱོང་འོས་འདེམས་སྐབས་སྲིད་སྐྱོང་འོས་འདེམས་ཙམ་མིན་པར་དེའི་རྒྱབ་ཏུ་ཆོལ་ཁའི་གནད་དོན་འགོ་འབུས་ཡོང་ཞིང་། སྐྱ་སེར་བར་ལམ་ཕྱོགས་དང་ལྟ་ཚུལ་སོ་སོར་གྱེས་ནས་གདོང་ཐུག་གིས་དཀའ་ངལ་གྱི་སྒོ་ཕྱེ་ཡོང་གིི་འདུག སྲིད་སྐྱོང་བློ་སེང་གི་འགྲན་རྩོད་ཆེ་ཤོས་བཀྲས་མཐོང་གིས་འོས་བསྡུ་ནས་ཕམ་ཉེས་བྱུང་རྗེས་ཁོང་ཁྲོ་ཆེན་པོས་གདན་ས་ཁག་ཏུ་ཞེན་ཁོག་ཆེ་པོ་ཡོད་ཟོལ་འདུག་ཅེས་གྲྭ་པ་ཚོས་བློ་སེང་ལ་རྒྱབ་སྐྱོར་བྱེད་པ་དེ་ཆོལ་ཁའི་ཞེན་ཁོག་ཏུ་བརྩིས་ནས་ཁོང་ཁྲོ་བྱས་ཡོད། མཐོང་ཚུལ་འདི་ཁོང་སྒེར་གཅིག་པའི་མཐོང་ཚུལ་ཞིག་མིན་པར་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་དང་དེ་མིན་གྱི་མི་མང་པོ་ཞིག་ཡོད་སྲིད། མི་དམངས་ཀྱི་སྐྱབས་གནས་དང་དད་ཡུལ་དུ་བཞུགས་པ་དག་གིས་མི་དམངས་ཁོང་ཁྲོ་སློང་པ་དང་མི་དམངས་དང་གྲྭ་པའི་བར་ཆབ་སྲིད་འགྲན་རྩོད་ཅིག་གི་གནད་དོན་ནང་དུ་ལྷུང་ཚེ་རྗེས་ཕྱོགས་ནས་གྲྭ་པ་དང་མི་དམངས་བར་དུ་དད་འདུན་རྒྱང་བཀྱེད་དང་ནང་བསྟན་གྱི་གཞི་རྐང་ལ་གས་སྲུབས་ཐེབས་ཉེན་ཤིན་ཏུ་ཆེ། 

ཆབ་སྲིད་ནང་དུ་འདི་ལྟར་བུའི་དཀའ་ངལ་ཡོད་རྐྱེན་༸གོང་ས་མཆོག་གིས་ཧི་མ་ལ་ཡའི་དགེ་འདུན་པ་ཚོར་ཆབ་སྲིད་ནང་དུ་དེ་ཙམ་འཛུལ་རྒྱུ་མེད་པའི་བཀའ་སློབ་ཕེབས་ཡོད། དེའི་ཐོག་ནས་གྲྭ་པ་ཚོ་ཆབ་སྲིད་ནང་དུ་ཞུགས་ཚེ་སྒེར་ཞིག་ལ་གནད་དོན་ཞིག་འབྱུང་བ་ཙམ་མ་ཡིན་པར་ནང་བསྟན་ཆག་འཇིག་དང་གྲྭ་པ་དང་མི་དམངས་བར་འགལ་ཟླ་ཞིག་འབྱུང་ཉེན་ཡོད་པས་ཡིན། བཙན་བྱོལ་སྤྱི་ཚོགས་ནང་མི་འབོར་ཉུང་དྲགས་པས་གྲྭ་པ་ཚོས་ཆབ་སྲིད་ཀྱི་འོས་བསྡུ་ནང་འཛུལ་བཞུགས་མ་བྱེད་ཚེ་གྲངས་ཚད་ཀྱི་ཆ་ནས་དཀའ་ངལ་འཕྲད་བཞིན་ཡོད་ཅིང་ད་དུང་ཕྱོགས་འགའ་ཤས་ནས་སྐྱོན་ཆ་རེ་ལྷག་གི་ཡོད། འོན་ཀྱང་གྲྭ་པས་ཆབ་སྲིད་ཀྱི་འོས་བསྡུ་དང་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོ་ཐང་ལེན་པ་ཙམ་ལས་དེ་ལས་རྒལ་ནས་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་བྱེད་དྲགས་ཚེ་གོང་སྨྲས་བཞིན་གནད་དོན་ཞིག་ལྷག་ངེས་ཡིན། 

དེ་སྔར་གྱི་བཀའ་སྤྱི་འོས་བསྡུ་དང་གྲོས་ཚོགས་འཚོགས་མ་ཐུབ་པའི་རྙོག་གླེང་། ད་ཐེངས་ཚོགས་གཙོས་དགོངས་ཞུ་གཏོང་དགོས་ཐུག་པའི་བྱེད་ལུགས་གང་མང་ཞིག་ལ་གྲྭ་པ་ཚོས་ཆོལ་ཁ་དང་ལུང་ཚན། ཆོས་བརྒྱུད་དང་དགོན་སྡེའི་ཕྱོགས་ཞེན་ཞིག་བསྣམས་ཕེབས་ནས་ཆབ་སྲིད་པའི་འཁྲབ་སྟོན་བྱེད་པ་དེ་འདྲ་ནི་རྩ་བ་ནས་མིན་ན་ཡང་། འདིའི་མཇུག་འབྲས་ནི་སྐྱ་སེར་དང་ཆོལ་ཁའི་བར་གྱི་གནད་དོན་སྐྱུགས་བྲོ་པོ་ཞིག་གི་མི་གཙང་བའི་རྫ་སྣོད་ཁ་ཕྱེས་ཏེ་ཆིག་སྒྲིལ་འཐོར་ཆག་དང་ནང་བསྟན་གྱི་ཤེར་ངོས་ལ་མི་གཙང་བ་བྱུག་ངེས་འདུག་པས་ངེད་ཅག་གྲྭ་པ་ཚོས་ཤིན་ཏུ་ནས་ཀྱང་གཟབ་དགོས་པར་འདུག་སྙམ་པ་བདག་གི་ལྟ་ཚུལ་ལོ།།
-----------
2015-3-20

No comments:

Powered by Blogger.