2017/04/22

གསུམ་བཅུ་དུས་དྲན་ཆབ་སྲིད་བསྐྱར་ཞིབ།



ཉེ་ཆར་རང་དུ་རྒྱ་ནག་གིས་མི་མེད་གནམ་གྲུ་བཟོ་ཐུབ་པ་བྱུང་སྟེ་དམག་དོན་ཐད་ཀྱི་གོམ་སྟོབས་ཆེན་པོ་སྤོས་ཡོད་པ་དང་དམག་དོན་མཁོ་ཆས་བཟོ་སྐྲུན་ཇེ་མགྱོགས་ཇེ་མང་དུ་བཏང་ནས་ཕྱི་འཚོང་གི་ཁྲོམ་ར་ན་དབང་སྒྱུར་བྱེད་སེམས་ཡོད་པར་དབྱེ་ཞིབ་བྱེད་བཞིན་འདུག དམག་དོན་ཐད་ཀྱི་ལག་རྩལ་འཕེལ་རྒྱུས་ནི་རྒྱ་ནག་གི་ཆེས་མི་འདང་ས་དེ་ཡིན་པས་འདི་ནས་གོང་འཕེལ་དང་འཐུས་ཚང་དུ་བྱུང་ན་ད་སྐབས་ལས་ཀྱང་བརྡབ་བརྒྱ་འགྱུར་གྱིས་ཧམ་སེམས་དང་ང་རྒྱལ། དམ་དྲག་དང་བཙན་བཟུང་བྱ་རྒྱུ་གཏན་འཁེལ་ཆགས་ཡོད། གནས་ཚུལ་འདི་བཞིན་བྱུང་ན་རྒྱ་ནག་གི་རང་ལག་ཏུ་མེད་པའི་ཐེ་ཝན་ལྟ་བུའང་ཕྱིར་ལེན་རྒྱུ་དཀའ་ཁག་ཅི་ཡང་མེད་ལ་དེ་ལས་ཀྱང་བོད་དང་ཤིན་ཅང་། ནང་སོགས་སོགས་དམ་བཟུང་དང་དྲག་གནོན་བྱ་རྒྱུ་ནི་བཤད་མི་དགོས་པ་ཞིག་ཆགས་ཡོད། 

སྟོབས་ཆེན་རྒྱལ་ཁབ་ཨང་དང་པོའི་གྲས་སུ་སླེབས་ཉེ་ཡོད་པའི་རྒྱ་ནག་ལ་མཚོན་ན་ཐབས་བརྒྱ་ཇུས་སྟོང་གི་རྒྱལ་ཁབ་བརྟན་སྲུང་དང་གུང་ཁྲན་ཏང་གི་དབང་སྒྱུར་སྲ་བརྟན་དུ་གཏོང་བཞིན་པ་ནི་ཧ་ཅང་གསལ་པོ་ཡིན་སྟེ། ཁོ་ཚོས་རྒྱལ་སྤྱི་ཁྲོད་དུ་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་བཏང་རྗེས་ཕྱིར་རང་གི་མི་དམངས་ལ་བློ་ཁ་འཚིམ་ཐབས་དང། བོད་དང་ཤིན་ཅང་ལྟ་བུ་རང་ཤུགས་ཀྱིས་དཔའ་འཁུམ་གཅུག་གི་ཡོད། དེ་སྔ་ནས་ཡང་ཡང་བཤད་བཞིན་པའི"ས་གུང་ཁྲན་ཏང་། གནམ་གུང་ཁྲན་ཏང་"ཞེས་པའི་ཞེད་སྣང་སྐུལ་བའི་ཚིག་འདི་ད་ཆར་དོན་ངོ་མར་གུང་ཁྲན་ཏང་གི་ནུས་ཤུགས་སྟོན་ཐུབ་པ་ཆགས་ཀྱི་ཡོད། 

ངེད་ཅག་བཙན་བྱོལ་བའི་ཐབས་ཟད་པའི་རྣམ་འགྱུར་ཞིག་གིས་རྒྱ་ནག་བཀྲ་མི་ཤེས་པ་ཡོང་རྒྱུ་སྒུག་སྡོད་པ་ལས་བྱ་རྒྱུ་གང་ཡང་ལྷག་མེད་ལ། སྟོན་པ་འཁྲུངས་དུས་བྲམ་ཟེ་མི་ལྷག་པའི་ལོ་རྒྱུས་བཞིན་འབྱུང་ཉེན་ཆེ་བའང་ལོ་རེ་ནས་ཇེ་གསལ་དུ་འགྲོ་བཞིན་འདུག མ་གཞི་སྐྱབས་བཅོལ་བ་མི་འབུམ་གཅིག་ཙམ་དེ་བོད་དུ་ཕྱི་ལོག་ཐུབ་མིན་ནི་གནད་འགག་ཅིག་གང་ཡང་མིན། གཙོ་བོ་ནི་བོད་ནང་དུ་དྲག་མནོན་དང་བཙན་འཇུག། དཔལ་འབྱོར་དབྱེ་འབྱེད་དང་རང་ས་ནས་མི་རིགས་གྲངས་ཉུང་དུ་བསྒྱུར་བའི་གནས་ཚུལ་འདི་ཚོ་སེལ་ཐུབ་དགོས། དཀའ་ངལ་འདི་སེལ་དགོས་ན་ཨ་མེ་རི་ཀར་སྐྱོབས་བཅོལ་བས་མི་ཕན་ལ་ཡུ་རོབ་མཉམ་འབྲེལ་ལ་ཞུ་གཏུགས་བྱས་པས་ཀྱང་ནུས་པ་མི་འཐོན་པར་གསལ་པོ་ཡིན། གཅིག་བྱས་ན་ནུབ་ཕྱོགས་པ་ལ་རེ་བཅོལ་བྱས་པ་དེའི་མཇུག་འབྲས་ཀྱང་འཚབ་ཆེན་རེ་ཡོང་སྲིད་པ་ཡིན། 

སྐུ་ངོ་འཇུ་ཆེན་ལ་པཎ་ཆེན་སྐུ་གོང་མས་ནང་མོལ་ཚུལ་དུ་ལམ་སྟོན་རེ་གཉིས་གནང་ཡོད་ཅིང་གལ་ཆེ་བ་ཞིག་ནི་"ཁྱེད་ཚོས་ཕྱི་ལོག་ནས་སྐད་འབོད་བརྒྱབ་ནས་ངོ་རྒོལ་བྱེད་མ་འདུག ཚགས་པ་ཞིག་གི་མདུན་ངོས་སུ་ཐོན་པ་ཙམ་རེད། ཁོ་ཚོ་ཁོང་ཁྲོ་སློང་ན་ཕན་ལས་གནོད་པ་ཆེ་བ་ཡོང་"(ནང་དོན་ལས་ཚིག་ཇི་བཞིན་མིན)ཞེས་གསུངས་པ་འདི་ད་ཆར་ཧ་ལམ་གསལ་པོ་ཆགས་ཡོང་གི་འདུག འོན་ཀྱང་བཙན་བྱོལ་བ་ཚོས་རྒྱ་ནག་ཁོང་ཁྲོ་སློང་བའི་བྱ་སྤྱོད་མི་མཐུད་དེ་སྤེལ་བཞིན་ཡོད། ལྷག་པར་དུ་རྒྱ་ནག་གི་ཚོར་བ་རྣོ་པོ་བྱ་སའི་ཨ་རུ་ན་ཅལ་ཁུལ་དུ་༸གོང་ས་མཆོག་ཕེབས་རྒྱུ་འདི་ནི་ཧ་ཅང་གཟབ་ནན་བྱེད་དགོས་པ་ཞིག་ཆགས་ཡོད། ཉིན་གཅིག་རྒྱ་ནག་ཁོང་ཁྲོ་སློང་ན་ང་ཚོའི་འབྲེལ་མོལ་གྱི་སྒོ་ཆེན་དེ་ཉིན་གཅིག་ཇེ་དམ་ཇེ་བཙན་ཆགས་ཀྱི་ཡོད་པས་འགྲོ་མཁས་འདུག་མཁས་བྱེད་རྒྱུ་ནི་ལྷོད་གཡེང་ཤོར་མི་ཉན་པ་ཞིག་ཡིན། 

ད་ཆར་ནི་རང་བཙན་དང་དབུ་ལམ་བཤད་མཁན་དང་བསམ་མཁན་སུ་གཅིག་ལ་ཐབས་ལམ་སྣ་གཅིག་སྟོན་རྒྱུ་མེད་པ་གྱུར་ནས་རྒྱ་ནག་འཐོར་ཞིག་འགྲོ་རྒྱུ་སྒུག་སྡོད་པའི་ཟོལ་ཞིག་འདུག མང་པོ་ཞིག་ལ་ཁག་ཀྱང་མེད་དེ། རྒྱ་ནག་དང་ཆབ་སྲིད་ཐ་དད་ཡིན་པའི་ནུབ་ཕྱོགས་པ་ཚོས་ཆབ་སྲིད་དབྱེ་ཞིབ་སྣང་བ་སྐྱིད་པོ་དང་དཔྱད་བརྗོད་ཤ་ཚ་མོ་རེ་སྤེལ་བཞིན་ཡོད་པས་འདི་ལ་མགོ་འཁོར་ནས་ལྷག་བཞིན་ཡོད། དོན་ངོ་མར་ཨ་མེ་རི་ཀིའི་རྒྱ་ནང་དུ་ལོ་གཅིག་གི་རྙོག་གྲ་འདྲ་བར་རྒྱ་ནག་ཏུ་ལོ་བཅུ་ནང་དུ་འབྱུང་མེད། ལྷག་པར་དུ་རྒྱ་ནག་མི་དམངས་ཀྱིས་རྒྱ་ནག་གི་ཆབ་སྲིད་ལྟ་བ་དང་ཏང་གི་ལས་དོན་ཁག་ལ་ཧ་ལམ་དོགས་པ་ཟ་གི་མེད། ནུབ་ཕྱོགས་ཡུ་རོབ་དང་བྱང་ཨ་རིའི་ཁུལ་གྱི་མང་གཙོའི་ཡུལ་གྲུ་དག་ཏུ་ཀྲུང་གོ་བ་ས་ཡ་དུ་ཙམ་གནས་སྡོད་བྱས་ཡོད། རང་ཉིད་ཀྱི་རྒྱལ་ཁབ་དང་མི་དམངས་ཀྱི་དཀའ་སྡུག་མཐོང་ནས་ཡོངས་ཁྱབ་ངོ་རྒོལ་བྱས་པ་ཅི་ཙམ་ཡོད། མང་གཙོ་ལས་འགུལ་བ་མི་སྣ་བརྒྱ་ཕྲག་ཙམ་གྱིས་སྐད་ཆུང་ཆུང་རེ་བརྒྱབ་གི་ཡོད། ཕྱི་སྡོད་ཀྲུང་གོ་བ་ས་ཡ་དུ་མ་གཉིད་ཁུག་པ་རེད་དམ། མ་རེད། ཁོ་ཚོས་རྒྱ་ནག་གི་ཆབ་སྲིད་དེ་སྡུག་པོ་ཞིག་མཐོང་གི་མེད་ལ། རྒྱ་ནག་མི་མང་ལ་དེ་ཙམ་སྡུག་རྩུབ་དང་དཀའ་ངལ་ཡོད་པའང་ཚོར་གྱི་མེད། དེ་ལས་ལྡོག་སྟེ། རང་ཉིད་ཀྲུང་གོ་བ་ཡིན་པ་སྤོབས་པ་ཇེ་ཆེར་འགྲོ་བཞིན་ཡོད། རྒྱ་ནག་གི་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱུས་དེ་ལ་དགའ་བ་དང་སེམས་ཁུར་བྱེད་ཀྱི་ཡོད། རང་ཉིད་ཀྱི་རྒྱལ་ཁབ་འདི་གང་མགྱོགས་སྟབས་ཆེན་རྒྱལ་ཁབ་ཨང་དང་པོ་ཆགས་རྒྱུ་ཡིད་ཆེས་དང་རེ་བ་རྒྱག་བཞིན་ཡོད། གནས་ཚུལ་འདི་ཚོ་ལ་བལྟས་ནས་རྒྱ་ནག་དམངས་གཙོའི་ཕྱོགས་སུ་གོམ་པ་སྤོ་རྒྱུ་ལ་སྒུག་སྡོད་པའི་ང་ཚོའི་རེ་བ་དང་ཐབས་ཇུས་དེ་སྟོང་པ་སྟོང་རྐྱང་ཞིག་ཡིན་པར་ར་འཕྲོད་བཞིན་ཡོད།

(བསྐྱར་ཞིབ་དང་བཟོ་བཅོས་བྱ་ཁོམ་མ་བྱུང་བས་ནོར་བ་མཆན་དུ་བཀོད་རོགས་ཞུ།)

2017-3-10

དགུང་ལོ་བརྒྱད་ཅུ། ང་ཚོའི་བདེ་སྐྱིད།

རྒན་ལགས་ཁོང་རྣམ་པའི་བཀའ་དྲིན་ནི་གཞལ་ཐབས་བྲལ་ཞིང་བརྗོད་ན་བཤད་མི་ཚར་བའི་ལོ་རྒྱུས་དང་འབྲི་ན་རྫོགས་རྒྱུ་མེད་པའི་གཏམ་རྒྱུད་ཡོད། འོན་ཀྱང་ལོ་རྒྱུས་དང་གཏམ་རྒྱུད་གང་ཡང་བཤད་མི་དགོས་པར་ད་ལྟ་ང་ཚོའི་མིག་མདུན་དེ་རང་ན་རྒན་ལགས་རྣམ་པ་སྐུ་གཟུགས་གསལ་ཐང་དང་ཚེ་མཇུག་བདེ་སྐྱིད་ངང་སྐྱེལ་ཐུབ་པ་འདི་ང་ཚོ་ལ་མཚོན་ན་ཆེས་དགའ་སྤྲོ་དང་ཆེས་བདེ་སྐྱིད་དེ་ཡིན་ཟེར་ཆོག 

ཁྱེད་ཅག་ནི་ཁོ་བོའི་མེ་ཚེ་ལ་འོད་སྣང་སྦར་མྱོང་བའི་སྙིང་གི་སྒྲོན་མེ། ནམ་ཡང་བཀའ་དྲིན་གསག་པར་དཀའ་བའི་དྲིན་ཆེ་བ་ཤ་སྟག་ཡིན། ཁྱེད་ཅག་གིས་བཞག་པའི་"བསླབ་བྱ"དང"བཀའ་སློབ"ཡོད་ཚོད་ང་ཚོའི་ཤ་རུས་གསེང་ལ་ཟུག་ཡོད། ཤ་རུས་མཐོར་ནའང"བཀའ་སློབ"དང"བསླབ་བྱ"དེ་ཚོ་འཇིག་མི་སྲིད། 

ང་ཚོ་ལ་ས་འདིར་ཕ་མ་ཟེར་བའི་བྱམས་སྐྱོང་བཟོ་མཁན་མེད། འོན་ཀྱང་རྒན་ལགས་རྣམ་པ་ནི་སྔ་ལའང་ཕ་མའི་ཚབ་བྱས་ཡོད། ད་ལྟའང་ཕ་མའི་ཚབ་ཡིན། སླད་ནས་ཀྱང་ཕ་མའི་ཚབ་དེ་ཡིན། ང་ཚོ་ལ་དགོས་པ་ནི་རྒན་ལགས་རྣམ་པ་ཡིན། དེ་ལས་ཀྱང་ཁོང་རྣམ་པ་སྐུ་ཚེ་རིང་དུ་བརྟན་རྒྱུ་དེ་ཡིན།

དགུང་ལོ་བརྒྱད་ཅུ་ནི་མི་ཞིག་གི་མི་ཚེ་ལ་མཚོན་ན་ཧ་ཅང་ལོ་མཐོ་བའི་ཚོད་གཅིག་ལ་བཞག་ཆོག འདི་ཙམ་དུ་བཞུགས་པའང་གཅིག་ན་རྒན་ལགས་རྣམ་པའི་ཐུགས་སྐྱེད་དང་བསོད་ནམས་ལོས་ཡིན་མོད། ད་དུང་རྒྱུ་རྐྱེན་ཞིག་ཡོད་ན་རྒན་ལགས་ཚོ་ལ་ཉིན་ལྟར་ཞབས་ཕྱི་ཞུ་མཁན་ཚོས་ཞབས་ཞུ་གང་ལེགས་བྱས་པའི་འབྲས་བུ་ཞིག་ཡིན་ཆོག ད་དུང་སྨན་བཅོས་རོགས་རམ་སོགས་འཚོ་བ་ལ་རོགས་རམས་དང་གནང་མཁན་ཚོས་བཀའ་དྲིན་ཞིག་ཡིན་ཆོག

ངས་སེམས་བསམ་པའི་གཏིང་ནས་དགེ་ལགས་རྣམ་པར་ཉིན་ལྟར་ཞབས་ཕྱི་ཞུ་མཁན་ཚ་བོ་དང་ཡང་ན་དགེ་ཕྲུག་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་ཡིན། ང་ཚོས་སྟོང་བཤད་པ་ལས་ཁྱེད་ཅག་གིས་ཉིན་གཅིག་གིས་ཞབས་ཕྱི་དེས་དགའ། དེས་ཕན། དེས་ཡག དེས་ཆོག ད་རུང་རྒན་རྣམ་པ་སྐུ་ཚེ་ཡུན་དུ་བརྟན་དགོས་པས། རྒན་རྣམ་པའི་སྐུ་ཚེ་ནི་སྐུའི་འཕྲོད་བསྟེན་ལའང་ཧ་ཅང་རག་ལོས་པས་ཞབས་ཕྱི་ཚོས་སྐུ་ཡི་འཕྲོད་བཞེས་ལ་དོ་སྣང་ཤུགས་ཆེན་གནང་རོགས། ཁྱེད་ཚོས་སྔ་བཞིན་ཞབས་ཕྱི་ཧུར་ཐག་གནང་རོགས། ང་དང་ཁྱེད། མདོར་ན་དགེ་ཕྲུག་ཡོངས་ལ་རྒན་ལགས་རྣམ་པ་ཤིན་ཏུ་ནས་མཁོ། 

____ཕྲན་སྲོང་བཙན་གྱིས་རྒན་རྣམ་པའི་བཀའ་དྲིན་ཡིད་ལ་དྲན་བཞིན་དགའ་སྐྱོ་ཟུང་འབྲེལ་ཐོག་ནས་རྟེན་འབྲེལ་མཚོན་སླད་དུ་བྲིས།  2017-3-2

ལོ་གསར་ཚེས་གཅིག་གི་ཉིན་ཐོ། དགའ་སྐྱོ་གཉིས།



ད་ལྟ་ལོ་གསར་ཚེས་གཅིག་རྫོགས་པར་ཆུ་ཚོད་གཅིག་ཙམ་ལས་མི་འདུག ཉིན་མོ་འདི་ནི་ངེད་ཅག་བོད་པ་ཚོའི་བཀྲ་ཤིས་པའི་ཉིན་མོ་ཞིག་སྟེ། ཉིན་འདིར་ནང་མི་ལྷན་འདུས་དང་དགའ་ཉེ་མཉམ་འཛོམས་བྱས་ཏེ་དགའ་དགའ་སྤྲོ་སྤྲོ་གནང་བའི་དུས་ཚོད་གལ་ཆེན་ཞིག་ཡིན། ངས་ཀྱང་དུས་ཚད་འདི་དམ་འཛིན་གྱིས་ནང་མི་མཉམ་འཛོམས་ངང་དགའ་སྤྲོ་ཞིག་བྱ་དགོས་བསམ་རུང་། འདི་ནི་རྨི་ལམ་ཙམ་ལས་མངོན་འགྱུར་བྱ་ཐབས་དཀའ་བ་ཞིག་ལོས་ཡིན་པའང་དྲན་གསོ་ཐེབས་བྱུང་།

ད་བར་བཙན་བྱོལ་དུ་སླེབས་པའི་ལོ་ཟླ་དེ་དག་གི་རིང་དུ་དཀའ་སྡུག་གི་མི་ཚེ་རིང་མོའི་བསྐོས་འཛེག་ཏུ་གོམ་པ་ར་རེ་བཞིན་སྤོས་ཏེ་སླེབས་ཡོད་ཅིང་འདི་ནི་དཀའ་ཚེགས་ཀྱི་རིམ་བཞུད་ཅིག་ཡིན་རུང་དེ་ལས་ཀྱང་བཟོད་པ་དཀའ་བ་དེ་ནི་ཕ་མ་དང་ཁྱིམ་ཚང་ཁ་བྲལ་བའི་སྐྱོ་སྡུག་དེ་ཡིན། ཡིད་སྐྱོ་དགོས་པའི་གནས་ཚུལ་འདི་ནི་ང་ཙམ་མིན་པར་མི་ཆེས་མང་པོ་ཞིག་ལ་ད་ལྟ་ཡང་འཕྲད་བཞིན་ཡོད་པའི་དཀའ་ངལ་ཆེ་ཤོས་དེ་ཡིན་ཞེའ་ཟེར་ཆོག་པ་འདྲ། སྟབས་ཡག་པའི་གནད་དོན་ཞིག་ནི་ད་ཆར་བརྡ་འཕྲིན་གྱི་འཕེལ་རླབས་མྱུར་ཞིང་དང་དྲ་བའི་དུས་རབས་སུ་སྐྱོད་མགྱོགས་པས་འཛིང་གླིང་མཐའ་རྒྱ་ཆེ་རུང་སྐར་ཆ་ཁ་ཤས་ནང་དུ་ཕན་ཚུན་འཚམས་འདྲི་དང་གནས་ཚུལ་འདྲི་རེས་བྱ་ཆོག ཁོ་བོས་ཀྱང་ཕ་མ་གཉིས་པོར་ཁ་པར་བཏང་ནས་སྟབས་བདེ་འཚམས་འདྲི་རེ་བྱས་པ་ཡིན་མོད། དེ་སྔ་དང་འདྲ་བར་ཁ་པར་འཇོག་གྲབས་བྱེད་དུས་ཨ་མས་ཡང་ནས་ཡང་དུ་"ཚེ་རིང་ནད་མེད་"ཅེས་གསུང་བཞིན་སྐད་ཆ་མཚམས་འཇོག་མི་ཐུབ་པའི་ཚུལ་དེ་དེ་རིང་ཡང་གནང་བྱུང་། འཚམས་འདྲི་ཞུ་ཐུབ་པའི་དགའ་བའི་མུར་སྐྱོ་བ་རྣོན་མ་རེའང་བྱུང་སོང་། ཁ་པར་བཞག་རྗེས་ད་རུང་ཡང་སྙིང་ཁ་ན་རྡོག་རྡོག་ཅིག་འདུག་པས་དབུགས་ཀྱང་ལེན་དཀའ་བ་ཞིག་གྱུར།



དྲ་གྲོགས་ཤིག་གིས་བརྙན་ཞིག་སྐུར་ནས་ཁོ་བོའི་ཕ་མ་གཉིས་པོ་རེད་ཅེས་སྟབས་བདེ་ངོ་སྤྲོད་རེའང་གནང་འདུག་ཕར་བལྟས་ཚོད་ལ་ཕ་མ་དེ་གཉིས་པོ་དགུང་ལོ་ཅུང་མཐོ་ཙམ་འདུག་ཅིང་གྲོགས་པ་དེས་ཟེར་ན་ཕ་མ་གཉིས་ཀ་དགུང་ལོ་བདུན་ཅུ་ལྷག་རེད་ཟེར། དེ་མ་ཉིད་དུ་ཁྱེད་བུ་ཤོས་དེ་ཨེ་རེད་ཅེས་དྲིས་པས་ཁོ་བོ་བུ་ཕྲུག་ཆུང་ཤོས་དེ་ཡིན་ཚུལ་ལན་ཞིག་འབྱོར་སོང་། ཁྱེད་རང་ད་ལོ་སང་ལོ་ལས་མ་ཕྱི་པར་བོད་དུ་གཉེན་འཕྲོད་དུ་ངེས་པར་འགྲོ་ན་ཡག་ཚུལ་སོགས་སེམས་ཚོར་ཞིག་དང་འགྲོགས་ནས་བཤད་པ་ཡིན་མོད། ཁོང་གི་ལན་དེས་ནི་ངེད་རང་སེམས་སྡུག་རྦ་རླབས་བཞིན་ཁོག་ཏུ་འཕྱུར་ཅིང་། སྐྱོ་ལ་སྡུག་པའི་འཚོ་བའི་སྒྲུང་འདི་འདྲ་ནི་མི་ག་ཚོད་ཅིག་ལ་ཡོང་མྱོང་ཞིང་ད་ལྟའང་དཀའ་ངལ་འདིའི་འོག་ན་ཅི་འདྲའི་མང་པོ་མྱོང་བཞིན་ཡོད་ཨང་བསམ་པའི་ཚོར་བ་ཞིག་མེ་ཕུང་བཞིན་འབར་བྱུང་། ང་ཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་འོག་ལ་ཡོད་པས་འགྲོ་བསམ་རུང་ཐབས་ཤེས་མི་འདུག། མ་ཟད་རང་ཁྱིམ་དུ་རང་ཉིད་དང་འབྲེལ་བའི་ལག་ཁྱེར་ཡོད་ཚོད་བཙན་འཕྲོག་བྱས་འདུག་པས་འགྲོ་ཐབས་ཤིག་ཡོད་པ་མ་རེད་ཟེར། ཁོང་གི་ཕ་མ་རྒན་རྒོན་གཉིས་ལོ་ཚོད་མཐོ་བའི་གོང་ལ་རང་ཉིད་ཀྱི་བུ་ཕྲུག་ཆུང་ཤོས་དེ་ས་མཐའ་ན་ཡོད་བསམ་དུས་ཅི་འདྲའི་དྲན་གདུང་ཞིང་དང་ཅི་འདྲའི་ཐུག་འདོད་ཅིག་ཡོད་རྒྱུ་རེད། མ་ཤི་ཚུན་ལ་ལན་གཅིག་ངོ་འཕྲོད་ཅིག་བྱུང་ན་བསམ་པའི་རེ་བ་ག་ཚོད་ཅིག་ཡོད་རྒྱུ་རེད། ཕ་མ་རྒན་འཁོགས་གཉིས་པོའི་བརྙན་དེ་བལྟས་ཀྱིན་རང་ཉིད་ཀྱི་མིག་མཐའ་ན་མཆུ་ཞག་འཁོར་ཞིང་རེ་བ་ཟད་པའི་གནས་ཚུལ་འདི་ཤེས་རྟོགས་བྱུང་དུས་གྲོགས་པོ་ཁོང་ལ་ཅི་ཡང་བཤད་མ་ཤེས་ལ་གང་ཡང་ལབ་རྒྱུ་ཟད་དེ་ཁོང་དང་ཡིག་འབྲེལ་ཡང་དེ་གར་མཚམས་བཞག་དགོས་བྱུང་།

ཁ་བའི་ནང་ན་སྡེ་འདབས་ཀྱི་ཁྱིམ་ཚང་དེ།



(ཕ་ཡུལ་ཁ་བས་གཡོག་པ་མཐོང་རྗེས།)

རི་འདབས་སྡེ་པའི་སྒོ་ཁྱི་ཚང་ནས་ཟུག
དུ་ཁྱིམ་རེ་ནས་དུ་ཞག་རིང་དུ་འཕེན།།
ས་གཞི་མ་ལུས་གྲང་འཁྱགས་དགུན་གྱིས་བཙིར།།
ཞོགས་པའི་ཕ་ཡུལ་དགུན་གྱི་ཁ་བས་ཁེབས། 

ཁ་བ་ལོ་རིང་ཁ་བའི་རུམ་ན་ཉལ།།
རྫ་ཆུ་དྭངས་མོ་ཁ་བའི་ལག་ན་རྒྱུ།།
རི་བརྒྱུད་གླང་པོ་ཁ་བས་ནན་གྱིས་མནན།
ཞོགས་པའི་ཕ་ཡུལ་ཁ་བའི་ཞིང་ཁམས་ཡིན།།

རྒྱ་ཕིབས་གསེར་མདོག་དངུལ་དཀའ་ཁ་བའི་བྱུག།
བྱ་འདབ་འོག་ཏུ་གངས་ཀྱི་འདབས་མ་བརྩེགས།།
ཁྱུང་འཕྱང་ཁ་ན་གཡེར་ཁའི་སྨྲ་ལྕེ་ཁུམས།།
ཞོགས་པའི་ཕ་ཡུལ་ཁ་བའི་ཕོ་བྲང་ཡིན།།

ནག་ཅིང་སྣུམ་པའི་ལམ་ཆེན་རེངས་ཤིང་འཁོབ།།
མཐོ་ལ་བརླིང་བའི་ཁང་རྩེགས་གྲང་ཤིང་འཁྱགས།།
ལྕང་མའི་མགོ་བོ་གངས་དཀར་འདབ་མས་གཡོག།
ཞོགས་པའི་ཕ་ཡུལ་ཁ་བའི་གྲོང་ཁྱེར་ཡིན།།

གོ་ཁའི་སྔུན་ན་མ་ཡུལ་བྲེལ་ཅིང་རྒྱུ།།
ས་ཐབ་ནང་ན་མེ་ཕུང་འུར་ཞིང་འབར།།
དྲོས་ཇ་རན་ཀྱང་ཨ་ཕས་སྔུར་སྒྲ་འདོན།།
ཞོགས་པའི་ཕ་ཡུལ་ཁ་བའི་ཁྱིམ་གཞིས་ཡིན།།

2017-2-24

དཀར་མཛེས་ཁ་བ་ལོ་རིང་།=ཁ་བ་གླང་རི། ཁ་བ་ལུང་རི་སོགས་འབྲི་སྟངས་མང།


རྫ་ཆུ།=དཀར་མཛེས་ནས་རྒྱུ་བའི་གཙང་པོ།།

སྐད་ཡིག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག



(རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་རྗེས་དྲན་མཚོན་བྱེད།)


སྐད་ཡིག་གསེར་ཐག་བཞིན་དུ་འགུལ་ལ་བརྒྱན།།
སྐད་ཡིག་རྣ་ལོང་ཇི་བཞིན་སྙན་དུ་འདོགས།།
སྐད་ཡིག་མིག་འབྲས་ལྟར་དུ་གཅེས་པར་བཟུང་།།
སྐད་ཡིག་ལག་པའི་བར་ནས་ཤོར་མི་རུང་།།

མ་སྐད་ཨ་མའི་སྙན་དབྱངས་རོལ་མོའི་ཚུལ།།
མ་སྐད་ངག་ནས་འཁྲོལ་བའི་མགྲིན་བཟང་ལས།།
མ་སྐད་ཚིག་ལ་བརྒྱུས་ཏེ་དབྱངས་སུ་བཀུག།། 
མ་སྐད་ཀ་མད་སུམ་ཅུ་བོར་མི་རུང་།།

ཕ་སྐད་དག་པ་སྨྲ་བའི་ཁ་ལྕེ་དགོས།།
ཕ་སྐད་ཇི་བཞིན་འབྲི་བའི་ལག་རྩལ་མཁོ།།
ཕ་སྐད་རྒྱུད་དུ་སྤྱོད་པའི་སྙིང་སྟོབས་དགོས།།
ཕ་སྐད་བརླག་པར་མ་བྱེད་ཕ་བཟང་བུ།།

རང་སྐད་རང་གིས་སྤྱོད་པའི་སྤོབས་པ་དགོས།།
རང་སྐད་གཞན་ལ་སྤེལ་བའི་མཁྱེན་རྒྱ་དགོས།།
རང་སྐད་གོང་འཕེལ་གཏོང་བའི་ཆོད་སེམས་དགོས།།
རང་སྐད་ཉམས་པར་མ་བྱེད་གངས་ཅན་པ།

སྐད་ལ་བག་ཆགས་འཇོག་ཙམ་བྱེད་དགོས་མེད།།
སྐད་ཡིག་འཕགས་ནོར་བདུན་ལྡན་ལག་ན་ཡོད།།
སྐད་ཅིག་ཡུན་ཐུང་ཙམ་ཡང་མ་ལྷོད་པར།།
སྐད་ཡིག་བདག་གཅེས་མཛོད་ཅིག་རིགས་ཀྱི་བུ།

གཞན་སྐད་དག་པ་སྨྲ་རུང་རང་སྐད་མིན།།
གཞན་སྐད་ཇི་བཞིན་ཤེས་རུང་ཕ་སྐད་མིན།།
གཞན་སྐད་མ་ལུས་མཁྱེན་ཀྱང་མ་སྐད་མིན།།
གཞན་སྐད་མ་ཡིག་ཚུལ་དུ་མ་སྤྱོད་རོགས།།

དབྱིན་སྐད་སྨྲ་ལ་སྤོབས་པ་ལོས་ཀྱང་དགོས།།
དབྱིན་ཡིག་འབྲི་ལ་བརྩོན་པ་མཁོ་ན་ཡང་།།
དབྱིན་སྐད་དེས་ནི་རང་སྐད་གསོད་བྱེད་པས།། 
དབྱིན་སྐད་དེ་ལ་གཟབ་པར་བྱེད་རོགས་ཨང་། 

རྒྱ་སྐད་ཤེས་ན་ཕན་ཚུན་སྟབས་ཀྱང་བདེ།། 
རྒྱ་སྐད་རྒྱག་ན་གོ་བརྡ་འཕྲོད་ཀྱང་སླ།
རྒྱ་སྐད་འདི་པས་རང་སྐད་གཏོར་སྲིད་པས།།
རྒྱ་སྐད་འདི་ལ་དོགས་ཟོན་བྱེད་རྒྱུ་གལ།།

མེས་པོའི་གཅེས་ནོར་ཕ་སྐད་ལམ་ནས་འཛིན།།
མེས་པོའི་ཤུལ་བཞག་སྲུང་ཞིང་ཉར་བ་བྱ།།
མེས་པོའི་མཛོད་ལ་ཇི་བཞིན་མངའ་རྙེད་པ།།
མེས་པོའི་བུ་ཚ་ཡང་དག་བགྱིས་ཤིག་བུ།།

བོད་ཀྱི་མི་ལ་བོད་སྐད་རྒྱག་རོགས་གནོངས།།
བོད་ཀྱི་ཡུལ་ལ་སྐད་ཡིག་བཀོལ་རོགས་གནོངས།།
བོད་ཀྱི་སྐད་ལ་སྲུང་སྐྱོབས་མཛད་རོགས་གནོངས།།
བོད་ཀྱི་སྐད་ཡིག་དར་སྤེལ་བྱེད་རོགས་གནོངས།།



2017-2-21

མ་ཧེ་དང་ཐུག་པའི་ལེའུ།




ཉི་མ་ནུབ་རི་རྒྱབ་ནས་ཕྱེ་ཙམ་ཞིག་མངོན་འདུག།
ཁྲག་དམར་རླན་གྱིས་ཕྱི་ནང་ཚོས་པ་དེ་ཨེ་ཡིན།
དམར་ལ་འོད་མདོག་སྐྱོ་བའི་རྒས་ཉམས་ཤིག་བཟུང་སྟེ།།
བདག་སོགས་སྣོད་བཅུད་གཉིས་ཀ་དམར་ནག་ཅིག་བཟོས་བྱུང་།། 

རྐང་སྣེས་འཕྲད་ལམ་གཅོད་བཞིན་བག་ཡངས་སུ་རྒྱུ་བ།།
དགྲ་བཅོམ་ཕེབས་ལུཌ་མིན་ཡང་གཤིས་འཇམ་གྱི་ཚུཌ་ཡོད།།
མཐོང་ན་མི་མཐུན་མེད་པ་འདི་རིགས་ལ་ཟེར་སྙམ།།
ལྟ་མཁན་སུ་ཡང་མ་བྱུང་སྐྱོ་སྐྱོ་ཞིག་བྱུང་སོང་།།

ཡ་གི་སྤང་ཁུག་དེ་ན་ཟོག་ཁྱུ་ཞིག་འཛོམས་ནས།།
ས་ལ་མགོ་བོ་དྲུད་བཞིན་ལྷོད་པོ་ཞིག་སྡོད་འདུག
རྭ་རྩེ་གྱེན་དུ་གཟེངས་བའི་བླང་རྒན་དེས་བལྟས་བྱུང་།།
སྒྲ་མེད་གསང་བརྡ་སྤྲོད་འདྲ་ཚང་མ་དེ་འདྲོགས་སོང་།།

རྭ་ལེབ་མ་ཧེ་ཚོན་པོ་ཕོ་ཤེད་དེ་ཚ་བ།།
ཕྲ་ཐུང་རྔ་མ་དེ་ཡང་གཡུག་གཡུག་འདྲ་བྱས་ནས།།
རྒྱུག་དང་མཆོང་གྲགས་བྱས་པའི་སྟ་གོན་དེ་བྱས་པས།།
བླ་རྒན་སྐྲག་འགོ་དེ་ཡང་འདི་ཉིད་ནས་ཚུགས་བྱུང་།།

དཔའ་མདོག་ཁྱི་ལ་བཟོ་དགོས་བཤད་ཚུལ་དེ་ཡོད་རུང་།།
རྫིག་མདོག་ཟོག་ལ་མི་འགྲོ་ངེས་གཏན་དེ་ཡིན་པས།།
ལྐུག་རྟགས་ལོ་དགུ་སྟོན་ན་སྡུག་གྱོང་དེ་མྱོང་སྲིད།།
དེ་དུས་དེ་ན་ངུས་ཀྱང་སྐྱབས་མཁན་ཞིག་མེད་ངེས།།

དེང་གི་སྤྱི་ཚོགས་གྲས་ན་གྲྭ་བླ་དག་སྡང་བ།།
མ་འགྲིག་ཉེས་དགུ་ཐམས་ཅད་མགོ་བོ་ལ་གཡོག་དུས།།
བསམ་མེད་ཟོག་ཁྱུ་ཞིག་གིས་སྡང་ལུཌ་འདི་མཐོང་སྐབས།།
ཅུང་ཙམ་མ་བདེ་ཟོལ་གྱིས་སྐྱོ་བ་ཞིག་སྐྱེས་བྱུང་།།

མགོ་རིལ་དཔུང་རྗེན་ཙམ་ནི་གང་ན་ཡང་འདུག་པས།།
རིག་མྱོང་རྩ་ནས་མེད་ཚུལ་བཟོ་ལྟ་དེ་ཅི་ཡིན།།
ས་གཞི་ནགས་ཚལ་མ་ལུས་དམར་མདོག་གིས་ཁྱབ་ཀྱང་།།
ཁོ་བོའི་གོས་གཟན་དམར་ལ་སྡང་སྟངས་དེ་ཅི་ཡིན།།

མ་རྡུང་རྡོག་རྫི་ཐེབས་ཀྱང་གསོན་ཐབས་དེ་དཀའ་བས།།
ག་ལེར་འགྲོ་མཚམས་གཅོད་བཞིན་བློ་ཐབས་ཤིག་འཐེན་རུང་།།
ཕྱི་ལ་བྲོས་རྒྱུ་དེ་ལས་བཀོད་པ་ཞིག་མ་རག།
སྡར་མ་བྲོས་སྟངས་དེ་ནི་ད་རེས་ཡིན་བསམ་བྱུང་།།

ཕྱི་ལྟས་ལན་གཅིག་མ་བྱས་ཤར་རེ་དེ་རྒྱུག་པས།།
རྐང་སྣེ་རྡོ་ལ་ཐོགས་ནས་གད་ཞབས་ན་ལྷུང་སོང་།།
མ་ཧེའི་རང་རྗེས་གསལ་བའི་འདམ་སྙོག་དེའི་ནང་ན།།
བདག་གིས་སྐུ་ལུས་རྗེན་པའི་རང་རྗེས་དེ་དཔར་བཞག།

ཕྱི་གོས་འཐུམ་བརྒྱབ་བྱས་ཏེ་རང་གནས་སུ་ལོག་པ།།
ཇག་བཅོམ་བཙན་རྒོད་ཁ་ནས་སྟོང་ལོག་དེ་འདྲ་བ།།
མགོ་ལུས་ཡོངས་སུ་དྲི་ངན་ན་འདམ་ཡིས་འགོས་ལུགས།།
གསོ་ཕག་སྐྱག་དོང་ཁ་ནས་འབུད་ཚུལ་དེ་དྲན་བྱུང་།།

སྟག་དང་འཐབ་ནས་ཤི་རུང་སྐད་གྲགས་རེ་ཡོད་ངེས།།
གླང་ཆེན་ཁ་ནས་མཐར་ན་དཔའ་གཏམ་རེ་བཤད་ཆོག
མ་ཧེ་ཁྱུ་ཞིག་དོ་ཡང་ལོ་རྒྱུས་ཞིག་མིན་པས།།
བྲོས་པའི་རྣམ་ཐར་འདི་ནི་ལེགས་པོ་རང་བྱུང་ཤག

2017-2-11 

རི་འགོ་ན་སྨུག་པ་དེ།



རི་འགོ་སྨུག་པ་ཁ་བ་བཞིན་དུ་བབ།།
སྨུག་སྤྲིན་གསེང་ན་གླང་པོ་ཁྱུ་ཞིག་རྒྱུ།།
ཞོགས་པ་འདི་ནི་ཞོགས་པ་མ་ཡིན་སྟེ།།
ས་གཞི་མ་ལུས་མུན་པའི་ཕྱོགས་སུ་འདེད།།

ལྗོན་ཤིང་སྣ་ཚོགས་གཉིད་ཀྱི་ཞིང་ཁམས་འགྲིམ།།
སྨྱུག་འདབ་རྩེ་ནས་ཟིལ་བའི་ཐིགས་པ་ལྷུང་།།
ས་གཞི་ངོས་ན་ཀོང་བུ་བརྒྱད་ཅུ་བྲུས།།
རང་བྱུང་ཁམས་ཉིད་ག་ལེ་ག་ལེར་འགྱུར།།

གནམ་གྱི་རྒྱ་མོ་སྔོ་ཉམས་སྟོན་དུ་མེད།།
ཁྲི་གདུགས་ཉི་མ་འཛུམ་སྐལ་མ་ཡོད་པས།།
ནག་ཅིང་སྟུགས་པའི་ནགས་ཁྲོད་གྲུ་བཞི་ན།།
རྐང་འགོ་བལྟས་ནས་དལ་གྱིས་དལ་གྱིས་སྐྱོད།།

རྣ་གཤོག་གཉིས་ལ་ལག་མཐིལ་རེས་ཀྱིས་སྦྱར།།
ལག་པའི་སྙིམ་པར་ཁ་རླངས་ཧར་ཧར་བཏབ།།
ཕུ་ཐུང་ངོས་སུ་སྣ་ཆུ་འཛར་ར་ར།།
འཁྱགས་ཤིང་འཁྱགས་ན་འདི་འདྲ་ཡོང་རྒྱུ་གདའ།།


2017-2-9

གཤིན་རྗེ་དུར་ས་ནས་གླུ་འདི་བླངས།



རི་འདབས་ནགས་ཀླུང་སྟུག་པོ་གོས་སུ་ཀླུབས།།
རི་སྐེད་སྨུག་པ་འཁྱིལ་ཞིང་ལྷག་རླུང་ལྡང་།།
རི་འགོ་གནམ་ལ་ཟུག་ཅིང་བརྗིད་པ་འདི།།
རི་རྒྱལ་ལྷུན་པོ་དེ་དང་ནོར་ས་ཡོད།།

ཆར་ཆུ་མི་ཁོག་ཐིགས་པས་རི་མོ་བྲིས།།
ལྷག་རླུང་མི་བཀག་ཤུར་ཤུར་གླུ་སྒྲ་གྱེར།།
ཉི་ཟེར་ཉག་ཕྲ་ཁུང་བུ་བརྟོལ་ཞིང་རྒྱུ།།
ཁང་གོག་འདི་ནི་ཁང་པ་མ་ཡིན་སྙམ།།

སྒེའུ་ཁུང་གྲུ་བཞིར་ལྕགས་ཀྱི་དྲ་མིག་གཡོགས།
སྒོ་ཆུང་ནག་རལ་ཟྭ་ཡི་རྟགས་ཐམ་མནན།།
མལ་ས་དེ་ལས་ཁྱིམ་ཆས་མ་ཡོད་ནའང་།། 
བདག་པོ་ཡོད་མདོག་རྐུན་རྒོད་འགོག་ཟོལ་བྱས།།

སྡོམ་ཐག་དྲ་བའི་ཉ་རྒྱ་བླ་བྲེ་ཕུབ།།
གྲོག་ནག་ཁྱུ་འདུས་མགྲོན་པོ་འུར་འུར་འདུར།།
མཚན་གསོལ་མ་ཤེས་སྣ་ཚོགས་འབའ་འབུས་གང་།།
འདི་འདྲ་དེ་ནི་འདྲེ་ཁང་ཨེ་ཡིན་སྙམ།།

ཉི་ནུབ་ཙམ་ལ་ཁྭ་ཏས་ཐན་སྐད་འབྱིན།
མཚན་ཕྱེད་དེ་ན་སྟག་གི་ཧར་སྒྲ་འདོན།། 
ནམ་སྟོད་ཟིན་ན་གླང་གིས་དུང་ཆེན་འབུད།།
དབེན་གནས་ཡིན་ནམ་གཤིན་རྗེའི་དུར་ས་ཡིན།།

འཚུབ་རླུང་རྒོད་དུས་སྡོང་རྒན་དེའང་སྒུལ།།
འུར་ཆེན་ཞིག་གིས་ཁོག་གོག་སྒྱེལ་ལ་ཁད།།
དཔའ་བོ་ཡིན་རུང་བླ་འདར་ས་ཟད་བསྒྱུར།།
སྐྲག་ནས་ཁུམ་པའི་ལུས་ཀྱང་ཇེ་ཐུང་སོང་།

ཉི་སེར་མགོ་ཐད་སླེབས་རུང་དྲོ་རྒྱུ་མེད།།
དུང་ཟླ་ཉལ་གང་ཚེས་རུང་བསིར་སྣང་བྲལ།།
ཧུབ་འཐུང་སྐར་མ་ཤར་དུས་ཉལ་ཚད་ཡིན།།
མཚན་མའི་འཇིགས་སྐྲག་དེའང་འདི་ནས་ཚུགས།།

ཤི་ནས་འགྲམ་རུས་ངོས་སུ་རྩ་ལྡུམ་སྐྱེས།།
ལྷུ་ཚིགས་དགུ་འཐོར་ས་ཡི་གཏིང་དུ་ནུབ།།
མགོ་རིས་གད་ཁ་དེ་ནས་ཕྱེད་ཙམ་མངོན།།
གནས་འདིར་འཆི་ན་འདི་བཞིན་ལོས་ཀྱང་ཡིན་།།

སྒོམ་ཆེན་ཡིན་ན་འདི་ནས་ས་ལམ་ཟིན།
གྲུབ་ཐོབ་འདོད་ན་འདི་ནས་གཅེར་རྒྱུག་ཆོག།
སྨྱོ་འདོད་ཡོད་ཚེ་འདི་ན་ཁེར་འདུག་བགྱིས།།
ཞག་གསུམ་མཐའ་ན་མཆོག་གི་དངོས་གྲུབ་རྙེད།།

རྩ་གསུམ་ལྷ་ཚོགས་མདུན་གྱི་ནམ་མཁར་བསུས།།
དཔའ་བོ་མཁའ་འགྲོ་བར་སྣང་ཁྱོན་དུ་འབོད།།
དྲེགས་པའི་དམག་ཚོགས་རྒྱ་མཚོའི་མཐའ་ནས་བཀུག།།
ཞིང་ཁམས་འདི་ནས་ཤར་མར་ཤོག་ཐོག་བྲིས།།
2017/2/3

ཧུབ=ཡུལ་སྐད། ཐུག་པ་ལ་གོ 

སྐར་མ་དེ་ཤར་དུས་དགོང་མོའི་ཐུག་པ་འཐུང་རན་པས་<ཧུབ་འཐུང་སྐར་མ་>ཞེས་མིང་དེ་ལྟར་བཏགས་འདུག

སེ་རའི་འཇང་དགུན་ཆོས་པ་དག་ལ་ཆེད་དུ་སྤྲིངས།


རིགས་པའི་བརྡར་ཤ་གཅོད་པའི་ཆོས་གྲྭ་ན།།
རིགས་ལམ་རླབས་ཀྱི་ཕྲེང་བ་མགོ་ནས་སྐོར།།
རིགས་པའི་གློག་འགྱུ་ཁྱུག་པའི་གར་སྟབས་ཅན།།
རིགས་སྨྲ་ཁྱེད་རྣམས་གུས་པས་འདུད་ས་ཡིན།།

གནས་མཆོག་དེ་ནི་དགོན་པ་ཙམ་ཞིག་མིན།།
དགོན་སྡེ་དེ་ཡང་ཆེ་བ་ཙམ་ཞིག་མིན།།
ཡུལ་སྡེ་ཀུན་ལ་ས་གྲགས་གནམ་གྲགས་ཅན།།
གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཡིན།།

གཞུང་ལུགས་ཆེན་མོ་ཤེས་རྒྱ་མཐོང་རྒྱ་ཙམ།།
རྩོད་པ་དགོས་ན་རིགས་ལམ་མྱུར་མོ་ཙམ།།
འཆད་ལ་ཐུག་ན་ཁ་ལྕེ་བདེ་བ་ཙམ།།
དེ་འདྲ་ཙམ་ཞིག་མ་བསམ་ཞིབ་ཏུ་ལྟོས།།

ཐོས་པའི་དོན་ཉིད་བསམ་པས་གཏིང་དུ་སྐོར།།
བསམ་དོན་མཐའ་དག་རྒྱུད་ཀྱི་རུས་ལ་སྦྱོར།།
སྒོ་གསུམ་ཉོན་མོངས་བསླབ་པའི་རྒྱ་ལ་འཆུད།།
གནས་མཆོག་དེ་ན་སྐྱེས་ཆེན་རི་འདྲ་ཡོད།།

མཁས་པ་ཟེར་བ་ས་ཕྱོགས་ཀུན་ལ་ཡོད།།
སྨྲ་བསམ་བརྗོད་མཁས་གནའ་དང་ད་ལ་ཡོང་།།
ཇི་ཙམ་མཁས་ན་དེ་ཙམ་ཞི་ཞིང་དུལ།།
གནས་མཆོག་དེ་ཡི་ཁྱད་ནོར་ཉག་གཅིག་ཡིན།།

རྩོད་པའི་ཚེ་ན་གང་ཡང་ལབ་ཀྱང་འགྲིག།
འགལ་འདུལ་ཅན་ལ་ལུང་གིས་རྡུང་ཡང་ཆོག
ལུང་ཚིག་སྐྱོར་ན་བསོད་གྲགས་མ་ཟེར་ཨང་།།
གདན་ས་སེ་རའི་སྐྱེས་ཆེན་འཁྲུལ་མེད་ཡིན།།

གཞུང་ལུགས་དྲངས་དུས་གུས་པས་མཚན་དངོས་སྨོས།།
བཅའ་ཡིག་ཟེར་ནས་ཚིག་རྩུབ་མ་གནང་དང་།།
གདན་ས་སེ་རའི་སྐྱེས་ཆེན་རི་བོ་དེའི།།
ཟབ་ཅིང་བརླིང་བའི་ཕྱག་རྩོམ་ངོ་མ་ཡིན།།

མཇལ་བ་ཙམ་ལ་དད་པ་འཕེལ་འགྱུར་བ།
རྒྱལ་ཚབ་ཁྲི་ཟུར་ད་དུང་དེ་ན་ཡོད།།
གོ་སྐབས་ཡོད་དུས་ལན་གཅིག་མཇལ་བར་བྱོས།།
ཕྱི་ཆོད་དུས་ན་མཇལ་སྐལ་ཡོད་རེ་དཀོན།།

སྐུ་ཤ་སྐམ་རིད་སྙུང་གཞི་བཞེས་ན་ཡང་།།
རྣམ་ཐར་མཇལ་ན་དད་པའི་སྤུ་ལོང་གཡོ།།
གྲྭ་རྐྱང་ཞིག་གི་མི་ཚེ་སྐྱེལ་བའི་བུ།།
དགའ་ལྡན་ཁྲི་ཆེན་མཇལ་རྒྱུ་མ་བརྗེད་ཨང་།།

གོ་ཐོབ་སྤྲོད་ན་མི་མཉེས་རྣལ་འབྱོར་པ།།
ངན་ངོན་འཚོ་བ་རྒྱུན་དུ་རྟེན་པར་མོས།།
དབུ་སྐྲ་དཀར་ཡང་རིགས་པའི་དཔའ་བོ་ཆེ།།
དཔལ་ལྡན་གྲགས་པ་མཇལ་རྒྱུ་རག་ཐབས་བྱོས།།

མི་དགའ་གཏམ་གྱིས་སུན་གཙེར་བཟོས་ན་ཡང་།།
རྒྱལ་བའི་རྗེས་སུ་ཤ་འབྱར་རུས་འབྱར་མཁན།།
གནད་ལ་ཐུགས་དུས་རང་ཚུགས་ཡོད་པའི་མི།།
ཡོངས་འཛིན་གླིང་སྤྲུལ་མཇལ་རྒྱུ་མ་བརྗེད་ཨང་།།

གཞུང་ལུགས་དཔེ་སྐྲུན་མང་བ་ཙམ་ཡང་མིན།།
ཞིབ་ཕྲ་དག་ཐེར་མཛད་བཟང་བཀའ་དྲིན་ཅན།།
བློ་གླིང་དཔེ་ཚོང་སྒོ་མོ་ཕྱེས་ཡོད་ན།།
ཞར་དང་ཞོར་ལ་ཡང་ཡང་གཟིགས་པར་མཛོད།།

འདུ་ཁང་ཆེ་ཡང་ཨར་མདམ་རྣོ་སྐུད་ཙམ།།
ཆོས་གྲྭ་མཐོ་ཡང་ལྕགས་གདུང་ལྕགས་ལེབ་ཙམ།།
དེ་ཙམ་མཇལ་ན་འགྲིག་ཤག་མི་གནང་བར།།
སྐྱེས་ཆེན་དག་ལ་གུས་པས་མཇལ་བར་བྱོས།།

པེ་ཧར་རྒྱལ་པོ་གོ་ཐོབ་བཟང་ན་ཡང་།།
ངེད་ཅག་ལ་ནི་སྡོངས་གྲོགས་བྱེད་རེ་དཀའ།།
ན་ནིང་ད་ལོར་ལྷ་རྐུབ་བུད་གྲགས་ལ།།
མ་མཇལ་ན་ཡང་ལྟས་ངན་ཡོང་དོགས་མེད།




2016-2-8

བཀྲ་ཤིས་གཡང་བྱ་ཚེས་བྱུང་།




སྤྲེལ་ལོ་ཡལ་ནས་བྱ་ལོ་གསར་པ་ཚེས།།
ལོ་རྙིང་ཟད་ནས་གནམ་ལོ་གསར་པ་ཤར།།
སྔ་ལོ་རྫོགས་ནས་ད་ལོའི་ལོ་འགོ་ཚུགས།།
འདི་ལོའི་བྱ་ལོ་ལྷ་བྱ་གཡང་ལོ་ཡིན།།

མེ་མོ་བྱ་ལོ་བཀྲ་ཤིས་དབྱངས་དང་འགྲོག།
ཕ་མ་སྐུ་ཚེ་སྔ་ལས་རིང་ཞིང་བརྟན།།
ཁ་ཏོན་དགེ་སྦྱོར་གནའ་ལས་ད་གི་ཡག།
བདེ་སྐྱིད་དཔལ་ཡོན་རྟག་ཏུ་ཐོབ་པར་ཤོག

མེ་མོ་བྱ་ལོ་བདེ་ལེགས་ཆར་དུ་སྙིལ།།
ཁྱིམ་མི་མཉམ་འཛོམས་དགའ་སྐྱིད་དཔལ་ལ་རོལ།།
ལྷན་འཛོམས་ཉི་མ་སྔ་ལས་ལྷག་ཏུ་ཤར།།
ཚེ་རིང་ནད་མེད་རྟག་ཏུ་ཡོང་བར་ཤོག།

མེ་མོ་བྱ་ལོ་ཕུན་ཚོགས་དཔལ་དང་མཉམ།།
སྐྱེས་ཕོ་ཐམས་ཅད་དགྲ་ལྷའི་དཔུང་དང་འགྲོག།
སྨན་མོ་ཀུན་ལ་མཛའ་བརྩེ་ཆར་རྒྱུན་འབབ།།
རྒྱུ་འབྱོར་བདེ་སྐྱིད་རྟག་ཏུ་ཡོང་བར་ཤོག།

མེ་མོ་བྱ་ལོ་ནོར་ལྷ་དེ་དང་འགྲོག།
ཁྱིམ་ནོར་འཕེལ་བ་ཀླུ་དང་མཉམ་པར་ཤོག།
འབྲུ་ནོར་རྒྱས་པ་ལྷ་དང་མཉམ་པར་ཤོག།
ཁ་དྲོ་བཀྲ་ཤིས་རྟག་ཏུ་ཡོང་བར་ཤོག།

2017-2-27

2017/04/09

ང་སྲོང་བཙན་ཆུ་སྒང་འོས་མི་ལ་མི་ལང་དོན་འདི་ཡིན།



ཉེ་ཆར་དབུས་ཆུ་བཞི་སྒང་དྲུག་གི་སྔོན་འགྲོ་འོས་བསྡུ་བྱས་ཏེ་དངོས་གཞི་འོས་མི་ཡང་བཀྲམས་ཚར་འདུག མནའ་དེང་ཤེས་ཡོན་གཉིས་ཅན་དང་དེང་རབ་ཀྱི་སློབ་གསོ་ཐོབ་པའི་ན་གཞོན་ཡང་མང་པོ་ཞིག་སླེབས་འདུག་སྟབས་ཧ་ཅང་དགའ་བ་ཙམ་མ་ཟད་དངོས་གཞི་ལ་གདམ་ག་མ་ནོར་བ་ཞིག་བྱེད་དགོས་ཨང་བསམ་པ་ཞིག་བྱུང་། 

སྔོན་འགྲོའི་འོས་བསྡུ་དང་ཉེ་སྐབས་དེར་འོས་མི་ཁྱབ་བསྒྲགས་དང་རང་ཉིད་ལང་གི་ཡིན་ཟེར་མཁན་སོགས་ཧ་ཅང་མང་བས་གང་ཞིག་འདེམ་དགོས་མིན་ཡང་ཚོད་མི་ཐིག་པ་འདྲ་ཞིག་བྱུང་སོང་། གང་ཡིན་ཟེར་ན་འོས་མི་མང་པོ་ཞིག་ཆ་རྐྱེན་འཛོམས་ལུགས་དང་བསམ་སྤྱོད་ཁུར་སྟངས་སོགས་ཧ་ཅང་ཚད་མཐོན་པོ་འདུག་ལ། དེང་རབས་ཀྱི་སློབ་གསོ་ལེགས་པོར་ཐོབ་ཡོད་མཁན་མང་བས་དབུས་ཆུ་སྒང་དེ་སྔ་ལས་འཕེལ་རྒྱས་དང་སྔ་ལས་ཚགས་ཚུད་ཡོང་ངེས་སྙམ་པ་ཞིག་འདུག སྐབས་དེར་ང་ལ་ཁྱེད་འོས་མི་ལ་ལང་ན་ཡག་པོ་ཡོད་ཚུལ་གསུང་མཁན་རེ་གཉིས་བྱུང་ཡང་། ཕྱིར་ལན་ཞིག་གང་ཡང་རྒྱག་མེད། ངས་ནི་རྩེད་མོ་ཞིག་ལས་དངོས་ཡོད་ཡིན་པར་གཏན་ནས་བསམ་མེད། དེའི་རྗེས་སུ་ད་ལྟའི་དབུས་ཆུ་སྒང་རྒྱུན་ལས་ཀྱི་མི་སྣ་དང་མདོ་སྟོད་ཚང་གི་བཀུར་འོས་གནད་ཡོད་མི་སྣ་མི་ཉུང་བ་ཞིག་གིས་སྒེར་གྱི་འབྲེལ་ལམ་བརྒྱུད་འོས་མི་ལ་ལང་ཐུབ་ན་ཡག་པོ་ཡོད་ཚུལ་དང་དེ་འབྲེལ་གྱི་གནས་ཚུལ་དང་ལམ་སྟོན་གང་མང་གསུང་གནང་བྱུང་། སྐབས་དེར་གཞི་ནས་ངས་རང་གི་བསམ་ཚུལ་དེ་མ་ཞུས་པར་གོ་མེད་ཚོར་མེད་ངང་བཞག་ན་འགྲིག་ཐབས་མེད་པར་ཤེས་བྱུང་བས། ཁོང་རྣམ་པར་བསམ་ཚུལ་ཞུས་པ་ཙམ་མ་ཟད། རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་ཚུལ་ད་ལྟའི་དངོས་ཡིད་ཀྱི་དཀའ་ངལ་ཡང་ཆ་ཚང་ཞུ་རྒྱུ་བྱུང་སོང་། 

ངས་ལོ་ཆ་ཤས་གོང་ནས་ཆུ་སྒང་འོས་བསྡུ་དེ་སྣང་མེད་དང་གོ་ཚོར་མེད་པར་དེ་མུར་བཞག་ན་མདོ་སྟོད་སྤྱི་ལ་གྱོང་ལས་ཁེ་ཞིག་མི་འདུག་ཅེས་བཤད་མྱོང་ལ་དེ་བཞིན་རང་ཉིད་ནས་ཀྱང་འོས་འཕེན་གྱི་ཆ་ཤས་བླངས་ཏེ་ཕྱར་བ་གྲུ་འདེགས་བྱས་ཁུལ་ལ། ད་དུང་འབྲེལ་ཡོད་ཚོར་འོས་འཕེན་གྱི་ཆ་ཤས་ལེན་ཐུབ་ན་ཡག་པོ་ཡོད་ཚུལ་གྱི་བསམ་ཚུལ་དང་དྲན་གསོ་གཏོང་ཐབས་བྱས་པ་ཡིན། ལྷག་པར་དུ་དབུས་ཆུ་སྒང་གི་སྤྱི་ཚོགས་ཞབས་ཕྱིའི་ལས་དོན་དང་ཆབ་སྲིད་རང་བཞིན་གྱི་ལས་ཀ་མང་པོ་ཞིག་ན་ནིང་ད་ལོ་སྤྱི་ཚོགས་སུ་ཁ་ཇེ་གསལ་དང་མདོ་སྟོང་མི་མང་ཚོ་ཡང་མགུ་པོ་འབྱུང་གི་ཡོད་སྟབས། ཚོགས་པ་འདི་སྔ་ལས་གོང་འཕེལ་གྱི་གཞི་རྩ་ཡོད་ཐོག་དེར་རང་ངོས་ནས་སྒྲུབ་ཐུབ་པ་ཞིག་ཡིན་ན་སྒྲུབ་དགོས་ངེས་ཤིག་ཡིན་པར་བསམ་གྱི་ཡོད། འོན་ཀྱང་རང་ཉིད་ནས་འོས་འཕེན་གྱི་ཆ་ཤས་བླངས་ཏེ་ཞབས་འདེབས་ཞུ་རྒྱུ་ཙམ་ལས་འོས་མི་ལ་ལང་ཐུབ་པའི་སྤོབ་པ་དང་ནུས་པ་ཞིག་མེད་པར་རང་ཉིད་ལ་ཆ་རྒྱུས་ཆེན་པོ་ཡོད། འདི་ནི་ངས་དཔའ་ཁུམ་པ་དང་རང་ཉིད་ལ་ཡིད་ཆེེས་མེད་པ་ཞིག་གཏན་ནས་མིན། 

ཆུ་སྒང་ཚོགས་པ་འདི་ད་ཆ་དུས་རབས་གསར་པའི་ལམ་དུ་ཡོད་པས་རྒྱུན་ལས་ཚོ་ཡང་དུས་རབས་ཀྱི་ཤེས་ཡོན་ཐོབ་པ་ཞིག་ཡོང་ཐུབ་ན་ཚོགས་པའི་འཛིན་སྐྱོང་ཚགས་ཚུད་དང་ཕྱི་འབྲེལ་བྱེད་ཐབས། རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་དང་འགྲོགས་ཏེ་ཚོགས་པའི་ལས་དོན་གྱི་ཁ་ཕྱོགས་ཇི་བཞིན་འགྲོ་ཐབས། དབུས་སྒྲིག་འཛུགས་ལ་ཕྱོགས་གང་ཐད་ནས་གཞོགས་འདེགས་དང་མཐུན་འགྱུར་ཞུ་ཕྱོགས། མདོ་སྟོད་ནང་ཁུལ་ཆིག་སྒྲིལ་ལེགས་པོར་ཆགས་རྒྱུ་དང་དཀའ་ཁག་སོ་སོར་སེལ་ཐབས་བཅས་ལ་ནུས་པ་གསར་པ་དང་སྟོབས་ཤུགས་གསར་པ་ཡོང་རྒྱུ་ངེས་པས་སྔ་བཞིན་ཕོ་ཤེད་དང་ཨུ་ཚུགས་ཁོ་ནར་ལ་བརྟེན་མི་དགོས་པར་དེང་རབས་དང་འཚམ་པ་ཆགས་རྒྱུ་རེད།

ང་ལ་རེ་བ་དང་རྨི་ལམ་འདི་འདྲ་ཡོད་རྐྱེན་རང་ཉིད་ལྟ་བུ་དེང་རབས་ཀྱི་སློབ་གསོ་དང་ཤེས་ཡོན་ཐོབ་མེད་ཅིང་དགོན་སྡེ་སློབ་གསོ་ཁོ་ནས་མི་ཚེ་སྐྱེལ་ཏེ་ཡོང་བ་ཞིག་གིས་སྤྱི་ཚོགས་ཆེན་པོ་ཞིག་གི་ཚོགས་པའི་དབུར་སྡོད་རྒྱུ་དེ་འོས་འཚམ་ཞིག་མཐོང་གི་མི་འདུག་ལ། གལ་ཏེ་ཨུ་ཚུགས་ཀྱིས་འཛུལ་ནའང་གྲུབ་འབྲས་ཐོན་རྒྱུ་བཞག་ནས་མདོ་སྟོད་ཚོང་གི་གཞོན་རབས་ཤེས་མྱོང་ཅན་དག་གི་ལམ་བུ་བཀག་རོགས་ཤིག་ལས་དགེ་མཚན་ཞིག་མ་རིག་སྟབས་འོས་མི་ལ་ལང་རྒྱུ་བསམ་བཞིན་མེད། སླད་ནས་ཀྱང་བསམ་ཚུལ་འདི་རང་ཡིན་པས་སྤྱི་པའི་སྡིངས་ཆ་གལ་ཆེན་འདི་ཚོ་བེད་སྤྱད་དེ་རང་ཉིད་ཆེན་པོ་ཆགས་ན་བསམ་པ་རྨི་ལམ་ཚུན་དུ་ཡོང་རྒྱུ་མིན་པར་ཁ་གསལ་པོ་ཡིན། 

བཀུར་འོས་གནད་ཡོད་མི་སྣ་ཚོས་གུས་ལ་བོང་བ་གསེར་གཟིགས་གནང་བ་དེས་ང་རང་སེམས་འགུལ་ཐེབས་པོ་བྱུང་། ཁྱེད་ཅག་གིས་ངེད་ལ་རེ་བ་དང་གཟིགས་པ་གནང་དོན་ཅི་ཡིན་ངེད་ཀྱིས་མ་ཤེས་པ་མིན། འོན་ཀྱང་མི་ཚེ་རང་དབང་གིས་སྐྱེལ་རྒྱུ་ཙམ་དང་རང་དབང་གི་རྩོམ་འབྲི་བ་ཞིག་བྱ་བསམ་པ་ཁོ་ན་ལས་སྒྲིག་འཛུགས་ཤིག་གི་འོག་ནས་ལས་དོན་བྱ་རྒྱུ་འདི་ངེད་རང་ལ་འཕྲོད་པོ་མི་འདུག་ལ་དེ་འདྲ་ཞིག་བྱུང་ན་བསམ་པ་ནམ་ཡང་མེད། མ་ཟད་རང་ཉིད་ད་སྐབས་སློབ་གཉེར་བྱེད་སྒང་ཡིན་སྟབས་དུས་ཚོད་སློབ་སྦྱོང་ཐོག་ཏུ་གཏོང་གང་ཐུབ་བྱེད་པ་ལས་འགན་འཁྲི་ལྕི་ལ་གལ་འགངས་ཆེ་བའི་དབུས་ཆུ་སྒང་ཚོགས་པ་ལྟ་བུའི་འགན་ཁུར་བ་ཞིག་བྱེད་ཐུབ་པ་མི་འདུག ང་ནི་མི་རྒྱུ་མ་རིང་པོ་ཅན་དང་ཁ་གཅིག་གིས་ཉ་གཉིས་འཛིན་ཐུབ་མཁན་དེ་གྲས་མིན་སྟབས་གཅིག་འཇུ་ན་གཅིག་ཤོར། འགོ་ནས་འཇུ་ན་སྔ་མ་གློད་བཞག་མཁན་དེ་འདྲ་ཡིན་པས་སྤྱི་སྒེར་གཉིས་ཀ་ལ་གྱོང་བཟོ་རྒྱུ་ལས་ཡག་ག་ཞིག་མི་ཡོང་། དེར་བརྟེན་འོས་མི་ལང་རྒྱུ་དེ་སྔ་ཕྱི་བར་གསུམ་གང་དུ་ཡང་བཤད་རྒྱུ་འདི་རང་ཡིན། འོན་ཀྱང་རང་ནུས་བེད་སྤྱད་དེ་མདོ་སྟོད་ཚང་ལ་ཞལ་འདེབས་ཞུ་ཐུབ་པ་ཞིག་ཡིན་ན་ཕྱི་ནུབ་རྟ་རྔ་ཙམ་མེད། སྔ་ནས་བཤད་མྱོང་བ་བཞིན་གསོན་ན་ཁམས་པའི་མི་དང་ཤི་ན་ཁམས་པའི་འདྲེ་ཡིན་ལབ་པ་ད་ལྟ་ཡང་དེ་ག་བསམ་གྱི་ཡོད། གནས་ཚུལ་འདི་འདྲ་བའི་འོག་ནས་ང་རང་གིས་བྱེད་ནུས་པ་དེ་ཚོ་བྱེད་རྒྱུ་དང་ཐུགས་ཕན་སོས་པ་ཡོད་ན་བསམ་ཚུལ་དང་རྨོངས་འཆར་རྟག་ཏུ་འབུལ་ཆོག མ་ཟད་ཀླད་པ་དཀྲུགས་ཏེ་རྩོམ་ཡིག་འབྲི རྩོམ་འབྲིའི་ལམ་ནས་སྤྱི་ཚོགས་སུ་ལེགས་སྤེལ་ཉེས་འགོག་བྱེད་རྒྱུ་དང་། གནད་དོན་ཅི་ཞིག་ཡིན་རུང་སྤྱི་ཚོགས་མིག་སྔར་འདྲུད་དེ་རྒྱབ་མདུན་གཉིས་ཀ་མཐོང་དུ་འཇུག་རྒྱུ་ནི་ང་དང་འདྲ་བའི་རྩོམ་འབྲི་བ་དག་གི་ཕྲག་ལ་བབ་པའི་འགན་ཞིག་ཡིན་སྙམ་གྱིས་གང་ཐུབ་བྱ་ན་བསམ་གྱི་ཡོད། འདི་ནི་ངེད་ལ་གཟིགས་པ་གནང་མཁན་དག་ལ་ཆེད་དུ་གུས་འདུད་དང་བཟོད་གསོལ་ཞུ་བ་ཞིག་ཆགས་ཀྱི་ཡོད། ཁ་དྲོ། བཀྲ་ཤིས།

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...