ང་སྲོང་བཙན་ཆུ་སྒང་འོས་མི་ལ་མི་ལང་དོན་འདི་ཡིན།



ཉེ་ཆར་དབུས་ཆུ་བཞི་སྒང་དྲུག་གི་སྔོན་འགྲོ་འོས་བསྡུ་བྱས་ཏེ་དངོས་གཞི་འོས་མི་ཡང་བཀྲམས་ཚར་འདུག མནའ་དེང་ཤེས་ཡོན་གཉིས་ཅན་དང་དེང་རབ་ཀྱི་སློབ་གསོ་ཐོབ་པའི་ན་གཞོན་ཡང་མང་པོ་ཞིག་སླེབས་འདུག་སྟབས་ཧ་ཅང་དགའ་བ་ཙམ་མ་ཟད་དངོས་གཞི་ལ་གདམ་ག་མ་ནོར་བ་ཞིག་བྱེད་དགོས་ཨང་བསམ་པ་ཞིག་བྱུང་། 

སྔོན་འགྲོའི་འོས་བསྡུ་དང་ཉེ་སྐབས་དེར་འོས་མི་ཁྱབ་བསྒྲགས་དང་རང་ཉིད་ལང་གི་ཡིན་ཟེར་མཁན་སོགས་ཧ་ཅང་མང་བས་གང་ཞིག་འདེམ་དགོས་མིན་ཡང་ཚོད་མི་ཐིག་པ་འདྲ་ཞིག་བྱུང་སོང་། གང་ཡིན་ཟེར་ན་འོས་མི་མང་པོ་ཞིག་ཆ་རྐྱེན་འཛོམས་ལུགས་དང་བསམ་སྤྱོད་ཁུར་སྟངས་སོགས་ཧ་ཅང་ཚད་མཐོན་པོ་འདུག་ལ། དེང་རབས་ཀྱི་སློབ་གསོ་ལེགས་པོར་ཐོབ་ཡོད་མཁན་མང་བས་དབུས་ཆུ་སྒང་དེ་སྔ་ལས་འཕེལ་རྒྱས་དང་སྔ་ལས་ཚགས་ཚུད་ཡོང་ངེས་སྙམ་པ་ཞིག་འདུག སྐབས་དེར་ང་ལ་ཁྱེད་འོས་མི་ལ་ལང་ན་ཡག་པོ་ཡོད་ཚུལ་གསུང་མཁན་རེ་གཉིས་བྱུང་ཡང་། ཕྱིར་ལན་ཞིག་གང་ཡང་རྒྱག་མེད། ངས་ནི་རྩེད་མོ་ཞིག་ལས་དངོས་ཡོད་ཡིན་པར་གཏན་ནས་བསམ་མེད། དེའི་རྗེས་སུ་ད་ལྟའི་དབུས་ཆུ་སྒང་རྒྱུན་ལས་ཀྱི་མི་སྣ་དང་མདོ་སྟོད་ཚང་གི་བཀུར་འོས་གནད་ཡོད་མི་སྣ་མི་ཉུང་བ་ཞིག་གིས་སྒེར་གྱི་འབྲེལ་ལམ་བརྒྱུད་འོས་མི་ལ་ལང་ཐུབ་ན་ཡག་པོ་ཡོད་ཚུལ་དང་དེ་འབྲེལ་གྱི་གནས་ཚུལ་དང་ལམ་སྟོན་གང་མང་གསུང་གནང་བྱུང་། སྐབས་དེར་གཞི་ནས་ངས་རང་གི་བསམ་ཚུལ་དེ་མ་ཞུས་པར་གོ་མེད་ཚོར་མེད་ངང་བཞག་ན་འགྲིག་ཐབས་མེད་པར་ཤེས་བྱུང་བས། ཁོང་རྣམ་པར་བསམ་ཚུལ་ཞུས་པ་ཙམ་མ་ཟད། རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་ཚུལ་ད་ལྟའི་དངོས་ཡིད་ཀྱི་དཀའ་ངལ་ཡང་ཆ་ཚང་ཞུ་རྒྱུ་བྱུང་སོང་། 

ངས་ལོ་ཆ་ཤས་གོང་ནས་ཆུ་སྒང་འོས་བསྡུ་དེ་སྣང་མེད་དང་གོ་ཚོར་མེད་པར་དེ་མུར་བཞག་ན་མདོ་སྟོད་སྤྱི་ལ་གྱོང་ལས་ཁེ་ཞིག་མི་འདུག་ཅེས་བཤད་མྱོང་ལ་དེ་བཞིན་རང་ཉིད་ནས་ཀྱང་འོས་འཕེན་གྱི་ཆ་ཤས་བླངས་ཏེ་ཕྱར་བ་གྲུ་འདེགས་བྱས་ཁུལ་ལ། ད་དུང་འབྲེལ་ཡོད་ཚོར་འོས་འཕེན་གྱི་ཆ་ཤས་ལེན་ཐུབ་ན་ཡག་པོ་ཡོད་ཚུལ་གྱི་བསམ་ཚུལ་དང་དྲན་གསོ་གཏོང་ཐབས་བྱས་པ་ཡིན། ལྷག་པར་དུ་དབུས་ཆུ་སྒང་གི་སྤྱི་ཚོགས་ཞབས་ཕྱིའི་ལས་དོན་དང་ཆབ་སྲིད་རང་བཞིན་གྱི་ལས་ཀ་མང་པོ་ཞིག་ན་ནིང་ད་ལོ་སྤྱི་ཚོགས་སུ་ཁ་ཇེ་གསལ་དང་མདོ་སྟོང་མི་མང་ཚོ་ཡང་མགུ་པོ་འབྱུང་གི་ཡོད་སྟབས། ཚོགས་པ་འདི་སྔ་ལས་གོང་འཕེལ་གྱི་གཞི་རྩ་ཡོད་ཐོག་དེར་རང་ངོས་ནས་སྒྲུབ་ཐུབ་པ་ཞིག་ཡིན་ན་སྒྲུབ་དགོས་ངེས་ཤིག་ཡིན་པར་བསམ་གྱི་ཡོད། འོན་ཀྱང་རང་ཉིད་ནས་འོས་འཕེན་གྱི་ཆ་ཤས་བླངས་ཏེ་ཞབས་འདེབས་ཞུ་རྒྱུ་ཙམ་ལས་འོས་མི་ལ་ལང་ཐུབ་པའི་སྤོབ་པ་དང་ནུས་པ་ཞིག་མེད་པར་རང་ཉིད་ལ་ཆ་རྒྱུས་ཆེན་པོ་ཡོད། འདི་ནི་ངས་དཔའ་ཁུམ་པ་དང་རང་ཉིད་ལ་ཡིད་ཆེེས་མེད་པ་ཞིག་གཏན་ནས་མིན། 

ཆུ་སྒང་ཚོགས་པ་འདི་ད་ཆ་དུས་རབས་གསར་པའི་ལམ་དུ་ཡོད་པས་རྒྱུན་ལས་ཚོ་ཡང་དུས་རབས་ཀྱི་ཤེས་ཡོན་ཐོབ་པ་ཞིག་ཡོང་ཐུབ་ན་ཚོགས་པའི་འཛིན་སྐྱོང་ཚགས་ཚུད་དང་ཕྱི་འབྲེལ་བྱེད་ཐབས། རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་དང་འགྲོགས་ཏེ་ཚོགས་པའི་ལས་དོན་གྱི་ཁ་ཕྱོགས་ཇི་བཞིན་འགྲོ་ཐབས། དབུས་སྒྲིག་འཛུགས་ལ་ཕྱོགས་གང་ཐད་ནས་གཞོགས་འདེགས་དང་མཐུན་འགྱུར་ཞུ་ཕྱོགས། མདོ་སྟོད་ནང་ཁུལ་ཆིག་སྒྲིལ་ལེགས་པོར་ཆགས་རྒྱུ་དང་དཀའ་ཁག་སོ་སོར་སེལ་ཐབས་བཅས་ལ་ནུས་པ་གསར་པ་དང་སྟོབས་ཤུགས་གསར་པ་ཡོང་རྒྱུ་ངེས་པས་སྔ་བཞིན་ཕོ་ཤེད་དང་ཨུ་ཚུགས་ཁོ་ནར་ལ་བརྟེན་མི་དགོས་པར་དེང་རབས་དང་འཚམ་པ་ཆགས་རྒྱུ་རེད།

ང་ལ་རེ་བ་དང་རྨི་ལམ་འདི་འདྲ་ཡོད་རྐྱེན་རང་ཉིད་ལྟ་བུ་དེང་རབས་ཀྱི་སློབ་གསོ་དང་ཤེས་ཡོན་ཐོབ་མེད་ཅིང་དགོན་སྡེ་སློབ་གསོ་ཁོ་ནས་མི་ཚེ་སྐྱེལ་ཏེ་ཡོང་བ་ཞིག་གིས་སྤྱི་ཚོགས་ཆེན་པོ་ཞིག་གི་ཚོགས་པའི་དབུར་སྡོད་རྒྱུ་དེ་འོས་འཚམ་ཞིག་མཐོང་གི་མི་འདུག་ལ། གལ་ཏེ་ཨུ་ཚུགས་ཀྱིས་འཛུལ་ནའང་གྲུབ་འབྲས་ཐོན་རྒྱུ་བཞག་ནས་མདོ་སྟོད་ཚོང་གི་གཞོན་རབས་ཤེས་མྱོང་ཅན་དག་གི་ལམ་བུ་བཀག་རོགས་ཤིག་ལས་དགེ་མཚན་ཞིག་མ་རིག་སྟབས་འོས་མི་ལ་ལང་རྒྱུ་བསམ་བཞིན་མེད། སླད་ནས་ཀྱང་བསམ་ཚུལ་འདི་རང་ཡིན་པས་སྤྱི་པའི་སྡིངས་ཆ་གལ་ཆེན་འདི་ཚོ་བེད་སྤྱད་དེ་རང་ཉིད་ཆེན་པོ་ཆགས་ན་བསམ་པ་རྨི་ལམ་ཚུན་དུ་ཡོང་རྒྱུ་མིན་པར་ཁ་གསལ་པོ་ཡིན། 

བཀུར་འོས་གནད་ཡོད་མི་སྣ་ཚོས་གུས་ལ་བོང་བ་གསེར་གཟིགས་གནང་བ་དེས་ང་རང་སེམས་འགུལ་ཐེབས་པོ་བྱུང་། ཁྱེད་ཅག་གིས་ངེད་ལ་རེ་བ་དང་གཟིགས་པ་གནང་དོན་ཅི་ཡིན་ངེད་ཀྱིས་མ་ཤེས་པ་མིན། འོན་ཀྱང་མི་ཚེ་རང་དབང་གིས་སྐྱེལ་རྒྱུ་ཙམ་དང་རང་དབང་གི་རྩོམ་འབྲི་བ་ཞིག་བྱ་བསམ་པ་ཁོ་ན་ལས་སྒྲིག་འཛུགས་ཤིག་གི་འོག་ནས་ལས་དོན་བྱ་རྒྱུ་འདི་ངེད་རང་ལ་འཕྲོད་པོ་མི་འདུག་ལ་དེ་འདྲ་ཞིག་བྱུང་ན་བསམ་པ་ནམ་ཡང་མེད། མ་ཟད་རང་ཉིད་ད་སྐབས་སློབ་གཉེར་བྱེད་སྒང་ཡིན་སྟབས་དུས་ཚོད་སློབ་སྦྱོང་ཐོག་ཏུ་གཏོང་གང་ཐུབ་བྱེད་པ་ལས་འགན་འཁྲི་ལྕི་ལ་གལ་འགངས་ཆེ་བའི་དབུས་ཆུ་སྒང་ཚོགས་པ་ལྟ་བུའི་འགན་ཁུར་བ་ཞིག་བྱེད་ཐུབ་པ་མི་འདུག ང་ནི་མི་རྒྱུ་མ་རིང་པོ་ཅན་དང་ཁ་གཅིག་གིས་ཉ་གཉིས་འཛིན་ཐུབ་མཁན་དེ་གྲས་མིན་སྟབས་གཅིག་འཇུ་ན་གཅིག་ཤོར། འགོ་ནས་འཇུ་ན་སྔ་མ་གློད་བཞག་མཁན་དེ་འདྲ་ཡིན་པས་སྤྱི་སྒེར་གཉིས་ཀ་ལ་གྱོང་བཟོ་རྒྱུ་ལས་ཡག་ག་ཞིག་མི་ཡོང་། དེར་བརྟེན་འོས་མི་ལང་རྒྱུ་དེ་སྔ་ཕྱི་བར་གསུམ་གང་དུ་ཡང་བཤད་རྒྱུ་འདི་རང་ཡིན། འོན་ཀྱང་རང་ནུས་བེད་སྤྱད་དེ་མདོ་སྟོད་ཚང་ལ་ཞལ་འདེབས་ཞུ་ཐུབ་པ་ཞིག་ཡིན་ན་ཕྱི་ནུབ་རྟ་རྔ་ཙམ་མེད། སྔ་ནས་བཤད་མྱོང་བ་བཞིན་གསོན་ན་ཁམས་པའི་མི་དང་ཤི་ན་ཁམས་པའི་འདྲེ་ཡིན་ལབ་པ་ད་ལྟ་ཡང་དེ་ག་བསམ་གྱི་ཡོད། གནས་ཚུལ་འདི་འདྲ་བའི་འོག་ནས་ང་རང་གིས་བྱེད་ནུས་པ་དེ་ཚོ་བྱེད་རྒྱུ་དང་ཐུགས་ཕན་སོས་པ་ཡོད་ན་བསམ་ཚུལ་དང་རྨོངས་འཆར་རྟག་ཏུ་འབུལ་ཆོག མ་ཟད་ཀླད་པ་དཀྲུགས་ཏེ་རྩོམ་ཡིག་འབྲི རྩོམ་འབྲིའི་ལམ་ནས་སྤྱི་ཚོགས་སུ་ལེགས་སྤེལ་ཉེས་འགོག་བྱེད་རྒྱུ་དང་། གནད་དོན་ཅི་ཞིག་ཡིན་རུང་སྤྱི་ཚོགས་མིག་སྔར་འདྲུད་དེ་རྒྱབ་མདུན་གཉིས་ཀ་མཐོང་དུ་འཇུག་རྒྱུ་ནི་ང་དང་འདྲ་བའི་རྩོམ་འབྲི་བ་དག་གི་ཕྲག་ལ་བབ་པའི་འགན་ཞིག་ཡིན་སྙམ་གྱིས་གང་ཐུབ་བྱ་ན་བསམ་གྱི་ཡོད། འདི་ནི་ངེད་ལ་གཟིགས་པ་གནང་མཁན་དག་ལ་ཆེད་དུ་གུས་འདུད་དང་བཟོད་གསོལ་ཞུ་བ་ཞིག་ཆགས་ཀྱི་ཡོད། ཁ་དྲོ། བཀྲ་ཤིས།
Powered by Blogger.