སྐད་ཡིག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག



(རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་རྗེས་དྲན་མཚོན་བྱེད།)


སྐད་ཡིག་གསེར་ཐག་བཞིན་དུ་འགུལ་ལ་བརྒྱན།།
སྐད་ཡིག་རྣ་ལོང་ཇི་བཞིན་སྙན་དུ་འདོགས།།
སྐད་ཡིག་མིག་འབྲས་ལྟར་དུ་གཅེས་པར་བཟུང་།།
སྐད་ཡིག་ལག་པའི་བར་ནས་ཤོར་མི་རུང་།།

མ་སྐད་ཨ་མའི་སྙན་དབྱངས་རོལ་མོའི་ཚུལ།།
མ་སྐད་ངག་ནས་འཁྲོལ་བའི་མགྲིན་བཟང་ལས།།
མ་སྐད་ཚིག་ལ་བརྒྱུས་ཏེ་དབྱངས་སུ་བཀུག།། 
མ་སྐད་ཀ་མད་སུམ་ཅུ་བོར་མི་རུང་།།

ཕ་སྐད་དག་པ་སྨྲ་བའི་ཁ་ལྕེ་དགོས།།
ཕ་སྐད་ཇི་བཞིན་འབྲི་བའི་ལག་རྩལ་མཁོ།།
ཕ་སྐད་རྒྱུད་དུ་སྤྱོད་པའི་སྙིང་སྟོབས་དགོས།།
ཕ་སྐད་བརླག་པར་མ་བྱེད་ཕ་བཟང་བུ།།

རང་སྐད་རང་གིས་སྤྱོད་པའི་སྤོབས་པ་དགོས།།
རང་སྐད་གཞན་ལ་སྤེལ་བའི་མཁྱེན་རྒྱ་དགོས།།
རང་སྐད་གོང་འཕེལ་གཏོང་བའི་ཆོད་སེམས་དགོས།།
རང་སྐད་ཉམས་པར་མ་བྱེད་གངས་ཅན་པ།

སྐད་ལ་བག་ཆགས་འཇོག་ཙམ་བྱེད་དགོས་མེད།།
སྐད་ཡིག་འཕགས་ནོར་བདུན་ལྡན་ལག་ན་ཡོད།།
སྐད་ཅིག་ཡུན་ཐུང་ཙམ་ཡང་མ་ལྷོད་པར།།
སྐད་ཡིག་བདག་གཅེས་མཛོད་ཅིག་རིགས་ཀྱི་བུ།

གཞན་སྐད་དག་པ་སྨྲ་རུང་རང་སྐད་མིན།།
གཞན་སྐད་ཇི་བཞིན་ཤེས་རུང་ཕ་སྐད་མིན།།
གཞན་སྐད་མ་ལུས་མཁྱེན་ཀྱང་མ་སྐད་མིན།།
གཞན་སྐད་མ་ཡིག་ཚུལ་དུ་མ་སྤྱོད་རོགས།།

དབྱིན་སྐད་སྨྲ་ལ་སྤོབས་པ་ལོས་ཀྱང་དགོས།།
དབྱིན་ཡིག་འབྲི་ལ་བརྩོན་པ་མཁོ་ན་ཡང་།།
དབྱིན་སྐད་དེས་ནི་རང་སྐད་གསོད་བྱེད་པས།། 
དབྱིན་སྐད་དེ་ལ་གཟབ་པར་བྱེད་རོགས་ཨང་། 

རྒྱ་སྐད་ཤེས་ན་ཕན་ཚུན་སྟབས་ཀྱང་བདེ།། 
རྒྱ་སྐད་རྒྱག་ན་གོ་བརྡ་འཕྲོད་ཀྱང་སླ།
རྒྱ་སྐད་འདི་པས་རང་སྐད་གཏོར་སྲིད་པས།།
རྒྱ་སྐད་འདི་ལ་དོགས་ཟོན་བྱེད་རྒྱུ་གལ།།

མེས་པོའི་གཅེས་ནོར་ཕ་སྐད་ལམ་ནས་འཛིན།།
མེས་པོའི་ཤུལ་བཞག་སྲུང་ཞིང་ཉར་བ་བྱ།།
མེས་པོའི་མཛོད་ལ་ཇི་བཞིན་མངའ་རྙེད་པ།།
མེས་པོའི་བུ་ཚ་ཡང་དག་བགྱིས་ཤིག་བུ།།

བོད་ཀྱི་མི་ལ་བོད་སྐད་རྒྱག་རོགས་གནོངས།།
བོད་ཀྱི་ཡུལ་ལ་སྐད་ཡིག་བཀོལ་རོགས་གནོངས།།
བོད་ཀྱི་སྐད་ལ་སྲུང་སྐྱོབས་མཛད་རོགས་གནོངས།།
བོད་ཀྱི་སྐད་ཡིག་དར་སྤེལ་བྱེད་རོགས་གནོངས།།



2017-2-21