Skip to main content

གསུམ་བཅུ་དུས་དྲན་ཆབ་སྲིད་བསྐྱར་ཞིབ།



ཉེ་ཆར་རང་དུ་རྒྱ་ནག་གིས་མི་མེད་གནམ་གྲུ་བཟོ་ཐུབ་པ་བྱུང་སྟེ་དམག་དོན་ཐད་ཀྱི་གོམ་སྟོབས་ཆེན་པོ་སྤོས་ཡོད་པ་དང་དམག་དོན་མཁོ་ཆས་བཟོ་སྐྲུན་ཇེ་མགྱོགས་ཇེ་མང་དུ་བཏང་ནས་ཕྱི་འཚོང་གི་ཁྲོམ་ར་ན་དབང་སྒྱུར་བྱེད་སེམས་ཡོད་པར་དབྱེ་ཞིབ་བྱེད་བཞིན་འདུག དམག་དོན་ཐད་ཀྱི་ལག་རྩལ་འཕེལ་རྒྱུས་ནི་རྒྱ་ནག་གི་ཆེས་མི་འདང་ས་དེ་ཡིན་པས་འདི་ནས་གོང་འཕེལ་དང་འཐུས་ཚང་དུ་བྱུང་ན་ད་སྐབས་ལས་ཀྱང་བརྡབ་བརྒྱ་འགྱུར་གྱིས་ཧམ་སེམས་དང་ང་རྒྱལ། དམ་དྲག་དང་བཙན་བཟུང་བྱ་རྒྱུ་གཏན་འཁེལ་ཆགས་ཡོད། གནས་ཚུལ་འདི་བཞིན་བྱུང་ན་རྒྱ་ནག་གི་རང་ལག་ཏུ་མེད་པའི་ཐེ་ཝན་ལྟ་བུའང་ཕྱིར་ལེན་རྒྱུ་དཀའ་ཁག་ཅི་ཡང་མེད་ལ་དེ་ལས་ཀྱང་བོད་དང་ཤིན་ཅང་། ནང་སོགས་སོགས་དམ་བཟུང་དང་དྲག་གནོན་བྱ་རྒྱུ་ནི་བཤད་མི་དགོས་པ་ཞིག་ཆགས་ཡོད། 

སྟོབས་ཆེན་རྒྱལ་ཁབ་ཨང་དང་པོའི་གྲས་སུ་སླེབས་ཉེ་ཡོད་པའི་རྒྱ་ནག་ལ་མཚོན་ན་ཐབས་བརྒྱ་ཇུས་སྟོང་གི་རྒྱལ་ཁབ་བརྟན་སྲུང་དང་གུང་ཁྲན་ཏང་གི་དབང་སྒྱུར་སྲ་བརྟན་དུ་གཏོང་བཞིན་པ་ནི་ཧ་ཅང་གསལ་པོ་ཡིན་སྟེ། ཁོ་ཚོས་རྒྱལ་སྤྱི་ཁྲོད་དུ་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་བཏང་རྗེས་ཕྱིར་རང་གི་མི་དམངས་ལ་བློ་ཁ་འཚིམ་ཐབས་དང། བོད་དང་ཤིན་ཅང་ལྟ་བུ་རང་ཤུགས་ཀྱིས་དཔའ་འཁུམ་གཅུག་གི་ཡོད། དེ་སྔ་ནས་ཡང་ཡང་བཤད་བཞིན་པའི"ས་གུང་ཁྲན་ཏང་། གནམ་གུང་ཁྲན་ཏང་"ཞེས་པའི་ཞེད་སྣང་སྐུལ་བའི་ཚིག་འདི་ད་ཆར་དོན་ངོ་མར་གུང་ཁྲན་ཏང་གི་ནུས་ཤུགས་སྟོན་ཐུབ་པ་ཆགས་ཀྱི་ཡོད། 

ངེད་ཅག་བཙན་བྱོལ་བའི་ཐབས་ཟད་པའི་རྣམ་འགྱུར་ཞིག་གིས་རྒྱ་ནག་བཀྲ་མི་ཤེས་པ་ཡོང་རྒྱུ་སྒུག་སྡོད་པ་ལས་བྱ་རྒྱུ་གང་ཡང་ལྷག་མེད་ལ། སྟོན་པ་འཁྲུངས་དུས་བྲམ་ཟེ་མི་ལྷག་པའི་ལོ་རྒྱུས་བཞིན་འབྱུང་ཉེན་ཆེ་བའང་ལོ་རེ་ནས་ཇེ་གསལ་དུ་འགྲོ་བཞིན་འདུག མ་གཞི་སྐྱབས་བཅོལ་བ་མི་འབུམ་གཅིག་ཙམ་དེ་བོད་དུ་ཕྱི་ལོག་ཐུབ་མིན་ནི་གནད་འགག་ཅིག་གང་ཡང་མིན། གཙོ་བོ་ནི་བོད་ནང་དུ་དྲག་མནོན་དང་བཙན་འཇུག། དཔལ་འབྱོར་དབྱེ་འབྱེད་དང་རང་ས་ནས་མི་རིགས་གྲངས་ཉུང་དུ་བསྒྱུར་བའི་གནས་ཚུལ་འདི་ཚོ་སེལ་ཐུབ་དགོས། དཀའ་ངལ་འདི་སེལ་དགོས་ན་ཨ་མེ་རི་ཀར་སྐྱོབས་བཅོལ་བས་མི་ཕན་ལ་ཡུ་རོབ་མཉམ་འབྲེལ་ལ་ཞུ་གཏུགས་བྱས་པས་ཀྱང་ནུས་པ་མི་འཐོན་པར་གསལ་པོ་ཡིན། གཅིག་བྱས་ན་ནུབ་ཕྱོགས་པ་ལ་རེ་བཅོལ་བྱས་པ་དེའི་མཇུག་འབྲས་ཀྱང་འཚབ་ཆེན་རེ་ཡོང་སྲིད་པ་ཡིན། 

སྐུ་ངོ་འཇུ་ཆེན་ལ་པཎ་ཆེན་སྐུ་གོང་མས་ནང་མོལ་ཚུལ་དུ་ལམ་སྟོན་རེ་གཉིས་གནང་ཡོད་ཅིང་གལ་ཆེ་བ་ཞིག་ནི་"ཁྱེད་ཚོས་ཕྱི་ལོག་ནས་སྐད་འབོད་བརྒྱབ་ནས་ངོ་རྒོལ་བྱེད་མ་འདུག ཚགས་པ་ཞིག་གི་མདུན་ངོས་སུ་ཐོན་པ་ཙམ་རེད། ཁོ་ཚོ་ཁོང་ཁྲོ་སློང་ན་ཕན་ལས་གནོད་པ་ཆེ་བ་ཡོང་"(ནང་དོན་ལས་ཚིག་ཇི་བཞིན་མིན)ཞེས་གསུངས་པ་འདི་ད་ཆར་ཧ་ལམ་གསལ་པོ་ཆགས་ཡོང་གི་འདུག འོན་ཀྱང་བཙན་བྱོལ་བ་ཚོས་རྒྱ་ནག་ཁོང་ཁྲོ་སློང་བའི་བྱ་སྤྱོད་མི་མཐུད་དེ་སྤེལ་བཞིན་ཡོད། ལྷག་པར་དུ་རྒྱ་ནག་གི་ཚོར་བ་རྣོ་པོ་བྱ་སའི་ཨ་རུ་ན་ཅལ་ཁུལ་དུ་༸གོང་ས་མཆོག་ཕེབས་རྒྱུ་འདི་ནི་ཧ་ཅང་གཟབ་ནན་བྱེད་དགོས་པ་ཞིག་ཆགས་ཡོད། ཉིན་གཅིག་རྒྱ་ནག་ཁོང་ཁྲོ་སློང་ན་ང་ཚོའི་འབྲེལ་མོལ་གྱི་སྒོ་ཆེན་དེ་ཉིན་གཅིག་ཇེ་དམ་ཇེ་བཙན་ཆགས་ཀྱི་ཡོད་པས་འགྲོ་མཁས་འདུག་མཁས་བྱེད་རྒྱུ་ནི་ལྷོད་གཡེང་ཤོར་མི་ཉན་པ་ཞིག་ཡིན། 

ད་ཆར་ནི་རང་བཙན་དང་དབུ་ལམ་བཤད་མཁན་དང་བསམ་མཁན་སུ་གཅིག་ལ་ཐབས་ལམ་སྣ་གཅིག་སྟོན་རྒྱུ་མེད་པ་གྱུར་ནས་རྒྱ་ནག་འཐོར་ཞིག་འགྲོ་རྒྱུ་སྒུག་སྡོད་པའི་ཟོལ་ཞིག་འདུག མང་པོ་ཞིག་ལ་ཁག་ཀྱང་མེད་དེ། རྒྱ་ནག་དང་ཆབ་སྲིད་ཐ་དད་ཡིན་པའི་ནུབ་ཕྱོགས་པ་ཚོས་ཆབ་སྲིད་དབྱེ་ཞིབ་སྣང་བ་སྐྱིད་པོ་དང་དཔྱད་བརྗོད་ཤ་ཚ་མོ་རེ་སྤེལ་བཞིན་ཡོད་པས་འདི་ལ་མགོ་འཁོར་ནས་ལྷག་བཞིན་ཡོད། དོན་ངོ་མར་ཨ་མེ་རི་ཀིའི་རྒྱ་ནང་དུ་ལོ་གཅིག་གི་རྙོག་གྲ་འདྲ་བར་རྒྱ་ནག་ཏུ་ལོ་བཅུ་ནང་དུ་འབྱུང་མེད། ལྷག་པར་དུ་རྒྱ་ནག་མི་དམངས་ཀྱིས་རྒྱ་ནག་གི་ཆབ་སྲིད་ལྟ་བ་དང་ཏང་གི་ལས་དོན་ཁག་ལ་ཧ་ལམ་དོགས་པ་ཟ་གི་མེད། ནུབ་ཕྱོགས་ཡུ་རོབ་དང་བྱང་ཨ་རིའི་ཁུལ་གྱི་མང་གཙོའི་ཡུལ་གྲུ་དག་ཏུ་ཀྲུང་གོ་བ་ས་ཡ་དུ་ཙམ་གནས་སྡོད་བྱས་ཡོད། རང་ཉིད་ཀྱི་རྒྱལ་ཁབ་དང་མི་དམངས་ཀྱི་དཀའ་སྡུག་མཐོང་ནས་ཡོངས་ཁྱབ་ངོ་རྒོལ་བྱས་པ་ཅི་ཙམ་ཡོད། མང་གཙོ་ལས་འགུལ་བ་མི་སྣ་བརྒྱ་ཕྲག་ཙམ་གྱིས་སྐད་ཆུང་ཆུང་རེ་བརྒྱབ་གི་ཡོད། ཕྱི་སྡོད་ཀྲུང་གོ་བ་ས་ཡ་དུ་མ་གཉིད་ཁུག་པ་རེད་དམ། མ་རེད། ཁོ་ཚོས་རྒྱ་ནག་གི་ཆབ་སྲིད་དེ་སྡུག་པོ་ཞིག་མཐོང་གི་མེད་ལ། རྒྱ་ནག་མི་མང་ལ་དེ་ཙམ་སྡུག་རྩུབ་དང་དཀའ་ངལ་ཡོད་པའང་ཚོར་གྱི་མེད། དེ་ལས་ལྡོག་སྟེ། རང་ཉིད་ཀྲུང་གོ་བ་ཡིན་པ་སྤོབས་པ་ཇེ་ཆེར་འགྲོ་བཞིན་ཡོད། རྒྱ་ནག་གི་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱུས་དེ་ལ་དགའ་བ་དང་སེམས་ཁུར་བྱེད་ཀྱི་ཡོད། རང་ཉིད་ཀྱི་རྒྱལ་ཁབ་འདི་གང་མགྱོགས་སྟབས་ཆེན་རྒྱལ་ཁབ་ཨང་དང་པོ་ཆགས་རྒྱུ་ཡིད་ཆེས་དང་རེ་བ་རྒྱག་བཞིན་ཡོད། གནས་ཚུལ་འདི་ཚོ་ལ་བལྟས་ནས་རྒྱ་ནག་དམངས་གཙོའི་ཕྱོགས་སུ་གོམ་པ་སྤོ་རྒྱུ་ལ་སྒུག་སྡོད་པའི་ང་ཚོའི་རེ་བ་དང་ཐབས་ཇུས་དེ་སྟོང་པ་སྟོང་རྐྱང་ཞིག་ཡིན་པར་ར་འཕྲོད་བཞིན་ཡོད།

(བསྐྱར་ཞིབ་དང་བཟོ་བཅོས་བྱ་ཁོམ་མ་བྱུང་བས་ནོར་བ་མཆན་དུ་བཀོད་རོགས་ཞུ།)

2017-3-10