Skip to main content

དམག་འཁྲུག་ལ་དགའ་བའི་བོད་མིའི་འདུ་ཤེས།



ད་ཆར་ཨ་རི་དང་བྱང་ཀོ་རི་ཡའི་བར་དམག་འཁྲུག་ལང་ཉེན་ཆེ་བའི་མཚམས་སུ་སླེབས་ཡོད་ཅིང་། ཉི་མ་རེ་རེ་བཞིན་ཆེས་ཛ་དྲག་གི་ཕྱོགས་སུ་གོམ་པ་རེ་རེ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད། གནས་ཚུལ་འདིས་འཛམ་གླིང་ཧྲིལ་པོ་འཇིགས་སྐྲག་དང་སེམས་འཚབ་ཆེན་པོ་ཞིག་སློང་བཞིན་ཡོད་ཅིང་ཆབ་སྲིད་ཐད་ནས་གླེང་ན་ལྟ་ཚུལ་མི་འདྲ་བ་གཉིས་ཀྱི་འོག་ནས་ཐེངས་འདིའི་དམག་འཁྲུག་ལ་སེམས་འཚབ་ཡོད་པ་མཐོང་རྒྱུ་ཡོད། རྒྱ་ནག་དང་ར་ཤི་ཡ་ལྟ་བུའི་སེམས་འཚབ་དེ་ནི་ཨ་རི་ལ་སྡང་སེམས་ཞིག་གི་འོག་ནས་འབྱུང་བཞིན་ཡོད་ཅིང་གལ་ཏེ་ཨ་བྱང་བར་དམག་འཁྲུག་དངོས་སུ་བྱུང་ཚེ་སྔ་ཕྱི་ཙམ་ལས་བྱང་ཀོ་རི་ཡ་ཕམ་ཉེས་ཙམ་མ་ཟད་ཨ་མི་རི་ཀས་རྒྱལ་ཁབ་འདིའི་ནང་དུ་རྐང་པ་བརྟན་པོ་ཞིག་བཙུགས་ཏེ་ཨེ་ཤ་ཡི་འཐབ་ར་གལ་ཆེན་ཞིག་ཨ་མི་རི་ཀི་ལག་ཏུ་འཚུད་རྒྱུ་ཡིན་པ་ནི་གསལ་པོ་མཐོང་གི་ཡོད། རྒྱ་ནག་དང་ར་ཤི་ཡ་གཉིས་ལ་དོགས་ཟོན་གྱི་འཐབ་ར་སྐྲུན་དགོས་ན་རྒྱ་ཁབ་འདི་ནི་རྒྱ་ནག་དང་ར་ཤི་ཡ་གཉིས་དང་ས་འབྲེལ་ཡིན་པ་སོགས་ཀྱིས་ལྷོ་ཀོ་རི་ཡ་ལས་ཀྱང་བཟང་བ་ཡོད། ཕྱོགས་གཞན་ཞིག་ནས་རྡུལ་མཚོན་གྱི་དམག་འཁྲུག་ལང་ན་ས་འབྲེལ་དུ་ཡོད་པའི་རྒྱ་ཁབ་གཉིས་ཀྱི་མངའ་སྡེ་ཁག་ལའང་རྫས་ངན་ཁྱབ་པའི་འཇིགས་སྣང་དང་དཀའ་ངལ་ཞིག་ཡོང་རྒྱུ་ནི་གཏན་ཁེལ་ལྟ་བུ་ཡིན། འོན་ཀྱང་བྱང་ཀོ་རི་ཡ་དང་ས་ཐག་གིས་ཆོད་ཅིང་། དཔལ་འབྱོར་གྱི་འབྲེལ་ལམ་དེ་ཙམ་མེད་པའི་ཨེ་ཤ་ཡ་ཁུལ་དང་ཡུ་རོབ་ས་ཁུལ། ལྷོ་བྱང་ཨ་མི་རི་ཀ་སོགས་ཀྱིས་སེམས་འཚབ་བྱེད་སྟངས་དེ་ནི་ཐད་ཀར་རང་ཉིད་ལ་ཉེན་ཁའི་རང་བཞིན་དེ་ཙམ་མཐོང་གི་མེད་ནའང་གོ་ལ་གཅིག་རྟེན་གྱི་དཔལ་འབྱོར་ཐད་ནས་རྒྱ་ནང་གི་དཔལ་འབྱོར་ཉམས་ཉེས་དང་ཚོང་འབྲེལ་ལ་དོ་ཕོག་ཅིག་ཡོང་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད། དེ་ལས་ཀྱང་སེམས་འཚབ་དགོས་པ་དེ་ནི་ཉེས་མེད་མི་དམངས་ཤི་རྨས་དང་དཀའ་སྡུག་བསམ་མི་ཕོད་པ་ཞིག་ཡོད་འབྱུང་ཉེན་ཆེ་ཞིང་ཕྱི་ལོ1950ལོའི་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་གི་ནང་དུ་མི་སེར་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད་ཅིང་། ཐེངས་འདིར་རྡུལ་མཚོན་གྱི་གཏོར་རྒོལ་བྱས་ཚེ་དེས་ཚེ་སྲོག་སྔ་ལྷག་འཕྲོག་རྒྱུ་མ་ཟད། ལོ་རབས་མང་པོར་དཀའ་ངལ་བཟོ་རྒྱུ་ནི་ངེས་བརྟན་ལྟ་བུ་ཆགས་ཡོད། དམངས་གཙོའི་དཔལ་ཡོན་དར་བའི་རྒྱལ་ཁབ་འདི་ཚོས་བྱང་ཀོ་རི་ཡའི་མི་མང་ལ་དམག་འཁྲུག་གི་བཟོད་དཀའ་བའི་སྡུག་བསྔལ་སྐྲུན་རྒྱུར་སེམས་འཚབ་བྱས་པ་ནི་འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེ་འགན་ཁུར་དང་བསམ་པའི་དཔལ་ཡོན་གྱིས་ཕྱུག་པ་མཚོན་ཐུབ་པས་ཡིད་སྨོན་སྐྱེ་དགོས་པ་ཞིག་ལོས་ཡིན།

ངེད་ཅག་བོད་མི་རྣམས་ལ་ནི་རྡུལ་མཚོན་གྱི་དམག་འཁྲུགས་འོག་གི་དཀའ་སྡུག་མྱོང་མེད་ནའང་དམག་འཁྲུག་གི་འཇིག་པ་དང་བཙན་འཛུལ་གྱི་དཀའ་ངལ་ཆེས་ཆེར་འཕྲད་དེ་མི་ལོ་དྲུག་ཅུ་སོང་ཟིན་ནའང་ད་དུང་ཡང་གཞིས་བྱེས་གཉིས་སུ་གྱེར་ཞིང་རང་ས་ན་དབང་སྒྱུར་བས་དངོས་ཤུགས་བརྒྱུད་གསུམ་ནས་བཙན་མནོན་དང་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་ཐབས་ཀྱིས་ལས་དོན་སྤེལ་བཞིན་ཡོད་པས་དམག་འཁྲུག་གིའཇིག་པ་ལ་སེམས་འཚབ་དང་དཀའ་སྡུག་ངེས་ཟིན་དགོས་ངེས་ཤིག་ཆགས་ཡོད། དེ་ལྟར་ནའང་ཨ་བྱང་དམག་འཁྲུག་གི་གསར་འགྱུར་ལ་བལྟས་ཏེ་གཡུལ་འཁྲུག་ཤིག་ལང་ན་བསམ་པའི་འདུ་ཤེས་ཡོད་པ་མང་པོ་མཐོང་རྒྱུ་འདུག་ཅིང་། མི་མང་ས་ཡ་དུ་མའི་ཤི་རྐྱེན་ལའང་སེམས་འཚབ་མེད་པ་ལྟ་བུའི་ཀུན་སྤྱོད་འདི་མ་གྱུར་སེམས་ཅན་ཐམས་ཅད་ཅེས་མ་ཎི་བཞིན་འདོན་བཞིན་པའི་མི་རིགས་ཤིག་གི་ཀུན་སྤྱོད་དང་གཏན་ནས་མི་མཐུན་པ་ཨ་ཅང་ཅང་། ནང་བསམ་བློ་ལས་ཕྱིའི་དཔལ་འབྱོར་ལ་དང་དོད་ཆེ་བའི་ནུབ་ཕྱོགས་པའི་བསམ་བློའི་ཆུ་ཚད་ལའང་དོ་དཀའ་བའི་ངེད་ཅག་གི་བསམ་བློ་དེ་ཡང་སྙིང་བྱམས་བརྩེ་ཆེ་བའི་མི་རིགས་དང་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་ཡིན་མིན་དྲི་ཚིག་ཅིག་གི་ངོ་བོར་ལྷག་འདུག 

ཕྱོགས་གཞན་ཞིག་ནས་བལྟས་ན། ངེད་ཅག་གི་འཚེ་མེད་ཞུ་བའི་འཐབ་རྩོད་ཀྱང་༸གོང་ས་མཆོག་ལ་སྤྲེལ་ལད་ཙམ་ལས་སེམས་ཀྱི་གཏིང་ན་འཚེ་བ་མེད་པའི་དགེ་མཚན་དང་དམག་འཁྲུག་ལ་ཡིད་སུན་པའི་བློ་རྣལ་མ་ཞིག་ཡོད་ཚོད་མི་འདུག་སྙམ་པ་ཞིག་དྲན་སོང་ཞིང་། འཚེ་བ་སྐྱོན་དུ་ལྟ་བའི་ནང་བསྟན་དེས་བོད་ཡུལ་དུ་ས་ཁྱབ་རྡོ་ཁྱབ་ཡིན་རུང་བོད་མིའི་བློ་ངོ་ན་ནི་ནང་བསྟན་དང་ལྡོག་ཕྱོགས་སུ་སོང་བའི་འདུ་ཤེས་དེ་འདྲ་ཞིག་ཡོད་འདུག གཅིག་བྱེད་ན་དམག་འཁྲུག་ལ་དགའ་བའི་འདུ་ཤེས་དེ་ཤ་ཀྱཱའི་ནང་བསྟན་དང་རྒྱབ་འགལ་དུ་སོང་རུང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་སླར་གསོ་བྱེད་ཐུབ་པའི་རྒྱུ་རྐྱེན་ལེགས་པོ་ཞིག་ཡིན་ཤས་ཆེ་ལ། "མེ་མདའི་ཁ་ནས་སྲིད་དབང་འཐོབ་"པའི་འཐབ་ཇུས་དང་ཧ་ཅང་འཚམ་པོ་པའང་ཡོད་སྲིད། 


འཕེལ་འགྱུར་རིག་པའི་རྣམ་བཞག་ལྟར་ན་རང་ཉིད་རང་སྲུང་ནི་རང་ཉིད་འཚོ་ཐབས་དང་གཞན་ལ་འགོག་རྒོལ་བྱེད་པ་ནི་འཚོ་གནས་རྒྱ་སྐྱེད་གཏོང་བའི་སྲོག་ལྡན་ཞིག་གི་གཞི་རྩའི་ཆ་རྐྱེན་ཡིན་པར་བཤད་བཞིན་ཡོད་ལ རང་སྲུང་དང་འགོག་རྒོལ་མེད་ན་སྲོག་ལྡན་མེ་ཏོག་དང་། རྩི་ཤིང་ལྟ་བུ་ཡང་ཡུན་རིང་འཚོ་གནས་མི་ཐུབ་པར་མེ་ཏོག་རྙིད་བ་དང་རྩི་ཤིང་སྐམ་རྒྱུ་ནི་ཆོས་ཉིད་དུ་གྲུབ་ཡོད་པར་བཤད་པས། རང་ཅག་གི་འདུ་ཤེས་དེའང་འཕེལ་འགྱུར་རིག་པའི་རྣམ་བཞག་དང་མཐུན་པོ་བྱུང་ཡོད། འོན་ཀྱང་འཕེལ་འགྱུར་ཚན་རིག་དང་རོ་རྒྱབ་གཏད་པའི་ནང་བསྟན་ཤེས་རིག་ལ་སྐྱབས་སུ་སོང་བའི་ངེད་ཅག་བོད་མི་ཚོའི་ནང་བསམ་བློ་ནི་ནང་བསྟན་ལས་འཕེལ་འགྱུར་ཚན་རིག་དང་མཐུན་ཚབས་ཆེ་བ་ཞིག་ཆགས་འདུག་པ་འདི་ཡག་རྟགས་ཡིན་དང་སྡུག་རྟགས་ཡིན་གསལ་པོར་མི་ཤེས་པ་འདུག