སྐྱེལ་མ།


ཐོག་མའི་རྟེན་འབྲེལ་ཇ་དང་དར་གྱིས་ཕྱེས།།
གཙུག་ཕུད་འབྲེག་བཏུབ་མིང་གསར་ཚིག་གིས་དྲངས།།
གྲྭ་ས་ཆེན་པོའི་སྒོ་ཐེམ་རེག་ཉིན་ནས།།
ངེད་ཅག་མཛའ་བའི་འཛིན་གྲོགས་མིང་གིས་བསྙེག

གསར་བུ་ཟེར་བའི་མགོ་ཐོམ་རི་ལྟར་སྤུངས།།
སྐད་བརྡ་མ་འཕྲོད་ལུང་སྐད་དུ་རུ་རུ།།
རྐ་བ་བུམ་པའི་རྩོད་འཐབ་མགོ་མ་ནས།།
ངེད་ཅག་གཤིབ་པའི་འཛིན་གྲོགས་སོ་མ་ཡིན།།

རིམ་བགྲོད་ལོ་དུས་ཕར་ཕར་སྐྱེལ་ཉིན་མོ།།
སེམས་མཐུན་མཛའ་བ་སྙིང་ལ་དལ་གྱིས་བརླན།།
ཐལ་ཕྱིར་ཕྲེང་བས་ཀུན་པོར་ལྷན་དུ་དེད།།
ངེད་ཅག་བར་ལ་མི་ནུབ་འཛིན་གྲོགས་མཆིས།།

འདུ་འབྲལ་འགྱུར་བ་དངོས་པོའི་གཤིས་སུ་གྲུབ།།
ཕྱོགས་སུ་གྲམ་པ་ལས་རླུང་བརྒྱུད་ཕྱོགས་བཞུར།།
ཤར་ནུབ་རུ་ཆུ་ཐག་གིས་སྐལ་ན་ཡང་།།
ངེད་ཅག་བར་ལ་འཛིན་གྲོགས་གསེར་ཟམ་ཡོད།།

ན་རྒས་ལུས་དཀྱོག་གཉེར་སུལ་ཐད་དུ་ལྟེབ།།
མིག་གི་རྒྱ་མོའི་དྭངས་ཤེལ་རྙིང་དུ་སོང་།།
སོ་ཐག་ཆད་པས་ཟས་ཀྱང་མིད་མིད་འཇུབ།།
རྒས་ཁ་དུས་ཀྱང་ངེད་ཅག་འཛིན་གྲོགས་ཡིན།།

སྐྱིད་སྡུག་མེ་ཏོག་དར་རྒུད་རེས་སུ་འཁོར།།
གཤིན་རྗེ་ཐག་ཞགས་སུ་དང་གང་ལ་ཐེབས།།
ཕྱི་མའི་ཡུལ་ནས་ཚེ་སྲོག་གསར་རྙེད་ཀྱང་།།
ངེད་ཅག་ཆོས་མཐུན་འཛིན་གྲོགས་ཞིག་པ་མེད།།

ད་ནང་ཞོགས་པ་ཉལ་གོས་འོག་ནས་འཛིན་གྲོགས་བོད་ལ་ཕེབས་མཁན་ཚོར་སྐྱེལ་མའི་ཚབ་ཏུ་བྲིས།


2015-3-5