ཏྲེ་ཧོར་ཡུལ་སྐད་ནང་གི་ཐ་སྙད་རེ་ཟུང་།

རྣམ་པ་ཚོས་མཆན་ཡིག་ཏུ་བཀོད་པའམ་སྒེར་གྱི་གློག་འཕྲིན་ཐོག་ཏུ་ཏྲེ་ཧོར་ཡུལ་གྱི་ཐ་སྙད་དང་འགྲེལ་བཤད་སོགས་གཏོང་ཐུབ་ན་དགའ་བསུ་ཞུ།


ཀ་ནི་ཀི་ནི།
ཀ་ནི་ཀི་ནི་བཟོ་མ་འདུག་མགྱོགས་པོར་བྱོས།
ལས་ཀ་སོགས་འགོར་པོར་བྱེད་པ།
ཀ་ར་ཀོ་རེ།
ཀ་ར་ཀོ་རེ་ཅི་བཤད་འདུག
ཐད་ཀར་མ་བཤད་པར་ཉ་ཉོག་མང་པོ་བཤད་པ། ལས་ཀ་སོགས་འགོར་པོ་བྱེད་པ།

ཀྲོག་ཀྲོག། 
མི་ཀྲོག་ཀྲོག་ཅིག་འདུག
ཡིན་མདོག་གི་བཟོ་ལྟ་སྟོན་པ།
སྐེ་ཚ་ཚ་ལྦུ་བ་ནར་ནར།
སྐེ་ཚ་ཚ་ལྦུ་བ་ནར་ནར་བཤད་ཡོད།
མང་པོ་བཤད་པའི་དོན། ཡང་ཡང་བཤད་པའི་དོན།

བསྐྱུར་ཤོག
སྐད་ཆ་དེ་བསྐྱུར་ཤོག
སྐད་ཆ་དང་ལས་དོན་མཚམས་འཇོག་པ།


ཁ་ཡག
ཁ་ཡག་བཤད་མ་འདུག
སྤེལ་ལད་བཤད་པ། ཁ་མཁས་འདྲ་ཆགས་བྱེད་པ།
ཁ་ལྕེ་རྣོན་པོ། 
མི་ཁ་ལྕེ་རྣོན་པོ་ཞིག་འདུག
ཁ་བདེ་ལ་ལྕེ་རྣོ་བ། བཤད་མཁས་པ།

ཁ་ངན་ཚིག་ངན།
མི་ལ་ཁ་ངན་ཚིག་ངན་མ་སྦྱིན།
ཚིག་ངན་ལབ་པ།

ཁ་ནག
མི་ཁ་ནག་ཅིག་འདུག
མི་བཀྲ་མི་ཤེས་པ། ཅི་བྱའ་ལམ་དུ་མི་འགྲོ་མཁན།

ཁ་འཕྲོ་འཆའ།
མིའི་ཁ་འཕྲོ་འཆའ་མ་འདུག
མིའི་སྐད་ཆ་བསྐྱར་བཤད། སྐད་ཆ་ལ་ལད་ཟློས་བྱེད་པ།

ཁ་མ་དགེ་དགོས་རྒྱུ།
ཁྱེད་ཁ་མ་དགེ་དགོས་རྒྱུ་ཞིག་འདུག
ཁ་མི་དྲོ་བ། བཀྲ་མི་ཤེས་པ།
ཁ་བའི་ལུགས་ཟད།
མི་ཁ་བའི་ལུགས་ཟད་གཅིག་འདུག
མི་སྤྱོད་ངན། ངན་དགུ་ཚང་བ།
ཁ་ཕོ་རུས། མགོ་རྣ་བ།
མི་ཞིག་ཡིན་ན་ཁ་ཕོ་རུས་དང་མགོ་རྣ་བ་ཡོད་དགོས།
གཞན་གྱི་མདུན་དུ་མགོ་རྣ་ཁུར་དགོས་པའི་དོན།
ཁ་རྒན་བསམ་ཡོད།
མི་ཁ་རྒན་བསམ་ཡོད།
ན་ཚོད་རྒས་ཤིང་བསམ་བློ་གཏོང་ཤེས་པ།

ཁ་མཐུན།
ཁ་མཐུན་ན་རྐུ་ལེན།
འཆམ་པོ་དགོས་པ། གྲོས་ཁ་འཆམ་པ།
ཁ་རྗེ་དབང་ཐང་།
ཁ་རྗེ་དབང་ཐང་ཚང་མ་ཤོར་སོང་།
དབང་ཆ་ཐོབ་ཐང་ལོངས་སྤྱོད་སོགས་འཛོམས་པ།

ཁ་འཁོབ་པོ།
མི་ཁ་འཁོབ་པོ་ཞིག་འདུག
ཁ་ལྕེ་བདེ་མོ་མིན་པ། བཤད་མི་ཤེས་མཁས་པ།
ཁ་ཁུར་པོ་གཟུགས་སྐྱེ་བ།
མི་འདི་ཁ་ཁུར་པོ་གཟུགས་སྐྱེ་བ་བཤད་དགོས་ས་མེད།
ཁ་ངོ་བཟང་ལ་གཟུགས་པོ་ཡག་པ། སྐྱེ་ཁུངས་གཙང་བ།
ཁ་རུ་ངོ་མདོག
ཕྱིའི་ཁ་རུ་ངོ་མདོག་ལ་མ་བལྟ།
ཕྱིའི་ཁ་ངོ་གཙོག་པོ། ཁ་འཐབ་སྐྱོ་པོ།

ཁ་ལད།
མི་ཆུང་ཆུང་ཁ་ལད་བཤད་མ་འདུག
འུད་ཤོབ་བཤད་པ། མེད་ནའང་ཡོད་ཟེར་ནས་རྫུན་ངོམ་བྱེད་པ།

ཁ་རྒྱགས་པ།
ཁ་རྒྱགས་པ་བཤད་མ་འདུག
ཁ་ནས་གང་འདོད་རྫིག་གཏམ་བཤད་པ།
ཁ་རྒྱགས་ཁོག་སྟོང་།
མི་ཁྱེད་ཁ་རྒྱགས་ཁོག་སྟོང་ཞིག་རེད་འདུག
ཁ་ནས་རྫིག་པོ་བཤད་རུང་དོན་ལ་ལག་ལེན་པ།

ཁ་རུ་ཁ་ཐུག
མི་ཁོ་ཁ་རུ་ཁ་ཐུག་རེད།
གང་བསམ་པ་ཐད་ཀར་བཤད་མཁན།

ཁ་སུ་མགྱོགས།
ཁ་སུ་མགྱོགས་བཟོ་མ་འདུག
བཤད་རེས་ཉན་རེས་མེད་པར་ཁ་སུ་མགྱོགས་ལྟ་བུས་བཤད་པ།



ག་ཤེད།
ག་ཤེད་ཅིག་ལ་འཆམ་འགྲོ
ས་ཆ་ག་གེ་མོ་ཞིག། ངོས་བཟུང་མེད་པ།

ག་གཏོང་གོ་ཆོད།
མི་ག་གཏོང་གོ་ཆོད་ཅིག་ཡོད།
གང་ན་བཏང་རུང་ལས་དོན་སྒྲུབ་ཐུབ་མཁན།
གང་ངན་གང་སྡུག
མི་དེ་ལ་གང་ངན་གང་སྡུག་བཤད་རྒྱུ་འདུག
མི་དེ་ལ་གང་ངན་གང་སྡུག་ཡོང་སོང་། གང་ངན་གང་སྡུག་བྱས་སོང་།
གང་ཐད་ཅི་ཐད།
གང་ཐད་ཅི་ཐད་ནས་རོགས་པ་བྱོས།
གང་ཐད་ཅི་ཐད་ནས་ཡག་པོ་བྱུང་། ག་ས་གང་ནས་ཞེས་པའི་དོན།

གད་དིག
མི་གད་དིག་ཅིག་འདུག གད་དིག་པོ།
མི་སེར་སྣ་ཚ་པོ།


མངགས་བཀའ་འགྲོ་པོ།
མི་མངགས་བཀའ་འགྲོ་པོ་ཞིག་འདུག
མངགས་བཞག་ན་གང་ན་འགྲོ་ཐུབ་མཁན།
ངུ་ཁ་ལ་ལུག
ངུ་ཁ་ལ་ལུག་ནས་འདུག་མ་སྡོད།
ངུ་གྲབས་བྱེད་ནས་འདུག་མཁན། ངུ་རྒྱུ་འབེལ་པོ།
ངུ་ལུགས་ཡག
བུ་ངུ་ལུགས་ཡག་ཅིག་འདུག
ཡང་སེ་ངུ་བའམ། ངུ་ཆོག་ཆོག་ལྟ་བུ།

ངུ་ལ་དགོད།
ངུ་ལ་དགོད་བྱས་སོང་།
ངུ་བཞིན་པའི་སྐབས་དགོད་བྱུང་བ།
རྔན་པ་མ་བསྟེར་ནས་ངུ་སྒོང་ལ་བསྟེར་མ་ཐག་དགོད་བྱུང་བ་ལྟ་བུ།

 ངོ་ཡོད་མཁན།
མི་ངོ་ཡོད་མཁན་ཞིག་འདུག ངོ་ཡོད་མཁན་བཟོས།
ཕར་རོགས་རམ་བཟོ་དུས་དྲིན་ཚོར་མཁན།
གཞན་ལ་ལས་ཀ་སོགས་བྱེད་དུས་ཕ་རོལ་པོའི་ཡིད་ཁ་གང་བར་བྱེད་པ།
ངོ་ཐུག་ངོ་རྒྱག
ངོ་ཐུག་ངོ་རྒྱག་བཟོས་ཏེ་བཤད་དགོས།
ཕན་ཚུན་གདོང་བཏུགས་ནས་ར་སྤྲོད་བྱེད་པ།

ང་འགྲོ་ཁོ་འགྲོ
ཚང་མ་ང་འགྲོ་ཁོ་འགྲོ་རེད་འདུག
ལས་དོན་ཆེད་འགྲོ་རྒྱུ་འཚང་ཀ་ཡོད་པ།
དམག་ལ་ང་འགྲོ་ཁོ་འགྲོ་བྱས་སོང་།

ང་ཡིན་ཁོ་ཡིན།
བཤད་དུས་ང་ཡིན་ཁོ་ཡིན་རེད་འདུག
རང་རང་གིས་བཤད་རྒྱུར་འཚང་ཀ་བྱས་པ།
ང་མིན་ཁོ་མིན།
ལས་ཟེར་དུས་ང་མིན་ཁོ་མིན།
ཟ་ཟེར་དུས་འཚང་ཀ་ཤིག་ཤིག

ང་རབས། ངེད་རབས།
ང་རབས་ལ་རྟ་མང་པོ་ཡོད།
ང་ཚོ་ཞེས་པའི་དོན། གྲོང་པ་དང་སྡེ་པ། ཡུལ་ཕྱོགས་སོགས་ལ་གོ་བ་ལས། ཁྱིམ་གཅིག་ལ་བཤད་པའི་སྐབས་ཀྱི་ང་ཚོ་ལ་རྟ་ཡོད་ཅེས་པར། ང་རབས་ལ་རྟ་ཡོད་མི་ཟེར།
ང་རིགས་བཅས། ང་བཅས།
ང་རིགས་བཅས་པ་སླེབས་ཡོང་། ང་བཅས་སླེབས་ཡོང་།
ང་ཚོ་ཚང་མ་ཞེས་པའི་དོན། (ཁ་ཤས་ཀྱིས་རིགས་གཅིག་པ་ཞེས་འབྲི།)

ང་རིགས་ཚང་།
ང་རིགས་ཚང་འགྲོ ཁོ་རིགས་ཚང་སྐྱུར་ཤོག
ང་རང་ཚོ་ཞེས་པའི་དོན།
ངུ་རྡུང་།
ཨ་མས་ངུ་རྡུང་སྤྲོད་བྱུང་།
ངུས་ནས་ཞུ་བ་བྱས་པ། བུ་ཁ་ལ་མི་ཉན་དུས་ཨ་མས་ངུ་རྡུང་སྤྲོད་པ།
ངུ་ནས་འཛིང་པ། མནའ་མས་ངུ་རྡུང་སྤྲོད་ཐོས།
ངུ་ཤར་རྒྱག
ཨ་མས་ངུ་ཤར་བརྒྱབ་སོང་།
ཚང་མའི་གོ་བར་བྱས་ཏེ་ངུ་ནས་སེམས་སྡུག་དང་ཞུ་བ་བྱས་པ།

ངོ་འགྲོ་ཡོད་མི།
མི་ངོ་འགྲོ་ཡོད་མི་ཞིག་འདུག
ངོ་ཤེས་མང་བ། ངོ་ཡག་པོར་ཤེས་པ།
ངོ་ཤེས་ཤེས་རྒྱུས་ལོན་ལོན།
ངོ་ཤེས་ཤེས་རྒྱུས་རྒྱུས་ལོན་ལོན་བཟོ་མ་ཡོང་།
ངོ་ཡག་པོ་ཤེས་དུས་རྒྱུས་ལོན་མདོག་བྱེད་པ།

ངོ་རྩིས་ལེན།
ངོ་རྩིས་ལེན་ནས་ཨེ་ཚང་ལྟོས།
མི་ངོ་ཡོད་ཨེ་འདུག་གིས་རྩིས་ལེན་པ།

ངོ་མ་ཆེ།
ངོ་མ་ཆེ་བཤད་ལེ་ཡིན།
དངོས་གནས་དྲང་གནས་ཀྱི་དོན།



Powered by Blogger.