ཕྱི་སྡོད་བོད་རིགས་ཚོས་བོད་ཡིག་མ་སྦྱོང་ན་ཆོག


(རྩོམ་ཡིག་འདིས་སྐད་ཡིག་དེ་ཉིན་རྒྱུན་འཚོ་བའི་ནང་བེད་སྤྱོད་ཡོང་ཐབས་ཤིག་བྱེད་མ་ཐུབ་ན་འཇིག་ཉེན་ཡོད་པ་དང་མི་རབས་རྗེས་མ་ཚོས་སྐད་ཡིག་འདོར་སྲིད་པའི་ཉེན་ཁའི་རང་བཞིན་གླེང་ཡོད།)

བོད་ཀྱི་ནང་བསྟན་ལ་སློབ་གཉེར་བྱེད་མི་ཐུབ་པའི་བོད་རིགས་ཚོས་བོད་སྐད་ཙམ་མ་བརྗེད་ན་དེས་འགྲིག དེ་མིན་བོད་ཀྱི་སྐད་ཡིག་ནང་དུ་འཚོ་གནས་ལ་ཕན་པའི་ཆ་ཞིག་ཧ་ལམ་མེད། དེ་ལས་ཁྱེད་ཚོས་དབྱིན་དང་རྒྱ་ཡིག་སྦྱོངས་དང་ཉིན་རེའི་བྱ་བཞག་གི་དགོས་མཁོ་སྐོང་ཐུབ།

སྐད་ཡིག་ཅེས་པ་དེ་ཐོག་མ་བྱུང་དོན་ཡང་འཚོ་གནས་ཀྱི་དགོས་མཁོ་ཆེད་རེད། སྐད་ཡིག་གང་ཞིག་གིས་འཚོ་གནས་ཀྱི་དགོས་མཁོ་ལ་ཕན་ཐོགས་ཆེ་བ་སྐྲུན་ཐུབ་ན་དེ་ཉིད་ལ་འཇུག་དགོས། ངེད་ཅག་ཆོས་ཀྱི་ཕ་ཡུལ་དང་ཆོས་ལུགས་སྣ་མང་གི་ཕ་ས་རྒྱ་གར་ལྟ་བུས་ཀྱང་ཧིན་དྷིའི་སྐད་ཡིག་ལས་དབྱིན་སྐད་ཀྱིས་འཚོ་གནས་ལ་ཕན་ཐོགས་ཆེ་བ་མཐོང་ནས་སྤྱི་ཚོགས་སུ་ཧིན་སྐད་ལས་དབྱིན་སྐད་སྤྱད་ཆེ་བ་ཡོད།

དབྱིན་ཇི་སྐད་ཡིག་འདི་རྒྱལ་ཁབ་མང་པོ་ཞིག་གི་ནང་མ་སྐད་ཚུལ་དུ་སྤྱོད་བཞིན་ཡོད་ལ། དེ་ནི། དཔེར་ན། Australia, New Zealand, Canada, South America, སོགས་དང་དེ་བཞིན་རྒྱ་གར་དང་ Caribbean   སོགས་ཀྱི་ནང་དུའང་དར་ཁྱབ་ཆེན་པོ་ཡོད། ཁོ་ཚོའི་མི་རིགས་ཀྱི་ངོ་བོ་བརླགས་ནས་སུ་ཡང་དབྱིན་ཇི་མི་རིགས་ཆགས་མེད་ན་ངེད་ཅག་གིས་དབྱིན་སྐད་སྤྱད་ན་ནམ་ཡང་དབྱིན་ཇི་མི་རིགས་ཆགས་དོན་མེད། 

དུས་དེང་སང་བཀྲས་མཐོང་ལྷ་སྒྲོན་སོགས་བོད་ཀྱི་མི་རབས་གསར་པ་ཆེས་མང་པོ་ཞིག་ནི་ངེད་ཅག་བོད་ཀྱི་སྐད་ཡིག་ཐར་ཐོར་ཤེས་མི་དག་ལས་བོད་ལ་སེམས་ཤུགས་དང་ལ་རྒྱ་ཆེ་ཞིང་། མི་རིགས་ཀྱི་དོན་དུ་ཕྱག་ལས་ཀྱང་ངེད་ཅག་ལས་སྟོང་འགྱུར་གྱི་ཆེ་བ་ལས་བཞིན་པ་མ་མཐོང་ངམ། ངེད་ཅག་བོད་ཀྱི་སྐད་ཡིག་ཤེས་པས་བོད་མི་གསོན་པོ་ཞིག་ཡིན་མདོག་དང་ཁོ་ཚོས་བོད་སྐད་མི་ཤེས་པས་བོད་མི་ཕྱེད་ཀ་ཡིན་ཚུལ་བཤད་པ་ནི་དགོད་བྲོ་བ་ཞིག་མི་འདུག་གམ། 

ལམ་ལྷོང་མ་བྱུང་བའི་མར་ཁེ་སིའི་སྐད་ཆ་སྙིང་པ་ཞིག་བསྐྱར་ཟློས་ཡང་ཟློས་བྱས་ཏེ་ད་རུང་ཡང་གླེང་བཞིན་ཡོད། མར་ཁེ་སི་ལ་འདི་འདྲ་ཡིད་ཆེས་བྱེད་མཁན་བོད་མི་ཙམ་ལས་ཧ་ལམ་མེད་ཚོད་རེད། མར་ཁེ་སིས་དམག་ཤོག་དར་སྤེལ་གྱི་ཧམ་པ་དེས་སྡོམ་ཚིག་བེད་མེད་རེ་འགའ་བཞག་ཡོད་ལ་ལམ་སྟོན་ནོར་བ་མང་པོ་ཞིག་བཞག་ཡོད། འདི་ལ་ཤི་འཐོམ་རོ་འཐོམ་བྱེད་མཁན་ནི་གུང་ཁྲན་དང་བོད་མི་ཙམ་ཡིན་ཤས་ཆེ། རྒྱལ་སྤྱི་ཅན་དུ་འགྱུར་བཞིན་པའི་དུས་སྐབས་སུ་སྐད་ཡིག་ཀྱང་དབྱིན་སྐད་ཅན་དུ་འགྱུར་བཞིན་པའི་དུས་ཚོད་ཅིག་ལ་ད་རུང་སྐད་ཡིག་ཉམས་ན་མི་རིགས་ཉམས་ཟེར་བའི་སྐད་ཆ་རྙིང་པ་དེ་བཤད་མ་སྡོད་རོགས། གལ་སྲིད་དེང་སྐབས་དབྱིན་སྐད་མ་སྐད་ཚུལ་དུ་སྤྱོད་བཞིན་པའི་རྒྱལ་ཁབ་དང་མི་རིགས་དེ་དག་ཉམས་ཆག་ཇི་ཙམ་སོང་ཡོད་པའི་གནས་ཚུལ་འདི་ཡིན་ཟེར་བ་ཞིག་སྟོན་དང་ངས་ཕྱག་ཐལ་མོ་སྦྱར་ཆོག 

གལ་སྲིད་ཁྱེད་ཅག་བོད་ཀྱི་སྐད་ཡིག་ལ་དེ་ཙམ་དགའ་མདོག་ཡོད་ཚེ། ནང་བསྟན་ལ་སློབ་སྦྱོང་བྱེད་དགོས། བོད་ཀྱི་སྐད་ཡིག་ནང་དུ་བསམ་རིན་ཡོད་པ་ཞིག་ནི་ནང་བསྟན་འདི་ཉིད་ཡིན། འདི་ཉིད་ལ་དོ་སྣང་ཙམ་ཡང་མ་བྱས་པར་ད་དུང་བོད་ཀྱི་སྐད་ཡིག་དེ་ཞེ་པོ་ཞིག་རེད་མདོག་མདོག་བཤད་ན་རྫུན་རྫུན་ནག་རེད།

ངས་དེ་སྔ་ནས་བཤད་མྱོང་། ནང་བསྟན་མི་དགོས་མཁན་དག་ལ་ནི་བོད་ཀྱི་སྐད་ཡིག་དེ་ཨུ་ཚུགས་ཀྱིས་འཇུ་དགོས་དོན་གང་ཡང་མེད། སྦྱོང་ཁག་ལ་ཤེས་དཀའ་བའི་སྐད་རིགས་སུ་ཚུད་པའི་སྐད་ཡིག་དེས་རང་ཉིད་ཀྱི་འཚོ་གནས་ལ་ཕན་ནུས་ཙམ་ཐོན་ན་ཨུ་ཚུགས་རེ་བྱེད་ནའང་རྒྱུ་མཚན་ལྡན་ཡོད། རང་ཉིད་ཀྱི་སྐད་ཡིག་དོ་ཟེར་ནས་ཤི་འཇུ་རོ་འཇུ་ཙམ་གྱིས་ནི་ཅི་ཡང་མི་ཕན། ད་བར་སྐད་ཡིག་སྟོང་ཕྲག་ལྷག་ཅིག་རྩ་མེད་དུ་འགྲོ་ཟིན་ཞིང་ད་རུང་སྤྱི་ཚོགས་སུ་དགོས་མཁོ་སྐོང་མི་ཐུབ་པའི་སྐད་ཡིག་གང་མང་རྩ་སྟོང་འགྲོ་རྒྱུ་ཉག་ཅིག་རེད། སྐད་ཡིག་ཙམ་ལ་ནི་ཧང་སང་དོན་ཅི་ཡང་མེད་ལ་མི་སྟོང་ཚོ་ཁ་ཤས་ལས་མེད་པའི་མི་རིགས་རེ་འགས་ཀྱང་རང་གི་སྐད་ཡིག་དེ་སྤྱད་ནས་རང་གི་སྐད་ཡིག་ལས་ཡག་ཅིག་མེད་རབས་གླེང་ནས་ཉི་མ་ཕུད་དེ་སྡོད་ཡོད། ངེད་ཅག་བོད་ལའང་རྟའུ་དང་མི་ཉག་ཅོ་ནེ་དཔའ་རིས་སོགས་ཀྱི་ལོག་སྐད་དེ་ལྟ་བུ་ཡོད་པས་དེ་དག་ནི་ཧ་ཅང་རྩ་ཆེར་བརྩིས་ནས་སོར་གང་མི་གློད་པར་སྡོད་ནའང་དགོས་པ་ནི་དེ་ཙམ་རེད། 

བོད་ཀྱི་སྐད་ཡིག་དེས་ཕན་བདེ་རླབས་ཆེན་སྐྲུན་ས་ནི་ནང་བསྟན་ཆོས་ལུགས་དེ་ཉིད་ཡིན་ལ། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཅི་ལའང་ལག་མི་འགོར་བར་བེད་སྤྱོད་ཆོག་ཆོག་ཅིག་བཟོས་ཡོད། ནང་ཆོས་སློབ་གཉེར་གྱིས་མི་ཚེ་རྫོགས་དགོས་པའི་གྲྭ་བཙུན་ཚོས་སྐད་ཡིག་བེད་སྤྱོད་བཏང་རྗེས་སྐད་ཡིག་གི་ཁྱབ་ཁོངས་ཇེ་ཆེར་སོང་ཡོད་ལ་ཆོས་ལུགས་ཐད་ནས་མིང་ཚིག་ཧ་ཅང་ཕྱུག་པོར་བཟོས་ཡོད། བོད་ཀྱི་སྐད་ཡིག་དང་གྲྭ་བཙུན་བར་ཕན་ཚུན་རམ་འདེགས་ཤུགས་ཆེན་བྱས་ལ་གཉིས་ཀའི་ནུས་སྟོབས་ཀྱང་ཇེ་ཆེར་སོང་ཡོད། འོན་ཀྱང་ནང་བསྟན་འདི་ཉིད་མེད་རླབས་སུ་སོང་ཚེ་བོད་ཀྱི་སྐད་དེ་ལའང་རིན་མཐོང་གང་མེད་པ་ནི་ཟམ་གདོང་རིན་པོ་ཆེས་ཆོས་ལུགས་དར་ན་མི་རིགས་ཉམས་ཀྱང་ཆོག་ཟེར་བ་ལས་ལེགས་པར་གོ་ཐུབ། ཁ་གསལ་པོ་བཤད་ན་བོད་ལ་ནང་བསྟན་འདི་ཉིད་མེད་ན་རྩ་ཆེན་གྱི་མི་རིགས་དང་རླབས་ཆེ་བའི་སྐད་ཡིག་ཟེར་བ་ཞིག་མེད་པས་ན་ཟམ་གདོང་རིན་པོའི་གསུང་བཤད་དེའང་གནད་ལ་ཁེལ་ཞིང་དོན་ལ་གནས་པ་ཞིག་ཆགས་ཡོད་པ་མཐོང་ཐུབ།  དེ་ནི་ལོས་ཀྱང་ཡིན་ཏེ། རྩ་ཆེན་དང་རླབས་ཆེན་ཞེས་པའང་མི་རིགས་ཀྱི་དགོས་མཁོ་སྐོང་བར་ཕན་གྲོགས་རྒྱ་ཆེར་བྱེད་མིན་ལས། ཆེས་དཀོན་པ་དང་ཧ་ཅང་རྙིང་པ་ཞིག་ལ་རྩ་ཆེན་རྩི་རྒྱུ་ཅི་ཞིག་ཡོད། ལོ་ངོ་སྟོང་ཚོ་སྔོན་གྱི་རྡོ་ལོག་ཅིག་ལ་རྩ་ཆེན་ཡིན་རབས་བཤད་ནས་ཉར་ཚགས་བྱས་ན་དགེ་མཚན་ཞིག་ཡོད་དམ། དེར་དགེ་མཚན་ཡོད་ན་རྙིང་པ་ཡིན་རྒྱུ་ཙམ་རེད། འདི་དང་འདྲ་བར་བོད་སྐད་ཡིག་གིས་མི་རིགས་ཀྱི་དགོས་མཁོ་སྐོང་མ་ཐུབ་ཚེ་རང་གི་སྐད་ཡིག་ཡིན་ཟེར་ནས་དགའ་ཞེན་ཙམ་ལས་འདོར་མི་ཐུབ་པའི་གནས་སྟངས་གང་ཡང་མེད།



Powered by Blogger.