གཤིན་རྗེ་དུར་ས་ནས་གླུ་འདི་བླངས།



རི་འདབས་ནགས་ཀླུང་སྟུག་པོ་གོས་སུ་ཀླུབས།།
རི་སྐེད་སྨུག་པ་འཁྱིལ་ཞིང་ལྷག་རླུང་ལྡང་།།
རི་འགོ་གནམ་ལ་ཟུག་ཅིང་བརྗིད་པ་འདི།།
རི་རྒྱལ་ལྷུན་པོ་དེ་དང་ནོར་ས་ཡོད།།

ཆར་ཆུ་མི་ཁོག་ཐིགས་པས་རི་མོ་བྲིས།།
ལྷག་རླུང་མི་བཀག་ཤུར་ཤུར་གླུ་སྒྲ་གྱེར།།
ཉི་ཟེར་ཉག་ཕྲ་ཁུང་བུ་བརྟོལ་ཞིང་རྒྱུ།།
ཁང་གོག་འདི་ནི་ཁང་པ་མ་ཡིན་སྙམ།།

སྒེའུ་ཁུང་གྲུ་བཞིར་ལྕགས་ཀྱི་དྲ་མིག་གཡོགས།
སྒོ་ཆུང་ནག་རལ་ཟྭ་ཡི་རྟགས་ཐམ་མནན།།
མལ་ས་དེ་ལས་ཁྱིམ་ཆས་མ་ཡོད་ནའང་།། 
བདག་པོ་ཡོད་མདོག་རྐུན་རྒོད་འགོག་ཟོལ་བྱས།།

སྡོམ་ཐག་དྲ་བའི་ཉ་རྒྱ་བླ་བྲེ་ཕུབ།།
གྲོག་ནག་ཁྱུ་འདུས་མགྲོན་པོ་འུར་འུར་འདུར།།
མཚན་གསོལ་མ་ཤེས་སྣ་ཚོགས་འབའ་འབུས་གང་།།
འདི་འདྲ་དེ་ནི་འདྲེ་ཁང་ཨེ་ཡིན་སྙམ།།

ཉི་ནུབ་ཙམ་ལ་ཁྭ་ཏས་ཐན་སྐད་འབྱིན།
མཚན་ཕྱེད་དེ་ན་སྟག་གི་ཧར་སྒྲ་འདོན།། 
ནམ་སྟོད་ཟིན་ན་གླང་གིས་དུང་ཆེན་འབུད།།
དབེན་གནས་ཡིན་ནམ་གཤིན་རྗེའི་དུར་ས་ཡིན།།

འཚུབ་རླུང་རྒོད་དུས་སྡོང་རྒན་དེའང་སྒུལ།།
འུར་ཆེན་ཞིག་གིས་ཁོག་གོག་སྒྱེལ་ལ་ཁད།།
དཔའ་བོ་ཡིན་རུང་བླ་འདར་ས་ཟད་བསྒྱུར།།
སྐྲག་ནས་ཁུམ་པའི་ལུས་ཀྱང་ཇེ་ཐུང་སོང་།

ཉི་སེར་མགོ་ཐད་སླེབས་རུང་དྲོ་རྒྱུ་མེད།།
དུང་ཟླ་ཉལ་གང་ཚེས་རུང་བསིར་སྣང་བྲལ།།
ཧུབ་འཐུང་སྐར་མ་ཤར་དུས་ཉལ་ཚད་ཡིན།།
མཚན་མའི་འཇིགས་སྐྲག་དེའང་འདི་ནས་ཚུགས།།

ཤི་ནས་འགྲམ་རུས་ངོས་སུ་རྩ་ལྡུམ་སྐྱེས།།
ལྷུ་ཚིགས་དགུ་འཐོར་ས་ཡི་གཏིང་དུ་ནུབ།།
མགོ་རིས་གད་ཁ་དེ་ནས་ཕྱེད་ཙམ་མངོན།།
གནས་འདིར་འཆི་ན་འདི་བཞིན་ལོས་ཀྱང་ཡིན་།།

སྒོམ་ཆེན་ཡིན་ན་འདི་ནས་ས་ལམ་ཟིན།
གྲུབ་ཐོབ་འདོད་ན་འདི་ནས་གཅེར་རྒྱུག་ཆོག།
སྨྱོ་འདོད་ཡོད་ཚེ་འདི་ན་ཁེར་འདུག་བགྱིས།།
ཞག་གསུམ་མཐའ་ན་མཆོག་གི་དངོས་གྲུབ་རྙེད།།

རྩ་གསུམ་ལྷ་ཚོགས་མདུན་གྱི་ནམ་མཁར་བསུས།།
དཔའ་བོ་མཁའ་འགྲོ་བར་སྣང་ཁྱོན་དུ་འབོད།།
དྲེགས་པའི་དམག་ཚོགས་རྒྱ་མཚོའི་མཐའ་ནས་བཀུག།།
ཞིང་ཁམས་འདི་ནས་ཤར་མར་ཤོག་ཐོག་བྲིས།།
2017/2/3

ཧུབ=ཡུལ་སྐད། ཐུག་པ་ལ་གོ 

སྐར་མ་དེ་ཤར་དུས་དགོང་མོའི་ཐུག་པ་འཐུང་རན་པས་<ཧུབ་འཐུང་སྐར་མ་>ཞེས་མིང་དེ་ལྟར་བཏགས་འདུག