2015/04/27

བ་ཡུལ་ས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཞུ།



བལ་ཡུལ་གྱི་ས་འགུལ།

ས་ཆེན་གློག་འགྱུ་འགྲེས་པའི་ལྟེབ་སུལ་ན།།
ཨ་ལོང་ཡང་ལོང་བརྒྱུས་པའི་གཡོ་སྐྱོམ་ཁྲོད།།
ཚེ་སྲོག་མེ་ཏོག་ཁུམ་པའི་ཟློས་གར་དེ།།
སྙིང་ལ་གཟན་མ་འདེབས་པའི་ཐོ་བ་ཞིག།

ཁང་བརྩེགས་སྒྱེལ་བའི་ལེབ་མོའི་གཏིང་རུམ་ན།།
སྙོམ་མོ་སྐད་ཀྱིས་བཅོལ་བའི་རེ་བ་དེ།།
ཤ་ཟད་རུས་ལ་འཛེར་བའི་ཆག་ཧྲིལ་དེས།།
ཚེ་སྲོག་མེ་ཏོག་ལྷན་དུ་རྒྱང་ལ་དེད།།

གཅེས་ཕྲུག་པང་དུ་འཁྱུད་པའི་སོག་རུས་སྟེང་།།
སྙིང་ཉེ་ལག་འཇུ་དམ་པའི་ཁྱིམ་ཕུགས་ན།།
ལྗིག་ཐེབས་བླ་གབ་སྟུགས་པོས་བཙུར་མནན་འོག།
ཤ་རུས་ཧྲུག་ཆག་སོང་བའི་ཚུལ་དེ་འཇིགས།།

དཀུ་ཟླུམ་སྐབས་ཕྱིན་གཞོག་བཏུབ་ཕྱོགས་སུ་འཕངས།།
ཕྱག་ཞབས་འཁོར་ལོའི་མཚན་འཁོད་དུམ་བུར་གྱུར།།
དཀྱིས་རིང་སྤྱན་ཟུང་མ་ཟུམ་འགྱིང་པའི་སྐུ།།
ཐལ་རྡུལ་གོད་ཆགས་དབུས་ན་ཉམས་རེ་ང་།།

ས་ཆེན་འཁྲོས་པའི་འཕག་འཚག་ཟུར་ཐོ་དེ།།
ཁ་ཤོར་མཆོད་རྟེན་བང་རིམ་སྟེང་དུ་བྲིས།།
མི་ནག་སྐྱེ་བོས་བཟོས་པའི་ཆག་སྒོ་འདི།།
མ་བརྗེད་དྲན་རྟེན་ཚུལ་དུ་ཉར་ནས་འདུག།
---------------------

བལ་པོ། ཚེ་སྲོག་སྙིང་རྗེ་མོ། 

གནའ་སྔ་མོ་སྔ་མོ་ཞིག་ནས་
མེས་པོ་ཨ་མྱེས་ཚོའི་དུས་སྐབས་ནས་
ཨ་ཅེ་ཁྲི་བཙུན་དང་ཁོང་གི་ཉེ་དུ་རྩ་ལག་
མི་བསྐྱེད་རྡོ་རྗེའི་འགྲུལ་བཞུད་རིང་མོ་
བྱ་རུང་ཁ་ཤོར་གྱི་གཏམ་རྒྱུད་སྙིང་རྗེ་མོ་
བལ་པོ་དང་བལ་ཡུལ་
མི་དམངས་ཀྱི་ཁ་ལྕེ་བར་ནས་འཆད་པའི་བལ་པོ་
ཧ་ཅང་ཉན་སྤྲོ་བའི་གཏམ་རྒྱུད་ནང་གི་བལ་པོ་
དད་པའི་ཕྱག་སོར་ན་འགྱིང་བའི་བལ་པོ་
ལྷ་ཡི་ཞིང་ཁམས་སུ་བསྒམ་སའི་བལ་པོ་
ཡུལ་གྲུ་ཁྱད་མཚར་བའི་བལ་པོ་
གནའ་གཏམ་དང་གཏམ་རྒྱུ་ཁྲོད་ཀྱི་བལ་པོ་
ད་དུང་་་་་

བརྡ་འཕྲིན་གྱི་སྐུད་སྣེ་ན་གྲགས་པའི་བལ་པོ་
བརྙན་མིག་གི་རྒྱ་མོ་ན་འཆར་བའི་བལ་པོ་
ཐལ་རྡུལ་དང་འཐོར་ཞིག་
ངུ་འབོད་དང་འཇིགས་སྐྲག་
ཚེ་སྲོག་སྙིང་རྗེ་མོ་དེའི་འགྲམ་ངོས་ན་
ཨར་འདམ་དང་རྣོ་ལྕགས་ཀྱིས་འཛེར་ནས་
རྩིགས་རྡོ་དང་གནམ་གཅལ་གྱིས་བཙུར་ནས་
ཨ་ཤིང་དང་སྒོ་ཐེམ་བར་ན་་་་
ད་དུང་་་་་་་

རླུང་ལ་སྤུར་བའི་རྣམ་ཤེས་ཡངས་མོ་
ཁད་ཀྱིས་ཞིམ་པའི་ཚེ་སྲོག་ཕྲ་མོ་
མེ་ཏོག་ལྟར་ཁུམ་གྱིན་པའི་ལུས་གཟུགས་དེ་དག་
མ་ཡུམ་ས་ཆེན་སྐྱོམ་པའི་ལྟེབ་ཁུག་ན་
རང་བྱུང་འབྱུང་བ་འགྲེ་བའི་སྒལ་གཞུང་ནས་
བརྗོད་ཀྱང་མི་ཕོད་པའི་ཆག་སྒོ་འདི་དག་
བསམ་ཡང་མི་ནུས་པའི་འཇིགས་སྐྲག་འདི་ཚོ་
ད་དུང་་་་་

2015/04/22

སྐད་ཆ་འདི་ཚར་གཅིག་ཉན་རོགས།


མདང་ནུབ་ང་རང་ལ་ངོ་དེབ་བརྒྱུད་ཨིན་ཡིག་གི་ལམ་ནས་ཡི་གེ་འགའ་འབྱོར་སོང་། ངས་ཁོ་ལ་སྐད་སྐུར་ཤོག་ལབ་པ་བཞིན་སྐད་ཆ་སྐུར་ནས་ངེད་གཉིས་ཕར་ཚུར་ཐེངས་མང་བཤད་རེས་བྱས་པ་ཡིན། ང་རང་ལ་བསམ་ཡུལ་ལས་འདས་པའི་སེམས་སྡུག་དང་སེམས་པ་ལྗིག་ཏིག་ཏིག་ཅིག་གིས་མནན་བྱུང་།

ཁོང་ནི་མ་སུ་རི་ནས་སློབ་ཐོན་བྱས་ཏེ་ད་སྐབས་སློབ་གྲྭ་གཞན་ཞིག་ཏུ་ཡོད་འདུག་ཅིང་རྒྱ་གར་སླེབས་ནས་ལོ་ངོ་བཅུ་ཙམ་སོང་འདུག་པ་དང་། ཁོང་གིས་ཟེར་ན་སློབ་གྲྭ་ནང་དུ་ཧ་ལས་པའི་འཚོ་བ་སྐྱོ་པོ་སྐྱེལ་བ་ཡིན། འདིར་ཕྱོགས་སྤུན་མཆེད་དང་ངོ་ཤེས་སུ་གང་མེད་པས་སློབ་གྲྭའི་གུང་སེང་ཟླ་ངོ་དེ་དག་གང་ལའང་འགྲོ་ས་མེད་པ་ལྷག་སོང་། ད་སྐབས་ཀྱི་སློབ་གྲྭ་དེ་ན་སྔ་བཞིན་མིན་པར་འགྲོ་སོང་ཡང་མང་པོ་ཞིག་སྒེར་ངོས་ནས་གཏོང་དགོས་ཀྱི་འདུག སྤུན་མཆེད་དང་ངོ་ཤེས་སུ་ཡང་མེད་པས་དཀའ་ལས་ཁག་པོ་དཔེ་འདུག་ཅེས་ཁ་གསང་པའི་ཐོག་ནས་བཤད་སོང་། 
ངས་ལེན་འདེབས་ཅི་འདྲ་ཞིག་བྱེད་དགོས་མིན་མ་ཤེས་པར་རེ་ཞིག་ལུས་སོང་། འོན་ཀྱང་མཐའ་མར་ངས་ཁ་གསང་པོའི་ཐོག་ནས་དོན་དངོས་བཤད་པ་ལས་བྱ་ཐབས་མ་རྙེད། 

ང་རང་གྲྭ་ས་སླེབས་ནས་ལོ་༡༦ཙམ་ཡིན་ལོ་དུས་དེ་དག་རིང་དུ་འཚོ་བ་སྐྱོ་པོ་སྐྱེལ་ནས་སླེབས་པ་ཞིག་ཡིན། ད་སྐབས་ཡིན་རུང་སྐུ་འགྱེད་གསོགས་ནས་ཁ་གསོ་ཐབས་ཙམ་ལས་ཅི་ཡང་མེད་མཁན་ཞིག་ཡིན་དེ་བཞིན་གྲྭ་པ་མང་ཆེ་བ་ཞིག་དེ་འདྲ་རེད། ཁྱེད་ལ་རོགས་རམ་བཟོ་ཐུབ་པའི་ནུས་པ་གང་ཡང་མི་འདུག ངོ་མ་ཡིན། ངས་དུས་རྒྱུན་སློབ་ཕྲུག་གུང་སེང་ལེན་མཁན་མེད་པའི་དཀའ་ངལ་དང་སློབ་ཐོན་བྱས་ནས་འགྲོ་ས་མེད་པ་དང་རོགས་རམ་བྱེད་མཁན་མེད་པའི་དཀའ་ངལ་མི་ཉུང་བ་ཞིག་ཤེས་གི་ཡོད། རང་ལ་ནུས་པ་ཞིག་ཡོད་ན་ངོ་མ་ཡིན་གུང་སེང་ལེན་རྒྱུ་ཙམ་རེ་ལོས་བྱེད་བསམ་གི་ཡོད། འོན་ཀྱང་གྲྭ་པའི་འཚོ་བ་ནི་སྟབས་བདེ་དང་འཚོ་བ་གཞན་བརྟེན་ཡིན་པས་གཞན་ལ་རོགས་རམ་བྱེད་རྒྱུ་ནི་དཀའ་ལས་ཁག་པོ་རེད། འདི་ལྟར་རང་གི་དངོས་ཡོད་ཀྱི་འཚོ་བ་དག་བཤད་ཡོད། 

སློབ་ཕྲུག་གཅིག་གུང་སེང་ལེན་རྒྱུ་ནི་ཧིན་སྒོར་ཆིག་ཁྲི་ཙམ་གྱི་འགྲོ་སོང་གི་ལས་ཀ་ཞིག་ཡིན་པས་ངེད་ལ་ནི་ལོ་རེའི་ཡོང་འབབ་ཀྱང་དེ་འདྲ་མེད། འོན་ཀྱང་འཚོ་བ་ཅུང་བཟང་བའི་ཁྱིམ་ཚང་དང་ཕྱི་རྒྱལ་དུ་བཞུགས་པའི་བོད་པ་གང་མང་ཞིག་ལ་ཧིན་སྒོར་ཆིག་ཁྲི་ཙམ་ནི་དེ་ཙམ་ཆེ་པོ་ཞིག་མ་རེད་སྙམ། 

སླད་ནས་རང་རང་གི་འཁོས་འབྱོར་ལ་དཔག་སྟེ་བོད་ནས་ཡོང་ཞིང་ལྟ་རྟོག་བྱེད་མཁན་མེད་པའི་སློབ་ཕྲུག་གཅིག་གཉིས་རེ་གུང་སེང་ལེན་པའམ་ཟླ་རེ་ཧིན་སྒོར་གཅིག་སྟོང་ཙམ་རེ་སྐུར་ཐུབ་ན་ཁོ་ཚོའི་འཚོ་བ་ལ་ཅུང་ཕན་ཐོགས་ངེས་པར་ཡོང་ཐུབ། འདི་ནི་དེ་ག་ཙམ་མིན་པར་སློབ་གྲྭ་དང་འབྲེལ་བ་བྱས་ཏེ་དངོས་ཡོད་དཀའ་ངལ་ཅན་དག་ལ་རོགས་རམ་བྱེད་ཐབས་དང་དེ་ལས་ཅུང་ནུས་པ་ཡོད་མཁན་དག་གིས་སློབ་ཐོན་བྱས་ཏེ་མཐོ་སློབ་དང་ཡོང་ན་ལག་ཤེས་སྦྱོང་བརྡར་ཁག་གི་འཚོ་བའི་འགྲོ་སོང་ལ་རོགས་རམ་རེ་བྱེད་ཐུབ་ན་ཧ་ཅང་ཕན་པ་ངེས་ཅན་རེད། 
ཨང་རིམ་ཐོན་པོ་བླངས་བའི་སློབ་ཕྲུག་དག་ལ་གཞུང་གི་རོགས་རམ་ཡོད་རུང་དེ་མིན་སློབ་ཐོན་དག་ལ་རོགས་རམ་ཅི་ཡོང་མེད་སྟབས་སློབ་གྲྭ་ཐོན་ཉིན་ནས་ཉིན་རེའི་འཚོ་བ་ཡང་སྐྱེལ་དཀའ་བའི་ཚོད་དུ་སླེབས་ཀྱི་ཡོད་འདུག

ཁྱེད་ཉིད་ལྟ་རྟོག་བྱེད་མཁན་མེད་པའི་སློབ་ཕྲུག་ཅིག་ཡིན་ན་འཛིན་གྲྭ་བཅུ་གཉིས་ཐོན་མཚམས་གང་ལ་འགྲོའམ་ཉིན་རེ་ལྟོ་ཐེངས་གཅིག་ཟ་དགོས་རུང་སྒོར་མོ་འདང་ངེས་ཡོད་དམ། འདི་ལྟར་བསམ་དུས་སློབ་ཕྲུག་མང་པོ་ཞིག་འཚོ་བ་སྐྱེལ་ཐབས་བྲལ་བའི་གནས་སུ་ལྷུང་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད།   
 
ངེད་ཅག་ལ་རོགས་རམ་བྱེད་པའི་ཕྱི་རྒྱལ་བ་དེ་ཚོ་དཔལ་འབྱོར་འབྲིང་གྲས་དང་མང་ཆེ་བ་སྐྱོ་པོ་རྐྱང་ཡིན་འདུག འོན་ཀྱང་རང་གི་ཡོང་འབབ་ལས་ཟླ་རེར་ཨ་སྒོར་༡༠ཙམ་རེ་སྐུར་ཏེ་རོགས་རམ་བྱེད་བཞིན་ཡོད། ངེད་ཅག་བོད་མི་འབྱོར་འབྲིང་དང་ཡོང་འབབ་ཡོད་པའི་བོད་མི་ཚོས་རང་གི་་ཡོང་འབབ་ལས་ཟླ་རེ་ཧིན་སྒོར་༡༠༠༠རེ་སྐུར་ཏེ་སྦྱིན་བདག་རེ་བྱེད་ཐུབ་ན་ཅི་འདྲའི་ཡག་པོ་ཡོད།

མ་མཐའ་ཡང་ཨུ་ཐུགས་ཐབས་ཟད་ཀྱི་ལས་ཀ་དེ་འདྲ་བྱེད་པའི་གཞོན་སྐྱེས་ཉུང་དུ་འགྲོ་རྒྱུ་དང་འཚོ་བ་ལ་ཡིད་ཐང་ཆད་ནས་དུ་ནག་དང་ཆང་འཐུང་གིས་སྨྱོན་པ་བཟོ་བའི་ཐབས་ལམ་དེ་འདམ་མི་སྲིད།

2015/04/20

བདག་གི་དྲ་ཚིགས་དང་རྨི་ལམ།


དགའ་ཕྱོགས་འདི་གང་ནས་རྙེད་པ་མ་ཤེས་ལ་དུང་བ་འདི་ཇི་ལྟར་ལོབས་པ་མ་རྟོགས་པའི་མི་ཚེ་འགྲུལ་བཞུད་ཁྲོད་ན་དགའ་ཕྱོགས་ཤིག་དང་དུང་བ་ཞིག་སྔ་མོ་སྔ་མོ་ནས་ཡོད་འདུག འདོར་མི་ཐུབ་པའི་དགའ་ཕྱོགས་དེ་དང་བསྒྱུར་མི་གཏུབ་པའི་དུང་བ་དེ་ཡིས་ངེད་ཀྱི་མི་ཚེ་ལ་སྤྲོ་སྣང་དང་རེ་བ། ཆེས་སྐྱིད་པོའི་རྨི་ལམ་རེ་རྟག་ཏུ་རྨིས་འཇུག་པས་ནམ་ཡང་ང་རང་སྤྲོ་སྣང་གི་ཕྱོགས་སུ་གོམ་པ་རེ་རེ་བཞིན་སྤོ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད།
མི་ལོ་བཅུ་ལ་རུམ་པའི་རྨི་ལམ་དེ་ནི་ཐུང་ཐུང་ཞིག་མིན་ལ་དྲན་ངོས་ན་གསལ་བའི་མི་ལོ་དེ་དག་གི་ཁུག་པ་ན་ཆེས་དཀའ་སྡུག་བཙུར་མནན། གོམ་པ་རེ་རེའི་འདེགས་འཇོག་ཀྱང་ལྗིག་ཏིག་ཏིག་རེ་ཡོད་པ་ན། སུག་བཞི་འཛུགས་དགོས་ཐུག་རུང་ཨ་ནན་ཨུ་ཚུགས་ཀྱིས་འགོས་པའི་འབར་འབུར་ལ་ལྕོག་གི་ཉ་ག་ནས་རྦབ་འདྲིལ་གྱིས་ལ་འདབས་ལ་སླེབས་ཡོད་པས། ཕྱི་བལྟས་རེ་བྱེད་དུས་མགོ་བོ་ཕར་གཡུག་ཚུར་གཡུག་གིས་དབུགས་རིང་རེའང་ནར་གྱིས་ཤོར་འགྲོ། 
ད་རེས་ཀྱི་རྒྱལ་ཁའི་རྔ་ཆེན་རྡུང་བའི་སྐད་སྒྲ་དེས་ངེད་ཀྱི་རྨི་ལམ་དེ་རྨི་ལམ་ཞིག་མ་ཡིན་པར་རང་ལག་དྲོད་མོ་ན་ཆུ་བུར་མིག་གིས་ལྟ་ཉན་མྱོང་གསུམ་བྱེད་ཐུབ་པས་རྨི་ལམ་མངོན་འགྱུར་བྱུང་བའི་རྣམ་འགྱུར་གསོན་པོ་དེ་གྲུབ་ཡོད་པ་དཔང་པོར་བྱས། 
ད་ཐེངས་ཀྱི་སྲོང་བཙན་ཟིན་བྲིས་ཀྱི་ཇུས་འགོད་ནི་ཇུས་འགོད་ཆེས་གསར་ཤོས་ཤིག་ལ་ཇུས་འགོད་འདི་འདྲ་བ་ནི་ད་བར་བོད་ཀྱི་དྲ་ཚིགས་རེ་གཉིས་ཙམ་ལས་མི་འདུག དྲ་ཚིགས་ཀྱི་པར་གཞི་ཆེ་ཆུང་གསུམ་དང་ཡང་ན་པར་གཞི་མི་འདྲ་བར་ལྔ་ཡོད་ཟེར་ཡང་ཆོག གློག་ཀླད་(tablet,iPad) དང་ཁ་པར་གྱི་པར་གཞི་སོ་སོར་ཡིན་ལ་iPad དང་ཁ་པར་ནས་ཞེང་དང་སྲིད་ལའང་པར་གཞི་མི་འདྲ་བ་བཟོས་ཡོད། 
དཀར་ཆག་ཚན་པ་ནི། མདུན་ངོས། འབོལ་རྩོམ། རྩོམ་བཏུས། འཚོ་བའི་ཟིན་ཐོ། ཆ་འཕྲིན། སྙན་ཚིག་ཟུར་ཉར། རིག་ཚན་གཞན། བཅས་དགར་ཡོད་ལ། པར་གཞི་མདུན་ངོས་ཀྱི་ཚན་པ། འཚོ་བའི་ཟིན་ཐོ། འབོལ་རྩོམ། ཆ་འཕྲིན། རྩོམ་ཡིག་གསར་ཤོས། སྙན་ཚིག རིག་ཚན་གཞན། ཀློག་གྲངས་མང་ཤོས། དྲ་ཚིག་བདག་པོ། ཡིག་ཚགས། སྡེ་ཚན།  འབྲེལ་བ་བྱེད། འདི་ལྟར་ཚན་པ་ཆེ་ཆུང་དུ་མ་ཡོད། དྲ་ངོས་ནས་རྩོམ་ཡིག་ལ་ Google,LiveJoural,wordPress,TyprPad,AIM,OpenID བཅས་ཀྱི་ཁ་བྱང་གང་རུང་སྤྱད་ནས་མཆན་བཀོད་གནང་ཐུབ་ལ་གློག་འཕྲིན་ཡང་གཏོང་ཆོག། 
ད་སྐབས་གློག་ཀླད་ལསiPad དང་ཁ་པར་བེད་སྤྱོད་གཏོང་མཁན་མང་བར་བལྟས་ཏེ་iPad དང་ཁ་པར་གྱི་པར་གཞི་རན་པོ་བཟོས་ནས་ཀློག་པ་པོ་ལ་སྟབས་བདེ་བྱས་ཡོད། Rssདྲ་ཤོག་ཀྱང་བཟོས་ཡོད་པས་Rss ཀློག་ཆས་དག་ལས་སྟབས་བདེ་ཐོག་ནས་ལྟ་ཀློག་བྱེད་ཐུབ། 
ད་དུང་ཆེས་རྣམ་པ་གསར་པ་ཞིག་ནི་དྲ་ངོས་ཡིག་གཟུགས་monlam uni ouchan1 གཏན་འཇག་བཟོས་ཡོད་པས་ཁྱེད་ཀྱི་ཁ་པར་གྱི་ཡིག་གཟུགས་ཅི་ཡིན་མིན་ལ་མ་ལྟོས་པར་དྲ་ངོས་ཀྱི་གཏན་འཇག་ཡིག་གཟུགས་ཧ་ཅང་སྙིང་རྗེ་པོ་དེ་མཐོང་ཐུབ། Samsung ཁ་པར་སྤྱོད་མཁན་དག་གིས་Google chromeསོགས་དྲ་འབྱེད་མཉེན་ཆས་ལས་བོད་ཡིག་གི་དྲ་ཚིགས་ལྟ་ཀློག་མི་ཐུབ་པའི་དཀའ་ངལ་ཡོད་མུས་ལ། འོན་ཀྱང་ཐབས་ལམ་མེད་པ་ཞིག་མ་ཡིན་ཏེ། UC browser ཕབ་ལེན་བྱོས་དང་དེ་ནས་བོད་ཡིག་གི་དྲ་ཚིགས་ལྟ་ཀློག་ལ་དཀའ་ངལ་ཅི་ཡང་མེད་ལ། སྲོང་བཙན་ཟིན་བྲིས་ཀྱང་བདེ་བླག་ངང་ཀློག་ཐུབ། 
གང་ལྟར་ཁྱེད་ཀྱིས་ཐུགས་སྣང་ཀྱིས་རྒྱབ་སྐྱོར་དང་ཡང་ན་བསམ་ཆ། ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གང་ཡོད་རུང་དྲ་ངོས་ན་མཆན་བཞག་རོགས། 
ཀློག་པ་པོ་ཁྱེད་ཉིད་མེད་ན་ངེད་ཀྱི་དྲ་ཚིགས་ཇུས་འགོད་སྙིང་རྗེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཇི་ལྟར་ཡོད་རུང་གནའ་མ་ལེན་མཁན་མེད་པའི་བུ་མོ་མཛེས་མ་དང་ཆེས་ཤིན་ཏུ་རབ་ཏུ་འདྲ་བ་ཡིན་ནོ།།

2015/04/18

སྣང་ལ་མ་ངེས་པའི་བློ་ཡོད་མེད་ལ་དཔྱད་པ་རང་སྣང་མ་བཅོས་ལྷུག་བརྗོད།


                                      སེར་བྱེས་དངོས་དགའ།

ཡ་གི་ལྷ་ལ་ལོག་དགར་དམིགས་བསལ་མེད། །
མ་གི་བྲན་ལའང་དོག་ལྟ་གདོད་ནས་བྲལ། །
ཡོད་ཚད་དྲང་ཐད་གཅེས་པའི་རིགས་འཕྲུལ་ལ། །
སྙིང་ནས་གུས་ཤིང་བརྩེ་བས་ཤིས་པ་སྩོལ། །
རྟོག་འཆར་རིགས་རླབས་གནད་གསང་མཐའ་དང་བྲལ། །
རེ་རེ་གཅོད་ཀྱང་དཀའ་སྡུག་དཔག་མེད་ཀྱང་། །
གོ་རྟོགས་རིན་ཆེན་གླིང་གི་ཉམས་ཡངས་པོ། །
ཡིད་ལ་དྲན་པས་དགའ་བ་ལྷང་གིས་སྐྱེ། །
དེ་སླད་ལུང་རིགས་ཚད་ཐུབ་དཔུང་དུ་བསྐྱེད། །
གཟུར་གནས་བློ་ཡིས་དོན་ལ་དམ་འཁྱུད་ཅིང་། །
དགག་གཞག་བྱ་བའི་ཚུལ་ལུགས་གཅེས་བཟུང་སྟེ། །
རང་གི་ཉམས་འཆར་ལྷུག་བརྗོད་འདི་ན་སྤྲོ། །
ཞེས་སྔོན་དུ་འགྲོ་བའི་ཚིག་གིས་ལམ་ཡངས་པོར་ཕྱེ་སྟེ། འདིར་སྐབས་སུ་བབས་པ་བློ་རིགས་བདུན་དུ་གྲགས་པའི་ནང་ཚན་སྣང་ལ་མ་ངེས་པའི་བློ་ཡོད་མེད་ལ་སྤྲོས་དཔྱད་ཀྱི་ལམ་ནས་དོགས་སློང་བྱེད་པ་ལ། སྤྱིར་ས་པཎ་གྱི་རིགས་གཏེར་རྩ་འགྲེལ་དང་། རྗེའི་ཚད་མ་དོན་གཉེར་ཡིད་ཀྱི་མུན་སེལ་དང་། གོ་རམས་པའི་སྡེ་བདུན་རབ་གསལ་དང་རིགས་གཏེར་དོན་གསལ་གཉིས་དང་། ཤཱཀྱ་མཆོག་ལྡན་པའི་རྟོག་གེའི་འཁྲུལ་མཇོམས་ཆེན་མོ་དང་། རྗེ་བཙུན་པའི་སྤྱི་དོན་རོལ་མཚོ་དང་། རྣམ་འགྲེལ་མཐའ་དཔྱོད་དང་། ཀུན་མཁྱེན་འཇམ་བཞད་ཀྱི་རྣམ་འགྲེལ་མཐའ་དཔྱོད་སོགས་ན་སྣང་ལ་མ་ངེས་པའི་བློ་ཡོད་ཅེས་གསལ་བར་གསུངས་ཤིང་དེ་བཞིན་དུ། རྣམ་བཤད་སྙིང་པོ་རྒྱན་ལས། སོ་སོ་སྐྱེ་བོ་ལ་མངོན་སུམ་གྱིས་གཟུང་ཡང་ངེས་པ་མི་སྐྱེད་པའི་སྣང་ལ་མ་ངེས་པ་ཡོད་ལ། འཕགས་པ་ལ་བློ་གྲོས་ཆེན་པོ་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པ་ལྟར་འཕགས་པ་ལ་སྣང་ལ་མ་ངེས་པ་མི་སྲིད་པའི་ལན་འདེབས་པ་ཡིན་ནོ། །ཞེས་སོ་སྐྱེའི་མངོན་སུམ་ལ་སྣང་ལ་མ་ངེས་པའི་བློ་ཡོད་པ་གསུངས་སོ། །ཀུན་བཏུས་དར་ཊཱིཀ་དང་རིགས་རྒྱན་ལས་ཀྱང་། གཞན་ལུགས་ཀྱི་སེམས་སེམས་བྱུང་གི་དོན་འགོག་པ་ན། སྣང་ལ་མ་ངེས་པའི་སེམས་སེམས་བྱུང་ལ་གཙོ་འཁོར་གྱི་ཁྱད་པར་བཞག་མི་ནུས་པར་འགྱུར་རོ། །ཞེས་སྣང་ལ་མ་ངེས་པའི་སེམས་སེམས་བྱུང་ཡོད་པར་གསུངས་སོ། །དེ་བཞིན་དུ་སྔོན་གྱི་བཤེས་གཉེན་ཆེན་མོ་གཙང་ནག་པ་སོགས་ཀྱིས་ཀྱང་བློ་ལ་རིགས་བདུན་དུ་ཕྱེ་ནས་དེ་དག་ལའང་རང་རང་གི་མཚན་ཉིད་དང་མཚན་གཞི་སོགས་བཞེད་པ་མི་འདྲ་བ་མཐའ་ཡས་པ་སྣང་ངོ་། །
འདི་དག་ལ་བརྟེན་ནས་དེང་སང་མཁས་བླུན་ཕལ་མོ་ཆེས་དཔྱད་པ་མེད་པར་ཡིན་ཤག་ཤག་བྱས་ནས་སྣང་ལ་མ་ངེས་པའི་བློ་ཡོད་ཅེས་གཅིག་མཐུན་དུ་ཁས་ལེན་གྱི་འདུག་ལ་ཐ་ན་སློབ་གྲྭ་བ་བྱིས་པ་ལོ་བདུན་བརྒྱད་ཡན་ཆད་ལའང་རླུང་ལྟར་གྲགས་སོ། །
འདི་ལ་གཉིས། སྣང་ལ་མ་ངེས་པའི་བློ་ཡོད་པའི་རྒྱ་གཞུང་གི་ཁུངས་ཡོད་མེད་བཙལ་བ། དེའི་མཚན་གཞིར་གྲགས་པ་དེ་དག་སྣང་ལ་མ་ངེས་པའི་བློ་ཡིན་མིན་ལ་དཔྱད་པའོ། །དང་པོ་ནི། གཞུང་ཀུན་མཁྱེན་འཇམ་བཞད་ཁ་ཅིག །ལེའུ་གསུམ་པར། ཡིད་གཅིག་ཡིན་ཕྱིར་གཞན་ལ་ནི། །ཆགས་པ་གཞན་ལ་མི་འགྲོའི་ཕྱིར། །ཤེས་གཞན་མི་སྐྱེ་ཞེ་ན་མིན། །ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །འཇུག་པ་མཚུངས་ལ་མཚུངས་པའི་ཕྱིར། །ཐམས་ཅད་ཚེ་གཞན་རྟོགས་མི་འགྱུར། །ཞེས་པ་འདིས་སྣང་ལ་མ་ངེས་པའི་བློ་ཡོད་པ་བསྟན་ཞེས་གསུངས། །འདིས་ནི་བྱེ་བྲག་པས་ཡིད་ནི་དྲུག་ལ་སོགས་པའི་དབྱེ་བ་མེད་པར་རྡུལ་ཕྲན་ཙམ་གྱི་རྟག་པ་ཆ་མེད་གཅིག་ཡིན་པའི་ཕྱིར་དེ་མིག་གི་དབང་པོའི་སྒོར་ཞུགས་ཏེ་གཞན་གཟུགས་ལ་ནི་ཆགས་པའི་ཚེ་རྣ་བའི་དབང་པོའི་སྒོར་ཞུགས་ནས་གཞན་སྒྲ་ལ་ནི་མི་འགྲོ་བའམ་མི་ཆགས་པའི་ཕྱིར་ཤེས་པ་གཞན་སྒྲ་འཛིན་མི་སྐྱེ་བ་ཡིན་གྱི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་ནས་མི་སྐྱེ་བ་མ་ཡིན་ནོ་ཞེ་ན། ཤེས་པ་རེ་རེ་ཁོ་ན་སྐྱེ་བ་འཐད་པ་མིན་ཏེ་སྐབས་ལ་ལར་རྒྱུད་གཅིག་ལ་འཇུག་ཤེས་དྲུག་ཀ་ཅིག་ཅར་འབྱུང་བ་ཡོད་པའི་ཕྱིར་རོ། །འཇུག་ཤེས་དྲུག་ཀ་ཡུལ་ལ་འཇུག་པའི་ནུས་པ་མཚུངས་པ་ཡོད་པའི་གང་ཟག་ལའང་ཁྱེད་ལྟར་ན་ཡིད་ཆ་མེད་གཅིག་ལས་མེད་པར་མཚུངས་པའི་ཕྱིར། དེས་དུས་ཐམས་ཅད་ཀྱི་ཚེ་ཡང་ཡུལ་གཅིག་ལས་གཞན་རྟོགས་པར་མི་འགྱུར་བར་ཐལ་ལོ། །ཞེས་བསྟན་པ་ལས་སྣང་ལ་མ་ངེས་པའི་བློ་ཡོད་པ་གཏན་ནས་མི་བསྟན་ཏོ། །དེ་ཡང་མི་སྐྱེ་ཞེ་ན་ཡན་ཆད་ཀྱིས་བྱེ་བྲག་པས་ཡིད་གཟུགས་ལ་ཆགས་པའི་ཚེ་སྒྲ་འཛིན་ཉན་ཤེས་མི་སྐྱེ་ཞེས་པའི་ལན་དུ་སྐབས་ལ་ལར་འཇུག་ཤེས་དྲུག་ཀ་ཅིག་ཅར་འབྱུང་བ་དང་། འཇུག་པ་མན་ཆད་ཀྱིས་འཇུག་ཤེས་དྲུག་ཀ་ཡུལ་ལ་འཇུག་པའི་ནུས་པ་མཚུངས་པ་ཡོད་པ་ལ་ཡུལ་གཅིག་ལས་གཞན་མི་རྟོགས་པར་འགྱུར་རོ་ཞེས་ཐལ་བ་འཕེན་པ་ཡིན་པས་སྣང་ལ་མ་ངེས་པའི་བློ་ཡོད་པར་ཇི་ལྟར་བསྟན་འདུག་ལེགས་པར་སོམས་ཤིག །
ཁྱེད་ཀྱི་བློ་རྩེ་གཏད་ས་ནི། གཞན་རྟོགས་མི་འགྱུར། །ཞེས་པ་ལ་ཡིན་འདྲ་ཡང་དེ་ནི་ཡིད་གཟུགས་ལ་ཆགས་པའི་ཚེ་གཟུགས་ལས་གཞན་སྒྲ་སོགས་རྟོགས་པར་མི་འགྱུར་བར་ཐལ་ལོ་ཞེས་ཐལ་བ་འཕེན་པ་ཡིན་པས་འབྲེལ་གཏན་ནས་མེད་དོ། །རྩ་ཚིག་འདི་དག་གིས་སྣང་ལ་མ་ངེས་པའི་བློ་ཡོད་པ་དངོས་ཤུགས་གང་ལའང་མི་བསྟན་པ་ནི། འདིའི་ཐད་ཀྱི་འགྲེལ་བ་འགྲེལ་བཤད་སྤྱི་དང་ལྷག་པར་དུ་ཐར་ལམ་གསལ་བྱེད་དང་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལ་གཟིགས་ན་ཧ་ཅང་གསལ་ལོ། །
ཡང་ཁ་ཅིག །ལེའུ་གཉིས་པར། རྣམ་ཤེས་ནུས་པ་ངེས་པའི་ཕྱིར། །གཅིག་ནི་གཅིག་གི་རྒྱུ་ཡིན་ཏེ། །རྣམ་ཤེས་དོན་གཞན་ཆགས་པ་ཡི། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཞེས་པ་འདིས་བསྟན་ཞེས་ཟེར། འདིའང་མི་འཐད་དེ། འདིས་ནི་རྣམ་ཤེས་རྣམས་རང་རང་གི་རིགས་འདྲ་ཕྱི་མ་སྐྱེ་བའི་ནུས་པ་སོ་སོར་ངེས་པས་རྣམ་ཤེས་སྔ་མ་གཅིག་ནི་རིགས་འདྲ་གཅིག་ཁོ་ནའི་དངོས་ཀྱི་རྒྱུ་ཡིན་གྱི་གཅིག་གིས་ཐམས་ཅད་ཀྱི་རྒྱུར་མི་བྱེད་དེ། ཡིད་ཀྱི་རྣམ་ཤེས་དོན་གཞན་གཟུགས་ལྟ་བུ་ལ་ལྷག་པར་ཆགས་པ་ཡིས་དེ་མ་ཐག་རྐྱེན་གྱི་ནུས་པ་མེད་པའམ་བཅོམ་ནས་ཡིད་ཀྱི་རྣམ་ཤེས་དེས་དོན་གཞན་སྒྲ་མི་འཛིན་པ་ཡིན་ནོ་ཞེས་བསྟན་པས་སྣང་ལ་མ་ངེས་པའི་བློ་ཡོད་པ་ཇི་ལྟར་བསྟན་འདུག །མ་ཟད་འདིའི་ཐད་ཀྱི་འགྲེལ་བཤད་དག་ལ་གཟིགས་ན་དེ་ལས་ཀྱང་ཁ་གསལ་བ་ཡོད་དོ། །
ཁ་ཅིག །བློ་གྲོས་ཆེན་པོ་མཐོང་ཉིད་ནས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་པ་འདིས་སྣང་ལ་མ་ངེས་པའི་བློ་ཡོད་པ་བསྟན་ཏེ། འདིས་རྣལ་འབྱོར་མངོན་སུམ་གྱིས་གང་སྣང་ཐམས་ཅད་ངེས་པ་དངོས་སུ་བསྟན་པའི་ཤུགས་ལ་སོ་སྐྱེའི་མངོན་སུམ་ལ་གང་སྣང་ངེས་པས་མ་ཁྱབ་པར་བསྟན་པའི་ཕྱིར་ཞེས་ཟེར། ཚིག་རྐང་གཉིས་པོའི་འདིའི་དོན་ཤིན་ཏུ་ལྕི་མོད་འོན་ཀྱང་དངོས་ཤུགས་གང་ལའང་འགྲེལ་ཚུལ་གང་གི་དབང་དུ་བྱས་ཀྱང་སྣང་ལ་མ་ངེས་པའི་བློ་ཡོད་པ་གཏན་ནས་མི་བསྟན་ཏེ། འདི་ལ་གསུམ། བློ་གྲོས་ཆེན་པོ་འཕགས་པ་ཙམ་ལ་བྱེད་པ་པཎ་ཆེན་ཤན་ཏི་པ་བློ་གྲོས་རྒྱལ་མཚན་གྱི་འགྲེལ་ཚུལ་དང་། བློ་གྲོས་ཆེན་པོ་མངོན་ཤེས་ཀྱིས་དབང་འདས་ཀྱི་དོན་མཐོང་བ་ཁ་ཅིག་ལས་བློ་གྲོས་ཆེ་བ་རིགས་སྟོབས་ཀྱིས་དངོས་པོའི་གནས་ལུགས་ལ་སྒྲོ་འདོགས་གཅོད་པར་ནུས་པའི་མཁས་པ་ལ་བྱེད་པ་མཁས་གྲུབ་རྗེའི་འགྲེལ་ཚུལ་དང་། བློ་གྲོས་ཆེན་པོ་འཁྲུལ་རྒྱུ་དང་བྲལ་བའི་སངས་འཕགས་ལ་བྱེད་པ་རྒྱལ་ཚབ་རྗེ་དང་འཇུ་མི་ཕམ་པའི་འགྲེལ་ཚུལ་དང་གསུམ་མོ། །དང་པོ་ནི། བློ་གྲོས་ཆེན་པོའི་འཕགས་པ་རྣམས་ལ་ཁ་དོག་མི་རྟག་པར་རྟགས་ལ་བརྟེན་ནས་སྒྲུབ་མི་དགོས་ཏེ། ཁ་དོག་རྟག་འཛིན་གྱི་འཁྲུལ་རྒྱུ་དང་བྲལ་ཞིང་ཁ་དོག་མཐོང་ཙམ་ནས་ཁ་དོག་མི་རྟག་པ་མངོན་སུམ་གྱིས་ངེས་པར་བྱེད་པའི་ཕྱིར། ཞེས་འགྲེལ་ལ་འཕགས་པའི་གང་ཟག་ཀྱང་འཕགས་པ་མཐའ་དག་ལ་བྱེད་ཟེར་རོ། །
གཉིས་པ་ལ་གཉིས། འདུས་བྱས་ཐམས་ཅད་མི་རྟག་སོགས་སུ་ངེས་པ་བློ་གྲོས་ཆེན་པོ་དང་། གཟུགས་སྒྲ་སོགས་ཀྱི་དངོས་པོའི་རྣམ་པ་ཐམས་ཅད་མཐོང་རྒྱུ་དང་དེ་དག་མི་རྟག་པ་ངེས་རྒྱུ་ལ་བྱེད་པའི་ཚུལ་གཅིག་དང་། རྒྱུ་འབྲས་ཀྱི་འབྲེལ་བ་ལ་མི་རྨོངས་པ་བློ་གྲོས་ཆེན་པོ་དང་ས་བོན་སོགས་རྒྱུའི་དངོོས་པོའི་རྣམ་པ་རྣམས་མཐོང་རྒྱུ་དང་དེ་དག་གིས་འབྲས་བུ་སྐྱེད་ནུས་པ་ངེས་རྒྱུ་ལ་བྱེད་པའི་ཚུལ་དང་གཉིས་སོ། །དང་པོ་ནི། འོ་ན། སྤྱིའི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཡིན། །ཞེས་མངོན་སུམ་གྱིས་མི་རྟག་པ་མཐོང་བ་ལྟར་ངེས་པ་ཡོད་པར་བཤད་པ་དེ། འདི་ལྟར་རྟགས་མེད་བྱིས་པ་གྱི། །ཞེས་སོགས་སུ་བཤད་པ་ལྟར་རིགས་འདྲ་མི་སྐྱེད་པའི་དངོས་པོ་ཐ་མར་མཐོང་བ་ཁོ་ནར་ཟད་དམ་ཞེ་ན། འདུས་བྱས་ཐམས་ཅད་མི་རྟག་པ་སོགས་སུ་ངེས་པའི་བློ་གྲོས་ཆེན་པོས་དངོས་པོ་དེ་མངོན་སུམ་གྱིས་མཐོང་བ་ཉིད་ལས་གང་མངོན་སུམ་གྱིས་མཐོང་བའི་དངོས་པོའི་རྣམ་པ་ཐམས་ཅད་མི་རྟག་པར་རྟགས་ལ་ལྟོས་མེད་དུ་ངེས་པར་བྱེད་ཀྱི་རིགས་འདྲ་ཕྱི་མ་སྐྱེད་པའི་དངོས་པོ་རྣམས་ཀྱང་འདྲ་བས་སྐད་ཅིག་སྔ་ཕྱི་གཅིག་ཏུ་འཁྲུལ་ཏེ་རྟག་པར་སྒྲོ་འདོགས་པ་མེད་དོ། །ཅེས་གསུངས་སོ། །
གཉིས་པ་ནི། ཡང་འདི་ལྟར་སྦྱར་ཏེ། དེ་ལྟར་འཁྲུལ་རྒྱུའི་དབང་གིས་ས་བོན་སོགས་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་པར་རྨོངས་པ་དེ་ཉིད་བཟློག་པའི་ཆེད་དུ་ནི་རྗེས་སུ་དཔག་པ་བརྗོད་པ་ཡིན་གྱི་རྒྱུ་འབྲས་ཀྱི་འབྲེལ་པ་ལ་མ་རྨོངས་པའི་བློ་གྲོས་ཆེན་པོས་དངོས་པོ་དེ་མངོན་སུམ་གྱིས་མཐོང་བ་ཉིད་ལས་གང་མཐོང་བའི་དངོས་པོའི་རྣམ་པ་ཐམས་ཅད་འབྲས་བུ་སྐྱེད་ནུས་སུ་ངེས་པར་བྱེད་ཀྱི་ས་བོན་མྱུ་གུ་མི་བསྐྱེད་པ་སོགས་སུ་སྒྲོ་འདོགས་པ་མེད་པས་དེ་འདྲའི་སྒྲོ་འདོགས་པ་བཟློག་པའི་ཕྱིར་དུ་རྗེས་དཔག་བརྗོད་མི་དགོས་སོ། །འདུས་བྱས་ཐམས་ཅད་མི་རྟག་པ་སོགས་སུ་ངེས་པ་དང་། རྒྱུ་འབྲས་ཀྱི་འབྲེལ་བའི་གནས་ལུགས་ལ་མ་རྨོངས་པ་གཉིས་པོ་དེ་སྐབས་འདིའི་བློ་གྲོས་ཆེན་པོ་ལ་འཇོག་པ་ནི། གཞུང་དོན་འཆད་ཚུལ་གྱི་རིམ་པ་ལ་ལྟོས་པས་ཤེས་ནུས་ལ་མ་ཟད་དེ་གཉིས་མངོན་ཤེས་ཀྱིས་དབང་འདས་ཀྱི་དོན་མཐོང་བ་ཁ་ཅིག་ལས་བློ་གྲོས་ཆེ་བ་ཡིན་པའང་ཊཱིཀ་ཆེན་གྱི་དགོངས་པའོ། །
གསུམ་པ་ནི། འཁྲུལ་རྒྱུ་དང་བྲལ་ཞིང་གོམས་པ་གསལ་བའི་བློ་གྲོས་ཆེན་པོ་རྣམས་ལ་མི་རྟག་པ་རྟགས་ཀྱིས་སྒྲུབ་མི་དགོས་ཏེ། དེ་འདྲའི་བློ་གྲོས་ཆེན་པོས་དངོས་པོའི་དོན་དེ་གང་དང་གང་མཐོང་བ་ཙམ་ཉིད་ལས་མི་རྟག་པ་ལ་སོགས་པའི་རྣམ་པ་ཐམས་ཅད་ངེས་པར་བྱེད་པས་སོ། །དེ་ཡང་བློ་གྲོས་ཆེན་པོ་འཁྲུལ་རྒྱུ་དང་བྲལ་བ་དང་འཁྲུལ་བའི་བསླད་པའི་རྨོངས་པ་དང་བྲལ་བ་ལ་ཐར་ལམ་གསལ་བྱེད་དང་ལེགས་བཤད་སྣང་བའི་གཏེར་ལས་གསལ་བར་གསུངས་པས་བློ་གྲོས་ཆེན་པོ་སངས་འཕགས་ལ་བྱེད་འདུག་སྙམ་མོད་འོན་ཀྱང་རྣམ་བཤད་སྙིང་པོ་རྒྱན་ལས། བློ་གྲོས་ཆེན་པོ་འཕགས་པ་ཙམ་ལ་བྱེད་ཅེས་གསུངས། ཚིག་གི་འགྲེལ་ཚུལ་ཙམ་ལས་དོན་ལ་གང་ཁས་ལེན་ཡང་ཁྱད་པར་དེ་ཙམ་མེད། དེ་ཡང་ཐ་མ་པའི་མཐོང་བ་ལས་བསམ་གཏན་དང་མངོན་ཤེས་ལྡན་པའི་མཐོང་བ་འཕགས་ཤིང་དེ་ལས་རིགས་ཚུལ་གསལ་བའི་རྟོག་གེའི་མཐོང་བ་འཕགས་ལ་དེ་ལས་ཚུལ་ཁྲིམས་དང་སྐྱབས་འགྲོ་དང་ངེས་འབྱུང་ལྡན་པའི་མཐོང་བ་འཕགས། དེ་ལས་ཐེག་དམན་འཕགས་པ་དང་དེ་ལས་ཐེག་ཆེན་འཕགས་པའི་མཐོང་བ་ཁྱད་པར་འཕགས། དེ་ཡང་ས་བཅུའི་ཁྱད་པར་གྱིས་མཐོང་ཚུལ་འཕགས་ལུགས་ཡོད་ཅིང་དེ་ལས་ཀྱང་མཐར་ཕྱིན་པའི་སངས་འཕགས་ཀྱི་མཐོང་བ་འཕགས་པ་ནི། ཆོས་ཉིད་རྒྱུ་འབྲས་ཀྱི་རིགས་པས་གྲུབ་བོ། །དེས་ན་འགྲེལ་ཚུལ་དེ་དག་གང་གི་དབང་དུ་བྱས་ཀྱང་རྩ་ཚིག་འདིས་སྣང་ལ་མ་ངེས་པའི་བློ་ཡོད་པ་གཏན་ནས་བསྟན་མེད་པ་ནི་གཞུང་ཆེན་ལ་དཔེ་ཀློག་ཤེས་མཁན་ཞིག་ཡིན་ན་གསལ་པོ་གསལ་རྐྱང་རེད།
ཡང་ཁ་ཅིག །མངོན་སུམ་ལྟར་སྣང་བསྟན་པའི་ཚད་མ་མདོ་དང་རྣམ་འགྲེལ་གྱི་ཚིག་དག་གིས་སྣང་ལ་མ་ངེས་པའི་བློ་བསྟན་ཞེས་ཟེར་གྱི་འདུག་ཀྱང་བྱུང་རྒྱལ་དུ་སྨྲ་བ་གསལ་ལོ། །རིགས་གཏེར་འགྲེལ་བ་འགྲེལ་བཤད་དང་བཅས་པས། གལ་ཏེ་སྣང་ལ་མ་ངེས་པ། །ཚད་མ་མིན་ན་མངོན་སུམ་ཀུན། །ཚད་མ་མིན་འགྱུར་མངོན་སུམ་ལ། །ངེས་པ་ཉིད་ནི་བཀག་ཕྱིར་རོ། །ཞེས་སྣང་ལ་མ་ངེས་པའི་བློ་ཡོད་ཀྱང་དེ་ཉིད་ཚད་མ་ཡིན་པ་དང་དེ་ཚད་མ་མིན་ན་མངོན་སུམ་ལ་ཚད་མ་མེད་པའི་ཐལ་བར་འགྱུར་བ་དང་། མངོན་སུམ་ལ་ངེས་པ་ཡོད་པ་རང་འགྲེལ་དང་རྣམ་ངེས་སུ་བཀག་པའི་ཕྱིར། ཞེས་ཟེར། དེ་ཡང་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། མངོན་སུམ་ནི་གང་གི་ཡང་ངེས་པར་བྱེད་པ་མ་ཡིན་ཏེ། དེས་གང་ཞིག་འཛིན་པ་དེ་ཡང་ངེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེར་སྣང་བས་སོ། །དེ་བས་ན་ངེས་པ་དང་མ་ངེས་པའི་དབང་གིས་མངོན་སུམ་གྱིས་འཛིན་པ་དང་མི་འཛིན་པ་དག་མ་ཡིན་ནོ། །ཞེས་དང་དེ་བཞིན་དུ་རྣམ་ངེས་ལས་ཀྱང་མངོན་སུམ་ལ་ངེས་པ་མེད་པར་གསུངས་སོ། །ཞེེས་གསུངས་སོ། །འདི་ལའང་བརྟག་པར་བྱ་བ་འདི་ཡོད་དེ། མངོན་སུམ་ལ་ཡུལ་མ་ངེས་པས་ཁྱབ་ན་སངས་རྒྱས་འཕགས་པས་ཡུལ་གང་ལའང་ངེས་པ་མི་ཐོབ་པར་ཐལ། དེ་ལ་རྟོག་པ་ནི་མེད་ཅིང་མངོན་སུམ་ཡོད་ཀྱང་ཡུལ་ལ་ངེས་པ་མི་ཐོབ་པའི་ཕྱིར། འདོད་ན། གང་ཡང་ཐག་མི་ཆོད་པར་ཐལ། གང་ལའང་ངེས་པ་མི་ཐོབ་པའི་ཕྱིར། འདོད་ན་ཧ་ཅང་ཐལ་ལོ། །གཞན་ཡང་མངོན་སུམ་ལ་ངེས་པ་མི་འཐོབ་པས་ཁྱབ་ཅེས་པ་དང་སྣང་ལ་མ་ངེས་པའི་བློ་ཚད་མར་འདོད་པ་ནང་འགལ་ཏེ། ཚད་མ་ཡིན་ན་རང་ཡུལ་ངེས་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་རང་ཡུལ་ལ་མི་བསླུ་བས་ཁྱབ་པས་སོ། །གཞན་ཡང་མངོན་སུམ་ལ་ངེས་པ་མི་འཐོབ་པས་ཁྱབ་ན་སྒྲ་འཛིན་རྣ་ཤེས་ཀྱིས་སྒྲ་མ་ངེས་པར་ཐལ་ལོ། །འདོད་ན། རྣམ་རྩར། དེ་ཡི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་འགྱུར་བ་ཡིན། །ཞེས་གསུངས་པ་དང་དངོས་སུ་འགལ་ཏེ། སཿར་དང་རཿས་ཞེས་ཡི་གེ་སྔ་ཕྱི་རིམ་པ་དེ་ཡི་ཁྱད་པ་ཅན་གྱི་སྒྲ་དེ་ནི་རྣ་བའི་ཤེས་པས་ཐོས་པའི་སྒོ་ནས་ངེས་པར་འགྱུར་བ་ཡིན་ནོ། །ཞེས་འགྲེལ་དགོས་པས་སོ། །གཞན་ཡང་ལེའུ་གསུམ་པར། ནུས་པ་དངོས་པོའི་རང་བཞིན་དུ། །གྱུར་ཀྱང་དེ་མ་ཐག་མེད་པས། །འབྲས་བུ་མཐོང་བ་མེད་པའི་ཕྱིར། །རྨོངས་གྱུར་ངེས་གསལ་མེད་ཕྱིར་རོ། །དེ་ཉིད་བཟློག་པའི་ཆེད་དུ་ནི། །རྗེས་སུ་དཔག་པ་བརྗོད་པ་ཡིན། །བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་པ་གསུངས་པ་དང་འགལ་མི་འགལ་བློ་གསལ་ཞིང་ཡིད་གཞུངས་པའི་མཁས་དབང་དག་གིས་དཔང་པོར་མཛོད་ཅིག །
འོ་ན་རྣམ་འགྲེལ་རང་འགྲེལ་དང་རྣམ་ངེས་ཀྱི་དོན་གང་ཡིན་ནམ་ཞེ་ན། མངོན་སུམ་ཡིན་ན་རང་ཡུལ་ལ་འདི་འདིའོ་སྙམ་པའི་ངེས་པ་མི་འདྲེན་པའམ་ངེས་ཤེས་མིན་པས་ཁྱབ་ཅེས་པའི་དོན་བོད་སྔ་མ་དག་གིས་འགྲེལ་བ་ལྟར་འགྲེལ་དགོས་སྙམ། ཚུལ་འདི་ནི་དཔྱད་མི་བཟོད་པའི་རྣམ་འགྱུར་དུ་དགོངས་ནས་སྤྱིར་མཁས་གྲུབ་ཆོས་རྗེས་རིགས་གཏེར་ལ་རྩིས་ཆེན་གཟུང་གི་ཡོད་ཀྱང་འདིའི་ཐད་ནས་རིགས་གཏེར་དང་ལུགས་སོ་སོར་འཛིན་པར་བྱེད་དོ། །དེ་བཞིན་དུ་དཔལ་ས་སྐྱ་པའི་མཁས་དབང་དུ་མ་ཞིག་གིས་ཀྱང་ཁས་ལེན་གྱི་མེད། འོ་ན་རིགས་གཏེར་དར་ཊཱིཀ་ཏུ། གལ་ཏེ་རང་མཚན་སྣང་ཡང་མ་ངེས་པ་ཚད་མ་མིན་ན་མངོན་སུམ་ཀུན་ཚད་མ་མིན་པར་འགྱུར་བར་ཐལ། སྣང་ལ་མ་ངེས་ཡིན་ན་ཚད་མ་མིན་པས་ཁྱབ་པའི་ཕྱིར། དེར་ཐལ། རྣམ་འགྲེལ་གྱི་འགྲེལ་དང་རྣམ་ངེས་ལས་མངོན་སུམ་ལ་ངེས་པ་ཉིད་ནི་བཀག་པའི་ཕྱིར་རོ། །ཞེས་གསུངས་པ་ཇི་ལྟར་ཡིན་ནམ་ཞེ་ན། འདི་ནི་རིགས་གཏེར་རྩ་འགྲེལ་གྱི་དགོངས་པ་གཞིར་བྱས་ནས་བཤད་པ་ཡིན་གྱི་རྒྱལ་ཚབ་རྗེ་རང་གི་རིང་ལུགས་ག་ལ་ཡིན། དེ་ལྟར་ན་སྣང་ལ་མ་ངེས་པའི་བློ་ཡོད་པའི་ཁུངས་ཙམ་ཡང་རྙེད་དཀའ་བའི་གནས་སུ་སྣང་ངོ་། །
གཉིས་པ་ལ་གཉིས། སྣང་ལ་མ་ངེས་པའི་བློའི་མཚན་གཞིར་གྲགས་པ་རྣམས་ངེས་བཟུང་བ་དང་། དེ་དག་སྣང་ལ་མ་ངེས་པའི་བློ་ཡིན་མིན་ལ་དཔྱད་པ་དངོས་སོ། །དང་པོ་ནི། དེ་ལྟར་ལུང་ཁུངས་རྒྱ་གཞུང་ཡོད་མེད་ཆེ་ལོང་ཙམ་གྱི་དཔྱད་པ་སྔོན་དུ་བཏང་ནས་ད་ནི་སྣང་ལ་མ་ངེས་པའི་བློའི་མཚན་གཞིར་གྲགས་པ་དེ་དག་གི་རང་སྟེང་ནས་སྤྲོས་དཔྱད་བྱེད་པ་ལ་སྔོན་གྱི་མཁས་པ་གོང་མའི་གསུང་རྩོམ་ཁག་ཏུ་སྣང་ལ་མ་ངེས་པའི་བློའི་མཚན་གཞི་ལ་འདི་ལྟར་བཞག་ཡོད་དེ། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་རྣ་ཤེས་དང་༡། ཁོ་བོས་སྔར་སྔོན་པོ་མཐོང་ངམ་མ་མཐོང་སྙམ་དུ་ཐེ་ཚོམ་འདྲེན་པའི་སྔོན་འཛིན་དབང་མངོན་དང་༢། སྨིག་རྒྱུ་ཆུར་འཛིན་གྱི་སྒྲོ་འདོགས་དངོས་སུ་སྐྱེད་བྱེད་ཀྱི་སྨིག་རྒྱུའི་ཁ་དོག་མཐོང་བའི་མིག་ཤེས་དང་༣། ཚུར་མཐོང་གི་གཟུགས་འཛིན་ཡིད་མངོན་དང་༤། དེ་ཉམས་མྱོང་གི་རང་རིག་དང་༥། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཚད་མ་ཉམས་མྱོང་གི་རང་རིག་དང་༦། གྲངས་ཅན་པའི་རྒྱུད་ཀྱི་བདེ་བ་ཤེས་པ་ཡིན་པ་ཉམས་མྱོང་གི་རང་རིག་དང་༧། གོ་རམས་པའི་སྡེ་བདུན་རབ་གསལ་དང་རིགས་གཏེར་དོན་གསལ་ལས། ཚུར་མཐོང་གི་རྒྱུད་ཀྱི་སྔོ་འཛིན་དབང་པོའི་མངོན་སུམ་དེ། སྔོན་པོ་སྐད་ཅིག་མ་ལ་སྣང་ལ་མ་ངེས་པའི་བློ་ཡིན་པ་ལྟ་བུ་ནི། ཡུལ་རྣམ་པ་མི་གསལ་བའི་སྣང་ལ་མ་ངེས་པའི་བློ་ཡིན་པ་དང་༨། རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་མིག་ཤེས་ལྟ་བུ་ཡིད་མ་གཏད་པའི་སྣང་ལ་མ་ངེས་པའི་བློ་ཡིན་པ་༩དང་། ཡིད་ཉ་ཕྱིས་ལ་དངུལ་དུ་འཁྲུལ་བའི་གནས་སྐབས་ཀྱི་ཉ་ཕྱིས་འཛིན་པའི་མིག་ཤེས་ལྟ་བུ་འཁྲུལ་བའི་རྒྱུ་མཚན་གྱིས་ཟིན་པའི་སྣང་ལ་མ་ངེས་པའི་བློ་ཡིན་༡༠ཞེས་གསུངས་སོ། །དེ་བཞིན་དུ་པཎ་ཆེན་ཤཱཀྱ་མཆོག་ལྡན་པའི་རྟོག་གེའི་འཁྲུལ་འཇོམས་ཆེན་མོ་ལས་ཀྱང་མངོན་སུམ་གྱིས་སྒྲ་རང་མཚན་མཐོང་བ་ན་དེའི་སྐད་ཅིག་སྣང་ཡང་མ་ངེས་པ་ལྟ་བུ་ཡུལ་གྱི་རྣམ་པ་དང་མི་འགལ་བའི་སྣང་བ་ལ་མ་ངེས་པའི་བློ་ཡིན་པ་དང་། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུ་ཡིད་མ་གཏད་པའི་སྣང་ལ་མ་ངེས་པའི་བློ་ཡིན་ཞེས་གསུངས། དེ་ལྟར་ན་སྣང་ལ་མ་ངེས་པའི་བློའི་མཚན་གཞི་ལ་མི་འདྲ་བ་བཅུར་གསུངས་སོ། །
གཉིས་པ་དེ་དག་སྣང་ལ་མ་ངེས་པའི་བློར་འཐད་མིན་ལ་དཔྱད་པ་དངོས་ནི། མཚན་གཞི་དང་པོ་སྣང་ལ་མ་ངེས་པའི་བློ་ཡིན་མིན་ལ་དཔྱད་པ་ལ། སྔོན་གྱི་མཁས་པ་འགའ་ཞིག་གི་རྗེས་སུ་འབྲངས་ནས་དེང་སང་གདན་ས་ཁག་ན་མཁས་བླུན་ཕལ་ཆེ་བས་ཡིན་ཤག་ཤག་བྱས་ནས་ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་དེ་སྣང་ལ་མ་ངེས་པའི་བློ་ཡིན་ཞེས་ཟེར་ལ། མཁས་པ་ཁ་ཅིག་ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་དེ་སྣང་ལ་མ་ངེས་པའི་བློ་མ་ཡིན་ཏེ། དེ་ཚད་མ་ཡིན་པའི་ཕྱིར་ཏེ། དེ་འདྲའི་སྒྲ་འཛིན་ཉན་ཤེས་དེ་སྒྲའི་ཁྱད་པར་ལ་སྣང་ལ་མ་ངེས་པ་ཡིན་ཀྱང་སྒྲའི་ངོ་བོ་ཙམ་ཡང་མ་ངེས་ན་ཕྱིས་སུ་སྔར་ངས་སྒྲ་ཐོས་སོང་ངོ་སྙམ་པའི་དྲན་པའང་མི་འདྲེན་པར་ཐལ། འདོད་ན་མྱོང་བ་དང་འགལ་ལོ། །དྲན་པ་འདྲེན་ཡང་སྒྲ་མ་ངེས་ན་དྲན་པ་དེ་འདྲེན་བྱེད་ཀྱི་ཚད་མ་མེད་པར་ཐལ་ལོ། །འདོད་ན་བཅད་ཤེས་མིན་པར་འགྱུར་རོ། །དེས་ན་དེའི་ཚེ་སྒྲས་བརྗོད་བྱ་གང་སྟོན་དང་དེ་ཉིད་ཇི་ལྟར་སྟོན་པའི་རིམ་པ་སོགས་མ་ངེས་ཀྱང་སྒྲའི་ངོ་བོ་ཙམ་ལ་ཚད་མ་མིན་པའི་རྒྱུ་མཚན་མེད་ཅེས་ཟེར་ལ། མཁས་གྲུབ་རྗེའི་ཚད་མ་ཡིད་ཀྱི་མུན་སེལ་དུ། རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཞེས་པས་དེའི་ཚེ་ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པས་གེགས་བྱས་ནས་སྒྲ་ཉེ་བ་ཡོད་ཀྱང་དེ་འཛིན་པའི་ཉན་ཤེས་མ་སྐྱེས་པར་བསྟན་ཞེས་གསུངས་ཀྱང་། འདི་ནི་མིི་འཐད་དེ། བྱེ་བྲག་པས་ཡིད་སྣ་སྒོར་ཞུགས་ཏེ་དྲི་ལ་ཆགས་པ་ན་གཟུགས་སོགས་འཛིན་པའི་ཤེས་པ་གཞན་མི་སྐྱེ་ཟེར་བ་ལ་ཆོས་ཀྱི་གྲགས་པས། ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །ཞེས་བཀག་པ་དང་འགལ་བར་འགྱུར་རོ། །མ་ཟད་དེའི་ཐད་ཀྱི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས་ཀྱང་ཡིད་སྣ་སྒོར་ཞུགས་ཏེ་དྲི་ལ་ཆགས་པ་ན་རྣམ་ཤེས་ལྔ་ཅིག་ཅར་འབྱུང་བ་ཡོད་པའི་དོན་དུ་འགྲེལ་འདུག་པས་དེའི་ཚེ་སྒྲ་འཛིན་རྣ་ཤེས་ཡོད་པ་མཁས་གྲུབ་ཆོས་རྗེའི་རང་ལུགས་ཡིན་ཏེ། ཚད་མ་ཡིད་ཀྱི་མུན་སེལ་སྔ་རྩོམ་དང་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ཕྱིས་རྩོམ་ཡིན་པས་མཁས་གྲུབ་རྗེའི་དགོངས་པ་ཊཱིཀ་ཆེན་བཞིན་ཡིན་ཞེས་ཟེར་རོ། །འདི་ནི་རྣམ་འགྲེལ་རྩ་བའི་གཞུང་དོན་ལ་གོ་ཐོས་ཀྱི་རྒྱ་ཆུང་བ་དང་ཊཱིཀ་ཆེན་ལ་མ་ཉེས་ཁག་སྐུར་གྱི་བཤད་པ་ཁོ་ན་ཡིན་ཏེ། རྣམ་རྩ་ལེའུ་གསུམ་པར། ལ་ལར་ཀུན་ཏུ་ཆགས་སེམས་ཅན། །དོན་ཉེ་བ་ལའང་འཛིན་མེད་གང་། །ཆགས་པས་གཞན་བསྐྱེད་ནུས་ཉམས་ཕྱིར། །ཞེས་རང་ལུགས་ལ་རྒྱུད་གཅིག་ལ་རྣམ་ཤེས་དུ་མ་ཅིག་ཅར་སྐྱེ་བར་ཁས་བླངས་པ་ལ་ཁ་ཅིག་གིས་གལ་ཏེ་རྒྱུད་གཅིག་ལ་རྣམ་ཤེས་དུ་མ་ཅིག་ཅར་སྐྱེ་ན། ཡིད་གཟུགས་མཛེས་པ་ལ་ཆགས་པའི་ཚེ་སྒྲ་ཉེ་བར་ཡོད་ཀྱང་དེ་འཛིན་པའི་རྣམ་ཤེས་མི་སྐྱེ་བ་ཅི་ཞེ་ན།་སྐབས་ལ་ལར་གཟུགས་མཛེས་པ་ལ་ཀུན་ཏུ་ཆགས་པའི་སེམས་ཅན་གཞན་སྒྲ་ལ་སོོགས་པའི་དོན་ཉེ་བ་ཡོད་པ་ལའང་དེ་འཛིན་པའི་རྣམ་ཤེས་མེད་པ་གང་ཡིན་པ་དེ་ནི་ཡིད་གཟུགས་ལ་ཆགས་པས་རྐྱེན་བྱས་ནས་སྒྲ་འཛིན་རྣ་ཤེས་སོགས་འཇུག་ཤེས་གཞན་བསྐྱེད་པའི་ནུས་པ་ཉམས་པའི་ཕྱིར་རྐྱེན་མ་ཚང་ནས་དེའི་ཚེ་སྒྲ་འཛིན་མི་སྐྱེ་བ་ཡིན་ཞེས་ལན་འདེབས་པ་དང་འགལ་ལོ། །ལུང་དོན་དེ་ལྟར་ཡིན་མིན་དེའི་ཐད་ཀྱི་འགྲེལ་བ་འགྲེལ་བཤད་དག་ལ་གཟིགས་ཤིག །
ཡང་དེ་ཉིད་ལས། དོན་གཞན་ཆགས་ནས་ནུས་ཉམས་ན། །ཤེས་པ་སྐྱེ་བ་མ་རྟོགས་ཕྱིར། །ཞེས་ཡིད་གཟུགས་མཛེས་ཀྱི་དོན་གཞན་ལ་ཆགས་ནས་སྒྲ་འཛིན་གྱི་ཤེས་པ་བསྐྱེད་པའི་ནུས་པ་ཉམས་པ་ན་ཤེས་པ་དེ་སྐྱེ་བ་ཚད་མས་མ་རྟོགས་པར་གསུངས་སོ། །
ཡང་དེ་ཉིད་ལས། ཅིག་ཅར་རིགས་མི་མཐུན་སྐྱེ་ཡང་། །ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ནུས་པ་ཉམས་པར་བྱས་པའི་ཕྱིར། །ཀུན་གཞི་ལས་གཞན་འབྱུང་བ་མིན། །ཀུན་གཞི་འདོད་པ་དག་གི་ལྟར་ན་ཡང་དེའི་ཚེ་ཡིད་གཟུགས་མཛེས་ལ་ཆགས་པས་རྐྱེན་བྱས་ནས་ཀུན་གཞི་ལས་འཇུག་ཤེས་གཞན་མི་འབྱུང་གསུངས་པ་དང་ཡང་འགལ་ལོ། །
ལེའུ་གཉིས་པར། རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཞེས་པའི་དོན་ཡང་ཚད་མ་ཡིད་ཀྱི་མུན་སེལ་དུ་བཤད་པ་ལྟར་རྩ་བའི་དགོངས་པ་ཡིན་པ་ནི་དེའི་ཐད་ཀྱི་འགྲེལ་བ་འགྲེལ་བཤད་དག་ལ་གཟིགས་དང་ཤེས་ངེས་སུ་འདུག་གོ །ལུང་འདི་དག་གིས་ཡིད་གཟུགས་མཛེས་པ་ལ་ཆགས་དུས་སུ་སྒྲ་འཛིན་རྣ་ཤེས་མི་སྐྱེ་བར་ཤིན་ཏུ་གསལ་བར་བསྟན་འདུག་པས་ཡིད་གཟུགས་མཛེས་པ་ལ་ཆགས་དུས་ཀྱི་སྒྲ་འཛིན་རྣ་ཤེས་སྣང་ལ་མ་ངེས་པའི་བློ་ཡིན་ཟེར་བ་ནི། རྣམ་འགྲེལ་རྩ་བ་དང་མི་འདོད་བཞིན་དུ་རྒྱབ་འགལ་དུ་འདོད་དགོས་པའི་གནས་སུ་ཡོད་དོ། །ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །ཞེས་པའི་དོན་ཡང་ཁྱེད་ཀྱིས་བཤད་པ་ལྟར་མིན་ཏེ། འདིས་ནི་བྱེ་བྲག་པས་ཡིད་རྡུལ་ཕྲན་ཙམ་གྱི་རྟག་པ་གཅིག་ཡིན་པས་དེ་སྣའི་སྒོར་ཞུགས་ནས་དྲི་ལ་ཆགས་པ་ན་རྣམ་ཤེས་གཞན་མི་སྐྱེ་བའི་ཕྱིར་རྣམ་ཤེས་དུ་མ་ཅིག་ཅར་སྐྱེ་བ་མི་ཅེས་ཁས་བླངས་པ་ལ་དེ་མི་འཐད་དེ། སྐབས་ལ་ལར་འཇུག་ཤེས་དུ་མ་ཅིག་ཅར་འབྱུང་བའི་ཕྱིར། ཞེས་སྤྱིར་རྣམ་ཤེས་དུ་མ་ཅིག་ཅར་སྐྱེ་བ་ཡོད་ཅེས་གསུངས་ཏེ་འགོག་པ་ཙམ་ཡིན་པ་ལས་ཡིད་གཟུགས་མཛེས་ལ་ཆགས་དུས་སུ་རྣམ་ཤེས་དུ་མ་ཅིག་ཅར་སྐྱེ་བ་གཏན་ནས་མ་བསྟན་ཏོ། །ཊཱིཀ་ཆེན་དུའང་བཤད་པ་འདིི་བཞིན་དུ་ཡོད་པ་ལས་དེའི་ཚེ་རྣམ་ཤེས་དུ་མ་ཡོད་པའི་དོན་དུ་གཏན་ནས་གསུངས་མེད་དོ། །དེས་ན་ཡིད་གཟུགས་མཛེས་པ་ལ་ཆགས་དུས་ཀྱི་སྒྲ་འཛིན་རྣ་ཤེས་དེ་སྣང་ལ་མ་ངེས་པའི་བློ་མ་ཟད་སྤྱིར་ཡོད་པ་ཙམ་ཡང་འདོད་ཕྱིན་ཆད་རྣམ་འགྲེལ་རྩ་བའི་དགོངས་དོན་ལས་རིང་དུ་སོང་བ་འབའ་ཞིག་གོ །
མཚན་གཞི་གཉིས་པ་དེ་སྣང་ལ་མ་ངེས་པའི་བློ་ཡིན་མིན་ལ་དཔྱད་པ་ལ། ཁོ་བོས་སྔར་སྔོན་པོ་མཐོང་ངམ་མ་མཐོང་སྙམ་པའི་ཐེ་ཚོམ་འདྲེན་པའི་སྔོ་འཛིན་མིག་ཤེས་དེ་ཚད་མ་ཡིན་ཏེ། དེ་དང་སྔོན་པོ་དྲན་པའི་དྲན་ཤེས་འདྲེན་པའི་སྔོན་འཛིན་མིག་ཤེས་དང་། སྔོན་པོ་སེར་པོར་འཛིན་པའི་སྒྲོ་འདོགས་སྐྱེད་བྱེད་ཀྱི་སྔོ་འཛིན་མིག་ཤེས་སོགས་ཀྱིས་རང་རང་གིས་དངོས་ཀྱི་འབྲས་བུ་གང་བསྐྱེད་མིན་ཙམ་ལས་དོན་ལ་སྔོན་པོ་རྟོགས་མིན་གྱི་ཁྱད་པར་འབྱེད་བྱེད་གཏན་ནས་མི་རྙེད་པའི་ཕྱིར། གལ་ཏེ་དྲན་ཤེས་འདྲེན་མི་འདྲེན་གྱིས་འབྱེད་ན་མི་འཐད་དེ། སྐད་ཅིག་དང་པོར་སྔོན་པོ་རྟོགས་སྐད་ཅིག་གཉིས་པ་ནས་སྔོན་པོ་བརྗེད་ངེས་གང་ཟག་གི་སྔོ་འཛིན་མིག་ཤེས་དེ་ཚད་མ་མིན་པར་ཐལ། དྲན་པ་མི་འདྲེན་པའི་ཕྱིར་རོ། །དེ་དག་གིས་སྔོན་པོ་རྟོགས་མིན་སྔོ་འཛིན་རང་སྟེང་ནས་འབྱེད་དགོས་པ་ལས་དེས་འབྲས་བུ་གང་འདྲེན་མིན་ལ་རེ་བ་ནི། ནམ་མཁའི་མེ་ཏོག་ཁ་ཟས་སུ་རེ་བ་དང་མཚུངས་སོ། །ཚད་མ་ཡིད་ཀྱི་མུན་སེལ་ལས་ཀྱང་། སྨིག་རྒྱུ་ཆུར་འཛིན་གྱི་སྒྲོ་འདོགས་སྐྱེད་བྱེད་ཀྱི་སྨིག་རྒྱུའི་ཁ་དོག་མཐོང་བའི་དབང་མངོན་གྱིས་སྔོ་ཞིང་འཁྱུག་པའི་ཆ་ཙམ་ཡང་མ་ངེས་ན་སྨིག་རྒྱུ་ཆུར་འཛིན་སྒྲོ་འདོགས་བསྐྱེད་པར་མི་འཐད་པར་གསུངས་སོ། །ཚད་མ་རིགས་རྒྱན་ལས། སྨིག་རྒྱུ་ཆུར་འཛིན་གྱི་སྒྲོ་འདོགས་དངོས་སུ་སྐྱེ་བྱེད་ཀྱི་སྨིག་རྒྱུ་མཐོང་བའི་དབང་པོའི་མངོན་སུམ་ཆོས་ཅན། ཚད་མ་མིན་པར་ཐལ། ཚད་མའི་བྱ་བ་དངོས་སུ་འགོག་པའི་ཕྱིར་ཏེ། སྨིག་རྒྱུ་ལ་ཆུར་འཛིན་གྱི་སྒྲོ་འདོགས་དངོས་སུ་སྐྱེ་བྱེད་ཡིན་པའི་ཕྱིར་རོ། །ཞེས་དང་། ཐེ་ཚོམ་དངོས་སུ་སྐྱེ་བྱེད་ཀྱི་ཚད་མ་མེད་དེ། སྒྲོ་འདོགས་ཀྱིས་ཚད་མའི་བྱ་བ་འགོག་པ་བཞིན་དུ་ཐེ་ཚོམ་གྱིས་ཀྱང་ཚད་མའི་བྱ་འགོག་པའི་ཕྱིར། ཞེས་གསུངས་ཡང་འདི་ལའང་དཔྱད་པར་བྱ་བ་འདི་ཡོད་དེ། ཐེ་ཚོམ་དངོས་སུ་སྐྱེད་བྱེད་ཀྱི་ཚད་མ་ཡོད་ཀྱང་ཐེ་ཚོམ་དེས་རང་ཉིད་གང་གིས་འདྲེན་པའི་ཚད་མའི་བྱ་བ་མི་འགོག་པའི་ཕྱིར་ཏེ། དེ་དང་འགལ་ཟླའི་རྣམ་པ་ཅན་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲོ་འདོགས་ཀྱིས་ཚད་མའི་བྱ་བ་འགོག་ཅེས་པའི་ཚད་མ་ནི། སྒྲོ་འདོགས་དེ་དང་འགལ་ཟླ་ཡིན་པ་ལ་བྱེད་དགོས་པའི་ཕྱིར། གཞན་དུ་ན་ཟླ་གཉིས་སྣང་གི་དབང་ཤེས་ཀྱིས་ཀྱང་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བྱ་བ་འགོག་ནུས་པར་ཐལ་ལོ། །ཐེ་ཚོམ་དང་སྒྲོ་འདོགས་ཀྱིས་ཚད་མའི་བྱ་བ་འགོག་ཅེས་པ་ནི། དཔེར་ན་སྨིག་རྒྱུ་ཆུར་དོགས་པའི་ཐེ་ཚོམ་དང་དེ་ཆུར་འཛིན་གྱི་སྒྲོ་འདོགས་ཡོད་ན་དེ་ཆུ་མིན་པར་རྟོགས་མི་ནུས་པ་ལྟ་བུ་ལ་བྱེད་དོ། །ཐེ་ཚོམ་དང་སྒྲོ་འདོགས་དངོས་སུ་སྐྱེད་བྱེད་ཀྱི་ཚད་མ་ཡོད་པ་མཁས་གྲུབ་ཆོས་རྗེས་ཀྱང་བཞེད་པ་གསལ་ལོ། །དེས་ན་རིགས་རྒྱན་ལས་དེ་ལྟར་གསུངས་པ་ནི་རིགས་པའི་རྣམ་འགྱུར་ཙམ་ལས་སྒྲ་ཇི་བཞིན་དུ་བཟུང་མི་ནུས་སྙམ།
དེ་བཞིན་དུ་མཚན་གཞི་གསུམ་པ་སྨིག་རྒྱུ་ཆུར་འཛིན་གྱི་སྒྲོ་འདོགས་དངོས་སུ་སྐྱེད་བྱེད་ཀྱི་སྨིག་རྒྱུའི་ཁ་དོག་མཐོང་བའི་མིག་ཤེས་ཀྱང་ཚད་མ་ཡིན་པ་གྲུབ་བོ། །
མཚན་གཞི་བཞི་པ་སྣང་ལ་མ་ངེས་པ་བློ་ཡིན་མིན་ལ་དཔྱད་པ། སློབ་དཔོན་ཆོས་མཆོག་གི་བཞེད་པ་གཞིར་བྱས་ནས་ཚུར་མཐོང་གི་གཟུགས་འཛིན་ཡིད་མངོན་ཤིན་ལྐོག་ཡིན་པ་དང་དེ་ཉིད་དུས་མཐའི་སྐད་ཅིག་མ་དང་སྣང་ལ་མ་ངེས་པའི་བློ་ཡིན་པ་ནི། རྒྱལ་ཚབ་རྗེ་དང་རྒྱལ་བ་དགེ་འདུན་གྲུབ་དང་གདན་སའི་ཡིག་ཆའི་མཁན་པོ་དག་གི་དགོངས་པ་ཡིན་མོད་མཁས་གྲུབ་ཆོས་རྗེ་ལྟ་ན་དེ་རྣམས་མི་འཐད་པར་མངོན་ཏེ། ཚད་མ་ཡིད་ཀྱི་མུན་སེལ་ལས། མགོ་མཚུངས་ཀྱི་རིགས་པ་ལ་བརྟེན་ནས་རྗེས་དཔག་དང་མངོན་སུམ་ལ་ཚད་མས་ཁྱབ་པར་གསུངས་ནས་མངོན་སུམ་དང་མངོན་སུམ་གྱི་ཚད་མ་ཁྱད་པར་སྡེ་བདུན་མདོ་དང་བཅས་པ་གང་ནས་ཀྱང་མ་བཤད་དོ། །ཞེས་གསུངས། ཆོས་ཀྱིི་རྗེ་ཡང་། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཉིད་ཀྱིས་ཚད་མར་གྲུབ་པ་ཡིན། །ཞེས་བཞེད་དོ། །ཞེས་ཆོས་རྗེ་ས་པཎ་གྱི་བཞེད་པ་ལ་བདེན་ཁ་བསྟན་ཏོ། །
ཡིད་མངོན་གྱི་ཐད་ཀྱི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། དེ་ལྟར་སློབ་དཔོན་ཕྱོགས་གླང་གི་སློབ་མ་ཁ་ཅིག །ཡིད་མངོན་གྱིས་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱིས་བཟུང་བའི་དོན་དེ་ཁོ་ན་འཛིན་པར་འདོད་པ་བཀག་ནས། དེའི་ཕྱིར་ཡིད་མངོན་ནི་རང་དབང་དུ་གཞལ་བྱ་ཡོངས་སུ་གཅོད་པ་དེ་མ་ཡིན་ནོ་ཞེས་སྨྲས་པ་དེ་འགོག་པ་ནི། དབང་མངོན་སྐད་ཅིག་དང་པོས་ཡོངས་སུ་གཅོད་པའི་བྱ་བ་བསྒྲུབས་ཟིན་པ་ཅན་གྱི་ལས་སུ་བྱ་བར་གྱུར་པའི་གཞལ་བྱ་ལ་ནི། དེའི་དེ་མ་ཐག་འབྲས་བུ་གྱུར་པའི་ཡིད་མངོན་གྱིས་རང་དབང་དུ་ཡོངས་སུ་གཅོད་པའི་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་ན་དབང་པོ་ལས་སྐྱེས་པ་ཅན་གྱི་ཤེས་པ་དབང་མངོན་སྐད་ཅིག་གཉིས་པའམ། གཞན་ཡིད་མངོན་དག་ནི་གཞལ་བྱ་དེ་སྒྲུབ་པར་བྱེད་པར་ཇི་ལྟར་འདོད་དེ། གཞལ་བྱ་དེ་ལ་ཚད་མ་མ་ཡིན་པར་ཐལ་ལོ། །འདི་ནི་དབང་མངོན་སྐད་ཅིག་དང་པོའི་དེ་མ་ཐག་འབྲས་སུ་གྱུར་པའི་ཡིད་མངོན་གྱིས་དེ་མ་ཐག་རྐྱེན་དབང་མངོན་གྱི་གཟུང་དོན་འཛིན་ན་དབང་མངོན་ཕྱི་མས་ཀྱང་འཛིན་དགོས་ཏེ། གཉི་གའང་དབང་མངོན་སྔ་མ་དེ་མ་ཐག་རྐྱེན་དུ་བྱས་པ་ལས་སྐྱེ་ཞིང་གཟུང་དོན་གཅིག་ལ་དུས་མཉམ་དུ་དམིགས་པའི་ཕྱིར། དེས་ན་དེ་གཉིས་ཚད་མ་ཡིན་མིན་སོགས་མཚུངས་སོ་སྙམ་དུ་དགོངས་ནས། དབང་པོ་ཅན་ནམ་གཞན་དག་ནི། །ཞེས་གསུངས་པ་ཡིན་གྱི། གཞན་དུ་ན། ཡིད་མངོན་གྱིས་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱིས་གཟུང་ཟིན་འཛིན་པར་ཁས་བླངས་པ་ལ། དབང་མངོན་ཕྱི་མ་དབང་མངོན་སྔ་མའི་གཞལ་ཟིན་ལ་ཚད་མ་མ་ཡིན་པར་ཐལ། དེ་ལ་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་འཕངས་ཀྱང་ཁས་བླངས་མེད་བའི་ཐལ་འགྱུར་དུ་འགྲོའོ། །དེས་ན་གཞུང་འདིས་ཡིད་མངོན་འགྲོས་གསུམ་པ་ཆེས་གསལ་བར་བསྟན་ནོ། །གཞན་ཡང་གཟུགས་འཛིན་དབང་མངོན་གྱིས་གཟུང་དོན་དེ་རང་དུས་ལས་དུས་གཉིས་པར་མི་འཇིག་ན་རྟག་པར་འགྱུར་བས། དེ་འདྲའི་དངོས་པོ་དེ་ལས་སྐྱེས་པའི་བློའང་ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར་རོ། །རྟག་ཀྱང་རྐྱེན་ལ་ལྟོས་ནས་འབྲས་བུ་རིམ་བཞིན་བསྐྱེད་པ་ཅི་འགལ་ཞེ་ན། མི་འཐད་དེ། རྐྱེན་གྱིས་ཁྱད་པར་བྱར་ཡོད་ན་རྟག་པར་འགལ་ཞིང་རྐྱེན་གཞན་གྱིས་ཁྱད་པར་བྱ་བ་མིན་ན། རྐྱེན་དེ་ལ་ལྟོས་པ་འགལ་བའི་ཕྱིར་རོ། །གསུམ་པ་རང་ལན་བསྟན་པ་ནི། ཇི་སྐད་བཤད་པའི་སྐྱོན་འབྱུང་བ་དེའི་ཕྱིར་ཡིད་ཀྱི་མངོན་སུམ་ནི་རང་གི་སྔར་བྱུང་བའི་དབང་མངོན་གྱིས་བཟུང་བའི་ཡུལ་ལས་གཞན་པའི་ཡུལ་ཉིད་འཛིན་པར་བྱེད་པས་ཚད་མ་མ་ཡིན་པར་ཐལ་བའི་སྐྱོན་མེད་ལ། རང་གི་སྔར་བྱུང་བའི་དབང་པོའི་རྣམ་པར་ཤེས་པ་དེ་མ་ཐག་རྐྱེན་དུ་བྱས་པ་ལས་བྱུང་བ་ཅན་ཡིན་པ་དེའི་ཕྱིར་ལོང་བས་གཟུགས་མཐོང་བ་སོགས་ཀྱི་སྐྱོན་དུ་འགྱུར་བ་མིན་ནོ། །ཞེས་ཚད་མ་ཡིད་ཀྱི་མུན་སེལ་བཞིན་དབང་མངོན་གྱི་རྗེས་སུ་སྐྱེས་པའི་གཟུགས་འཛིན་ཡིད་མངོན་དང་དབང་མངོན་གཉིས་ཀ་ཁྱད་པར་མེད་པར་ཚད་མ་ཡིན་པར་གསལ་བར་གསུངས་སོ། །དེ་བཞིན་དུ་སློབ་དཔོན་ཆོས་མཆོག་གིས། ཡིད་ཀྱི་མངོན་སུམ་སྒྲུབ་པ་ལ་ཚད་མ་གཞན་ནི་བཙལ་བར་བྱ་བ་མ་ཡིན་ནོ། །ཞེས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་མིག་གི་བྱ་བ་འདས་པའི་ཚེ་མངོན་དུ་བྱེད་དོ། །ཞེས་སོགས་ཀྱི་སྐབས་སུ་ཡིད་མངོན་སྒྲུབ་བྱེད་ལུང་ཙམ་ལས་དངོས་སྟོབས་ཀྱི་ཚད་མ་མེད་པས་ཤིན་ལྐོག་ཡིན་པ་དང་དེ་ཡང་དབང་མངོན་གྱི་རྒྱུན་མཐར་ཁོ་ནར་དུས་སྐད་ཅིག་མ་གཅིག་ཙམ་ལས་མི་སྐྱེ་ཞེས་ཟེར་བ་ལ་ཚད་མ་ཡིད་ཀྱི་མུན་སེལ་དུ། དགག་པ་འདི་ལྟར་བྱ་ཡོད་དེ། ཚུར་མཐོང་གི་རྒྱུད་ཀྱི་ཡིད་མངོན་དེ་ཤིན་ལྐོག་ཡིན་ན་དེ་རང་རྒྱུད་ཀྱི་བློ་ལ་ལྟོས་ཏེ་ཡང་ཤིན་ལྐོག་ཡིན་པས་རང་མྱོང་རང་རིག་ཚད་མ་མེད་པའི་ཐལ་བ་དང་། དེ་འདོད་ན་ཤེས་པ་མིན་པའི་ཐལ་བར་འགྱུར་རོ། །རང་བློ་རང་ལ་ལྐོག་གྱུར་པ་སློབ་དཔོན་གྱིས་ལན་དུ་མར་བཀག་པས་སློབ་དཔོན་གྱི་ལུང་དང་འགལ་བའི་ཐ་ཆད་དུ་འགྱུར་བ་དང་། རང་བློ་ལྐོག་གྱུར་མི་སྲིད་ཀྱང་བྱེ་བྲག་པའི་ངོར་བདེ་སོགས་ཤེས་པར་སྒྲུབ་པ་སོགས་ནི། བྱེ་བྲག་པ་ལ་རང་རྒྱུད་ཀྱི་བདེ་སོགས་ལྐོག་གྱུར་མ་ཡིན་ནའང་དེ་ལ་བདེ་སོགས་ཤེས་པ་ཡིན་པ་ལྐོག་གྱུར་ཡིན་པའི་དཔེ་དང་བཅས་པར་གསུངས་སོ། །གཞན་ཡང་ཡིད་མངོན་ཤིན་ལྐོག་ཡིན་པའི་རྒྱུ་མཚན་ཅི་ཞིག་ཡིན། ཚུར་མཐོང་ཚད་མས་ངེས་མི་ནུས་ཤིང་། ལུང་རྣམ་དག་ལས་བཤད་པའི་ཕྱིར་རོ་ཞེ་ན། ཚུར་མཐོང་ཚད་མས་ངེས་མི་ནུས་པའི་རྒྱུ་མཚན་ཅི་ཞིག་ཡིན། སྐད་ཅིག་མ་གཅིག་ཁོ་ནར་ཟད་པའི་ཕྱིར་རོ་ཞེ་ན། སྐད་ཅིག་མ་ཞེས་པ་ཅི་ཞིག་ཡིན། རང་གྲུབ་དུས་ལས་དུས་གཉིས་པར་མི་སྡོད་པའི་སྐད་ཅིག་མའམ། འོན་ཏེ་དུས་མཐའི་སྐད་ཅིག་མ་ཡིན། དང་པོ་ལྟར་ན། དངོས་པོ་ཡིན་ན་ཚུར་མཐོང་ཚད་མས་ངེས་མི་ནུས་པས་ཁྱབ་པར་ཐལ་ལོ། །གཉིས་པ་ལྟར་ན། ཡིད་མངོན་དུས་མཐའི་སྐད་ཅིག་མ་ཡིན་པའི་རྒྱུ་མཚན་ཅི་ཡིན། རྒྱུན་ལྡན་ཡིན་ན་མེད་དོ་ཞེས་ལོག་པར་རྟོག་པར་མི་འགྱུར་ཏེ། ངེས་སླ་བའི་ཕྱིར་རོ་ཞེ་ན། འོ་ན། སྐྱེ་བ་སྔ་ཕྱིར་ཡང་མེད་དོ་ཞེས་སྐུར་བ་འདེབས་པར་མི་འགྱུར་བར་ཐལ། དེ་དག་རྒྱུན་ལྡན་ཡིན་པའི་ཕྱིར། མི་མཚུངས་ཏེ། སྐྱེ་བ་སྔ་ཕྱི་ནི་རྒྱུན་ལྡན་ཡིན་ཀྱང་མྱོང་བས་མ་གྲུབ་ལ། ཡིད་མངོན་རྒྱུན་ལྡན་ཡིན་ན་རང་རྒྱུད་ཀྱི་མྱོང་བས་གྲུབ་དགོས་པའི་ཕྱིར་རོ་ཞེ་ན། མྱོང་བས་གྲུབ་ན་མེད་དོ་ཞེས་སྐུར་བ་འདེབས་པ་མི་སྲིད་མི་དགོས་ཏེ། གཞན་དུ་ན། རྒྱང་འཕེན་གྱི་རྒྱུད་ལ་ཕ་མེད་པར་འཛིན་པའི་ལོག་ལྟ་མིི་སྲིད་པར་ཐལ། རྒྱང་འཕེན་རང་ཉིད་ཀྱིས་ཕ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །གཞན་ཡང་དུས་མཐའི་སྐད་ཅིག་མ་ཡིན་པས་ཚུར་མཐོང་གི་ཚད་མས་ངེས་མི་ནུས་ན་ཆ་ཤས་མེད་པའི་དངོས་པོ་ཡིན་ན་ཤིན་ཏུ་ལྐོག་གྱུར་ཡིན་པས་ཁྱབ་པར་ཁས་ལེན་དགོས་པ་ཉིད་དུ་འགྱུར་རོ། །དེས་ན་ཡིད་མངོན་ཤིན་ལྐོག་ཡིན་པ་དང་། སྐད་ཅིག་མ་གཅིག་ཁོ་ནར་སྐྱེ་བ་སོགས་ནི་སྒྲུབ་བྱེད་མེད་པའི་དམ་བཅའ་ཙམ་དུ་ཟད་དོ། །ཞེས་ཡིད་མངོན་ཤིན་ལྐོག་ཡིན་པ་དང་། དུས་མཐའི་སྐད་ཅིག་མ་ཡིན་པ་ལ་ཟབ་གསལ་མྱུར་རྣོའི་རིགས་པའི་ལམ་ནས་དགག་རྒྱག་འདི་ནི་སུས་ཀྱང་བཟོད་པར་དཀའོ་སྙམ་མོ། །དེས་ན་ཚུར་མཐོང་གི་ཡིད་མངོན་ཡང་སྣང་ལ་མ་ངེས་པའི་བློར་ཧ་ཅང་སྒྲུབ་དཀའོ། །
དེའི་ཕྱིར་མཚན་གཞི་ལྔ་པ་དེ་ཉམས་མྱོང་གི་རང་རིག་ཀྱང་དེ་དང་གཅིག་མཚུངས་སུ་གྲུབ་བོ། །

མཚན་གཞི་དྲུག་པ་སྣང་ལ་མ་ངེས་པའི་བློ་ཡིན་མིན་ལ་དཔྱད་པ་ལ། རྒྱང་ཕན་གྱི་རྒྱུད་ཀྱི་རྗེས་དཔག་ཚད་མ་ཉམས་མྱོང་གི་རང་རིག་དེ་སྣང་ལ་མ་ངེས་པའི་བློ་ཡིན་མིན་དཔྱད་པ་ལ་དེའི་སྔོན་དུ་རྒྱང་ཕན་པས་རྗེས་དཔག་དང་རྗེས་དཔག་ཚད་མར་འདོད་མིན་ཤེས་དགོས་པས་ཐོག་མར་དེ་དཔྱད་པར་བྱ་སྟེ། སློབ་དཔོན་འཕགས་པ་ལྷའི་འཁྲུལ་པ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ་ནང་དུ་རྒྱང་ཕན་པའི་འདོད་པ་བཀོད་པ་ལས། མ་ཤི་བར་དུ་བདེ་བར་འཚོ། །ཤི་ནས་དེ་ཡི་སྤྱོད་ཡུལ་མེད། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་འཚོ་བར་ལྟ་ག་ལ་འགྱུར། །དེ་ཕྱིར་སྔ་ཕྱི་ཡོད་མ་ཡིན། །ཚེ་འདི་ཉིད་ལ་བདེ་བའི་ཕྱིར། །ལྷ་མཆོད་འདྲེ་སྲིན་མནན་བྱས་ན། །བཙན་ཕྱུག་མཐུ་སྟོབས་འགྲུབ་པར་འགྱུར། །ཞེས་རྒྱང་ཕན་པའི་ཚེ་སྔ་ཕྱི་མེད་པའི་རིགས་པ་བཀོད་པ་དང་།
ཡང་དེ་ཉིད་ལས། ཕྱི་ནང་སྐྱེ་མཆེད་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་ལས་གྲུབ་པ་གཞན་ལས་མིན། །སྲན་ཟླུམ་སྐྱེར་ཚེར་གཟང་རིངས་རྣོ་བ་དང༌། །རྨ་བྱའི་མཇུག་མ་མགྲིན་པའི་ཚོགས་བཀྲ་དང༌། །ཉི་ཤར་ཆུ་རྣམས་ཐུར་དུ་འབབ་པ་རྣམས། །ངོ་བོ་ཉིད་ལས་གྲུབ་སྟེ་རྒྱུ་ཡོད་མིན། །ཞེས་དང་། ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲོ་བ་རང་བཞིན་དུ་སྨྲ་བ་བརྟག་པའི་རབ་བྱེད་ལས། རང་བཞིན་སྨྲ་བ་རྣམས་ཀྱིས་ནི། །དངོས་པོ་རྣམས་ཀྱི་སྐྱེ་བ་འདི། །རྒྱུ་ཀུན་ལ་ནི་ལྟོས་མེད་སྨྲ། །དེ་དག་རང་ཡང་རྒྱུར་མི་སྨྲ། །པདྨའི་གེ་སར་ལ་སོགས་པའི། །སྣ་ཚོགས་གང་གིས་བྱེད་འགྱུར་བའམ། །རྨ་བྱའི་མདོངས་ལ་སོགས་པ་ཡིས། །སྣ་ཚོགས་པ་ནི་གང་གིས་སྤྲུལ། །དཔེར་ན་ཚེར་མ་ལ་སོགས་པའི། །རྣོ་སོགས་རྒྱུ་མེད་ཅན་ཉིད་དེ། །རེས་འགའ་འབྱུང་ཕྱིར་དེ་བཞིན་དུ། །སྡུག་བསྔལ་ལ་སོགས་རྒྱུ་མེད་ཉིད། །ཅེས་དང་། དེའི་ཐད་ཀྱི་འགྲེལ་བ་ལས། འདི་ལ་རིགས་པ་བརྗོད་པ་གང་ཞིག་ཡོད་པར་མི་དམིགས་པ་དེ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །དངོས་པོ་རྣམས་ཀྱི་རྒྱུ་ཡང་ཡོད་པར་མི་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་གཏན་ཚིགས་མི་དམིགས་པའོ། །ཞེས་དངོས་པོ་རྣམས་ཀྱི་རྒྱུ་ཞེས་པ་དེ་རྟོག་པ་དང་ལྡན་པས་དཔྱད་ན་མེད་པའི་ཐ་སྙད་ཀྱི་འཇུག་ཡུལ་ཡིན་ཏེ། དེ་ལ་རྒྱུ་ཡོད་པའི་སྒྲུབ་བྱེད་ཀྱི་རིགས་པ་མི་དམིགས་པའི་ཕྱིར། དཔེར་ན་རི་བོང་གི་རྭ་བཞིན་ནོ། །ཞེས་པའི་གཏན་ཚིགས་དེ་རང་བཞིན་མ་དམིགས་པའི་གཏན་ཚིགས་སུ་གསལ་བར་གསུངས་པ་དང་།
ཡང་དེ་ཉིད་ལས། གལ་ཏེ་མངོན་སུམ་གྱིས་སྡུག་བསྔལ་ལ་སོགས་པ་རྒྱུ་མེད་པ་ཅན་དུ་མ་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་རྗེས་སུ་དཔག་པས་གྲུབ་པ་ཁོ་ན་སྟེ། འདི་ལྟར་གང་ཞིག་རེས་འགའ་བ་དེ་ནི་རྒྱུ་མེད་པར་ངེས་ཏེ། དཔེར་ན་ཚེར་མ་རྣོ་བ་ལ་སོགས་པ་ལྟ་བུའོ། །སྡུག་བསྔལ་ལ་སོགས་པ་ཡང་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་ནང་གི་བདེ་སྡུག་ལ་སོགས་པ་ཆོས་ཅན། རྒྱུ་མེད་ངོ་བོ་ཉིད་ཀྱིས་སྐྱེ་སྟེ། རེས་འགའ་བ་ཡིན་པའི་ཕྱིར། དཔེར་ན། ཚེར་མ་རྣོ་བ་དང་སྲན་མ་ཟླུམ་པ་སོགས་བཞིན་ནོ། །ཞེས་པའི་གཏན་ཚིགས་དེ་རང་བཞིན་གྱི་གཏན་ཚིགས་སུ་གསལ་བར་གསུངས་པ་དང་།

དབུ་མ་སྙིང་པོ་ལས། འབྱུང་བ་སེམས་མེད་རྣམས་ལས་ནི། །ཤེས་པ་ཡོད་པ་ཉིད་སྐྱེ་སྟེ། །སྐྱེ་ཅན་ཡིན་ཕྱིར་མྱོས་མཐུ་དང༌། །མེ་ཤེལ་ལས་ནི་མེ་བཞིན་ནོ། །ཞེས་དང་། དེའི་ཐད་ཀྱི་རྟོག་གེ་འབར་བ་ལས། འབྱུང་བ་ཆེན་པོ་སེམས་མེད་པ་རྣམས་ལས་བློ་ཤེས་པ་ཡོད་པ་ཉིད་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། སྐྱེ་བ་ཅན་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟ་བུ་ཞེ་ན། ཆང་ལས་མྱོས་པའི་མཐུ་འབྱུང་བ་དང༌། མེ་ཤེལ་ལས་མེ་འབྱུང་བ་དང༌། ཆུ་ཤེས་ལས་ཆུ་འབྱུང་བ་དང༌། བ་ལང་གི་སྤུ་དང༌། ལུག་གི་བལ་ལས་རྩྭ་དཱུར་བ་འབྱུང་བ་དང༌། རྭ་ལས་སྨྱིག་མ་འབྱུང་བ་དང༌། ཤིང་ལས་ཐལ་བ་འབྱུང་བ་དང༌། འོ་མ་ལས་ཞོ་འབྱུང་བ་ལ་སོགས་པ་རྒྱུ་ལས་འབྲས་བུ་མཚན་ཉིད་ཤིན་ཏུ་མི་མཐུན་པ་དག་འབྱུང་བ་བཞིན་ནོ། །ཞེས་སྐྱེས་མ་ཐག་པའི་བློ་དང་ཤེས་པ་ཆོས་ཅན། འབྱུང་བ་ཆེན་པོ་བཞི་ལས་སྐྱེ་སྟེ། སྐྱེ་བ་ཅན་ཡིན་པའི་ཕྱིར། དཔེར་ན། ཆང་ལས་སྨྱོས་པའི་མཐུ་འབྱུང་བ་དང་། མེ་ཤེལ་ལས་མེ་འབྱུང་བ་སོགས་བཞིན་ནོ། །ཞེས་གཏན་ཚིགས་བཀོད་པ་དང་། །
ཡང་དབུ་མ་སྙིང་པོ་ལས། གལ་ཏེ་མེད་སྨྲ་བྱིས་པ་ཡིས། །འཆི་འཕོའི་སེམས་ལ་མཚམས་སྦྱོར་མེད། །འཆི་འཕོའི་སེམས་ཕྱིར་དགྲ་བཅོམ་གྱི། །ཐ་མའི་སེམས་བཞིན་སྒྲུབ་བྱེད་ན། །གཏན་ཚིགས་མ་ངེས་ཉིད་འགྱུར་ཏེ། །ཞེས་རྒན་པོ་འཆི་ཁ་མའི་སེམས་རིགས་འདྲ་ཕྱི་མར་མཚམས་མི་སྦྱོར་བའི་གཏན་ཚིགས་བཀོད་པ་དང་ད་དུང་རྒྱ་གཞུང་ཁག་ཏུ་རྒྱང་ཕན་པའི་འདོད་པ་བཤད་པ་ན་གཏན་ཚིགས་བཀོད་པ་ཤིན་ཏུ་མང་པོ་འབྱུང་བ་ལ་བརྟེན་ནས་ཆོས་རྗེ་ངག་དབང་དཔལ་ལྡན་པས་རྒྱང་ཕན་པས་རྗེས་དཔག་ཚད་མར་ཁས་ལེན་མིན་དཔྱད་དགོས་ཟེར་བ་དང་། འགའ་ཞིག་གིས་རྒྱང་ཕན་པས་རྗེས་དཔག་ཚད་མར་ཁས་ལེན་མོད་འོན་ཀྱང་སྔོན་གྱི་གཞུང་ཆེན་མོ་དག་ལས་རྒྱང་ཕན་པས་རྗེས་དཔག་ཚད་མར་ཁས་མི་ལེན་ཞེས་གསུངས་པ་ནི། ཁས་ལེན་ལ་འཕུལ་བའམ་དམན་པའི་དགག་སྒྲ་སྦྱར་བ་སྟེ། ལ་ལ་མེ་ཡོད་པ་ལྟ་བུ་རྟོགས་པའི་རྗེས་དཔག་ཚད་མར་འདོད་ཀྱང་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་རྟོགས་པའི་རྗེས་དཔག་ཚད་མར་མི་འདོད་པས་ན་རྗེས་དཔག་ཚད་མར་མི་འདོད་ཅེས་སྨད་ཚིག་སྦྱར་བ་སྟེ། དཔེར་ན། འཇིག་རྟེན་ན་རྒྱུ་མཚན་དེ་ཙམ་བཤད་ས་མེད་མཁན་གྱི་མི་ལ་རྒྱུ་མཚན་ཁས་ལེན་གྱི་མི་འདུག་ཅེས་སྨད་པ་དང་གཅིག་མཚུངས་རེད་ཅེས་ཟེར་བ་སོགས་བཤད་སྲོལ་འདྲ་མིན་སྣང་ངོ་། །
རང་ལུགས་ནི་རྒྱང་ཕན་པས་རྟགས་དང་རྗེས་དཔག་འདོད་ཀྱང་རྟགས་ཡང་དག་དང་རྗེས་དཔག་ཚད་མར་མི་འདོད་ཅེས་ཞིབ་ཆ་འབྱེད་དགོས་ཏེ། ཆད་ལྟའི་གཞུང་འབུམ་ཕྲག་རྩོམ་མཁན་དྲང་སྲོང་ཆེན་པོ་འཇིག་རྟེན་མིག་གིས། ཅི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་དེ་ཙམ་ཉིད་དུ་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་འདྲ། །ཞེས་དང་། མཛེས་མ་ལེགས་པར་སྤྱོད་ཅིང་ཟ་བར་གྱིས། །ལུས་མཆོག་འདི་གང་དེ་ཁྱོད་ལ་མི་འབྱུང་། །ལུས་འདི་འཚོ་བར་གྱུར་པ་ཙམ་ཞིག་སྟེ། །འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྐྱེས་བུས་དོན་རྟོགས་པའི་ཚད་མ་ནི། མིག་སོགས་ཀྱི་དབང་པོའི་སྤྱོད་ཡུལ་ཇི་ཙམ་མཐོང་བའི་མངོན་སུམ་དེ་ཙམ་ལས་ཚད་མ་གཞན་མེད་དོ་ཅེས་རྒྱང་ཕན་པ་རང་གི་སྟོན་པས་གསལ་བར་གསུངས་པས་རྒྱང་ཕན་པས་རྗེས་དཔག་ཚད་མར་མི་འདོད་པར་སྒྲུབ་ནུས། ཚིགས་བཅད་འདིའི་ལོ་རྒྱུས་ཀྱི་རྒྱུད་རིམ་དག་གི་དོན་རྟོགས་འདོད་ན་དབུ་མ་འཇུག་པའི་འགྲེལ་བཤད་དང་། འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་གཉིས་ལ་གཟིགས་ན་ཧ་ཅང་ཁ་གསལ་ཞིང་གོ་བདེ་བ་འདུག །
ཚད་མ་རྣམ་ངེས་ལས་རྒྱང་ཕན་པའི་འདོད་པ་བཤད་པ་ན། གཞན་དག་མངོན་སུམ་མ་ཡིན་པའི་ཚད་མ་ནི་མེད་དོ། །ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ཚད་དང་ཅིག་ཤོས་སྤྱི་གཞག་དང་། །གཞན་བློ་རྟོགས་པར་བྱེད་ཕྱིར་དང་། །འགའ་ཞིག་འགོག་པར་བྱེད་ཕྱིར་ཡང་། །ཚད་མ་གཞན་ནི་སྲིད་པ་ཉིད། །དེ་ཤེས་པའི་གསལ་བ་འགའ་ཞིག་གི་འཇུག་པ་ལ་སླུ་བ་དང་མི་སླུ་བ་དག་དམིགས་ནས་ཇི་ལྟར་ཉེ་བར་བསྟན་པ་ལ་འཇུག་པ་མི་འཁྲུལ་བར་བྱ་བའི་ཕྱིར་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་དེའི་མཚན་ཉིད་ལ་ཁྱད་པར་སྨྲ་བ་ན་ཆོས་མཐོང་བ་ལས་ཅི་ལྟ་བ་དེ་ལྟར་རབ་ཏུ་བསྒྲུབ་པ་དེ་ནི་རྗེས་སུ་དཔག་པར་བྱ་བ་ལས་མ་འདས་སོ། །ཞེས་ཤེས་པའི་གསལ་བ་འགའ་ཞིག་གི་འཇུག་པ་ལ་སླུ་བ་དང་ཞེས་པས་རྗེས་དཔག་གི་མཚན་གཞི་དང་། ཟུར་དུ་སླུ་བ་ཞེས་པས་རྗེས་དཔག་ཚད་མ་མིན་པའི་རྒྱུ་མཚན་དང་། རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་པས་གོང་དུ་བཤད་པའི་རྗེས་དཔག་གི་མཚན་གཞི་དེ་ཚད་མ་མ་ཡིན་ཞེས་གསལ་བར་གསུངས་པས་རྒྱང་ཕན་པས་རྗེས་དཔག་ཁས་ལེན་ཡང་དེ་ཉིད་ཚད་མར་མི་འདོད་པར་གསལ་ལོ། །དེའི་ཐད་ཀྱི་དར་ཊཱིཀ་ལས་ཀྱང་། རྒྱང་ཕན་དེ་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ཞེས་མངོན་སུམ་དེའི་མཚན་ཉིད་དེ་རིགས་ཀུན་ལ་ཚད་མས་ཁྱབ་པར་སྨྲ་བའོ།།རྗེས་དཔག་དེའི་མཚན་ཉིད་ཞུགས་པ་ཀུན་ལ་ཚད་མ་མ་ཡིན་པས་ཁྱབ་པར་སྨྲའོ།།རྒྱུ་མཚན་ཅི་མཐོང་ནས་དེ་ལྟར་སྨྲ་བ་ཡིན་ཞེ་ན།ཡིད་ཀྱི་ཤེས་པའི་གསལ་བ་འགའ་ཞིག་གི་འཇུག་པའི་ཚུལ་ལ་བརྟགས་པ་ན་སླུ་བ་དང་དབང་པོའི་ཤེས་པའི་གསལ་བ་འགའ་ཞིག་གི་འཇུག་པ་ལ་བརྟགས་པ་ན་མི་སླུ་བ་དག་དམིགས་པ་རྒྱུ་མཚན་དུ་བྱས་ནས་སྨྲའོ།།དགོས་པ་ཅི་མཐོང་ནས་སྨྲ་བ་ཡིན་ཞེ་ན།ཚད་མ་ཚད་མིན་གྱི་རྣམ་གཞག་རྒྱང་པན་རང་གིས་ཇི་ལྟར་ཉེ་བར་བསྟན་པ་ལ་སློབ་མ་འཇུག་པ་ན་མི་འཁྲུལ་བར་བྱ་བའི་ཕྱིར་རྒྱང་པན་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མིན་དུ་སྨྲ་བའི་འཁྲུལ་གཞི་ཡོད་དེ། ཡིད་ཤེས་འགའ་ཞིག་སླུ་བ་དང༌།ད བང་ཤེས་འགའ་ཞིག་མི་སླུ་བར་མཐོང་ནས་དེ་ལྟར་སྨྲ་བའི་ཕྱིར། ཞེས་རྒྱང་ཕན་ལུགས་ཀྱི་རྗེས་དཔག་གི་མཚན་གཞི་དང་དེ་ཉིད་ཚད་མ་མིན་པའི་རྒྱུ་མཚན་ཚད་མ་རྣམ་ངེས་སྒྲ་རང་སོར་བཞག་ནས་གསུངས་སོ། །
ཚད་མ་རིགས་ཐིགས་ལས། དེ་ལ་མངོན་སུམ་གྱིས་བསལ་བ་ནི། དཔེར་ན་སྒྲ་ནི་མཉན་དུ་མི་རུང་ངོ་ཞེས་བྱ་བ་ལྟ་བུའོ། །རྗེས་སུ་དཔག་པས་བསལ་བ་ནི་དཔེར་ན་བུམ་པ་ནི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །གྲགས་པས་བསལ་བ་ནི། དཔེར་ན་རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །རང་གི་ཚིག་གིས་བསལ་བ་ནི། དཔེར་ན་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། ཞེས་རྒྱང་ཕན་པས་རྗེས་སུ་དཔག་པ་ནི་ཚད་མ་མིན་ཞེས་པ་དེ་ངའི་མ་མོ་གཤམ་རེད་ཅེས་པ་ལྟར་རང་ཚིག་འགལ་བའི་དཔེ་རུ་གསུངས་པ་དང་། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ། འཇིག་རྟེན་རྒྱང་པན་པ་རྣམས་ནི་གཞན་དག་ལ་རང་གི་བརྗོད་པར་འདོད་པའི་དོན་ལྐོག་ཏུ་གྱུར་པའི་ཚིག་རྟགས་དེ་མེད་ན་མི་འབྱུང་བའི་སྒོ་ནས་རྗེས་སུ་དཔོག་པར་བྱེད་ཀྱང༌། རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེའི་ཕྱིར་རང་གི་ཚིག་དང་འགལ་བ་བརྗོད་དོ། །ཞེས་རྒྱང་ཕན་པས་རྗེས་དཔག་ཚད་མ་མིན་ཞེས་སྨྲ་བ་རང་ཚིག་སྔ་ཕྱི་འགལ་བའི་དཔེར་གསུངས་པ་དང་། ལྷག་པར་དུ་ལྐོག་གྱུར་གྱི་དོན་རྟགས་ཀྱི་སྒོ་ནས་རྗེས་སུ་དཔོག་པར་བྱེད་ཀྱང་དེ་ཉིད་ཚད་མ་མིན་ཞེས་གསལ་བར་གསུངས་པས་རྒྱང་ཕན་པས་རྗེས་དཔག་འདོད་ཀྱང་རྗེས་དཔག་ཚད་མར་མི་འདོད་ཅེས་ཞིབ་ཆ་དེ་ཤིན་ཏུ་ལེགས་སོ། །དེ་བཞིན་དུ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་ལས་རྒྱང་ཕན་པའི་འདོད་པ་བཤད་པ་ན། འོན་ཀྱང་རྗེས་སུ་དཔག་པས་གྲུབ་པ་ཁོ་ན་སྟེ། འདི་ལྟར་གང་ཞིག་རེས་འགའ་བ་དེ་ནི་རྒྱུ་མེད་པར་ངེས་ཏེ། དཔེར་ན་ཚེར་མ་རྣོ་བ་ལ་སོགས་པ་ལྟ་བུའོ། །སྡུག་བསྔལ་ལ་སོགས་པ་ཡང་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་རྗེས་དཔག་གིས་དངོས་པོ་ལ་རྒྱུ་མེད་པར་གྲུབ་པ་རྒྱང་ཕན་པའི་རང་ལུགས་སུ་བཤད་དོ། །
སློབ་དཔོན་ཉི་མ་སྦས་པའི་རྣམ་འགྲེལ་གྱི་འགྲེལ་བར། ད་ནི་དེའི་དབྱེ་བ་བསྟན་པའི་ཕྱིར། མངོན་སུམ་དང་ནི་རྗེས་དཔག་གིས། །ཚད་མ་གཉིས་ཏེ་འདྲ་བདག་ཉིད། །ཅེས་བྱ་བ་གསུངས་ཏེ། སླུ་བ་མེད་པའི་ཕྱིར་ཚད་མའོ། །སླུ་བ་མེད་པ་ཉིད་ཀྱང་དོན་ལས་སྐྱེས་པས་དོན་ལ་མི་འཁྲུལ་བའི་ཕྱིར་རོ། །ཇི་སྟེ་དོན་ལ་མི་སླུ་བ་ཉིད་ཀྱང་ཇི་ལྟར་ཤེས་པར་བྱ་ཞིང་། མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཚད་མར་འགྱུར་གྱི་སྒྲ་ལས་བྱུང་བ་ལ་སོགས་པ་མ་ཡིན་ཞེ་ན། ཚད་མ་ནི་མངོན་སུམ་དང་རྗེས་སུ་དཔག་པ་ཁོ་ན་སྟེ། འདིས་ནི་འཇིག་རྟེན་རྒྱང་པན་པའི་འདོད་པ་བཀག་པར་འགྱུར་རོ། །ཞེས་རྒྱང་ཕན་པས་རྗེས་དཔག་ཚད་མར་མི་འདོད་པར་གསུངས་སོ། །
རྟོག་གེ་འབར་བ་དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བའི་ལེའུ་ལས། གལ་ཏེ་རྗེས་སུ་དཔག་པས་འགྲུབ་པོ་ཞེ་ན། རྗེས་སུ་དཔག་པས་ཀྱང་མི་འགྲུབ་སྟེ། །མེད་པ་པོ་མངོན་སུམ་ཙམ་ཚད་མར་སྨྲ་བ་དག་ལ་ཁས་བླངས་པས་གནོད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཀྱིས་འཇིག་རྟེན་ཕ་རོལ་མེད་པར་ཤེས་པར་མི་བྱ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་མོ་གཤམ་གྱི་བུའི་ཡོད་པ་ཉིད་བཞིན་ནོ། །ཞེས་རྒྱང་ཕན་པས་མངོན་སུམ་ཙམ་ལས་རྗེས་དཔག་ཚད་མར་མི་འདོད་པར་གསལ་བར་གསུངས་སོ། །དེས་ན་གོང་དུ་དྲངས་པའི་ཚད་ལྡན་གྱི་འགྲེལ་བ་དེ་དག་ལ་ལྟོས་ན་རྒྱང་ཕན་པས་རྟགས་དང་རྗེས་དཔག་འདོད་ཀྱང་རྟགས་ཡང་དག་དང་རྗེས་དཔག་ཚད་མ་མི་འདོད་པ་གྲུབ་བོ། །འོ་ན་འཇུག་པའི་འགྲེལ་བཤད་ལས། དེས་ན་རྗེས་སུ་དཔག་པ་མེད་པ་ཉིད་ཁྱོད་ཀྱིས་ཁས་བླངས་པ་ཡིན་ནོ་ཞེས་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱེས་བུའི་འདོད་དོན་སྒྲུབ་ནུས་པའི་རྗེས་དཔག་ཚད་མ་མི་འདོད་པ་ལུང་དེའི་དོན་ཏེ། རྗེའི་འཇུག་པའི་རྣམ་བཤད་ཆེན་མོ་ལས། སྤྱིར་མངོན་སུམ་དུ་མ་ཟད་རྗེས་དཔག་ལས་རབ་ཏུ་གྲུབ་པས་ཀྱང་སྐྱེས་བུའི་དོན་སྒྲུབ་པ་ཡིན་ན་རྗེས་དཔག་འདི་ནི་ཁྱོད་ཀྱིས་ཁས་བླངས་པ་ཡང་མ་ཡིན་ཏེ། ཞེས་སྐྱེས་བུའི་དོན་སྒྲུབ་པའི་ཁྱད་པར་དུ་བྱས་ནས་གསུངས་སོ། །དེ་ལྟར་ན་རྒྱང་ཕན་པས་རྟགས་དང་རྗེས་དཔག་འདོད་ཀྱང་རྟགས་ཡང་དག་དང་རྗེས་དཔག་ཚད་མར་མི་འདོད་པ་གྲུབ་བོ། །
འོན་ཀྱང་རྒྱང་ཕན་པའི་རྗེས་དཔག་ཚད་མ་ཉམས་མྱོང་གི་རང་རིག་སྣང་ལ་མ་ངེས་པའི་བློ་མ་ཡིན་ཏེ། དེས་རང་གི་མྱང་བྱའི་རྗེས་དཔག་དེའི་གསལ་རིག་གི་ཆ་ཙམ་རྟོགས་པའི་ཕྱིར་ཏེ། རྒྱང་ཕན་པས་དུ་བའི་རྟགས་ལས་ལ་ལ་མེ་ཡོད་པར་རྟོགས་པའི་ཚེ་རྒྱང་ཕན་པ་ལ་ཁྱེད་ཀྱིས་ལ་ལ་མེ་ཡོད་མཐོང་སོང་ངམ་ཞེས་དྲིས་པ་ན་རྒྱང་ཕན་པས་བདག་གིས་རྟོགས་ཀྱིན་འདུག་ཅེས་ལན་ཐོགས་ཐོགས་མེད་པ་འདེབས་ངེས་པས་ན་དེ་རྟོགས་བྱེད་ལ་རང་རིག་འཇོག་དགོས་པ་རང་རིག་འདོད་མཁན་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་སྤྱི་ལུགས་ཡིན་པས་སོ། །དེ་ཡང་དཔེར་ན་སུས་བུམ་པ་རྟོགས་པའི་ཚེ་ཁྱེད་ཀྱིས་བུམ་པ་ཧ་ཨེ་གོ་ཞེས་དྲི་ན་ངས་བུམ་པ་ཧ་གོ་ཞེས་ལན་འདེབས་པ་ན་རང་གིས་བུམ་པ་རྟོགས་པ་རང་གིས་ཧ་གོ་ན་རང་གིས་བུམ་པ་རྟོགས་པ་དེ་རང་གི་རྟོགས་བྱར་འགྱུར་ལ་དེའི་རྟོགས་བྱེད་མེད་ན་གང་ཟག་དེ་རྟོགས་པ་པོ་དང་དེས་དེ་རྟོགས་པ་རྟོགས་བྱར་མི་འཐད་པས་རྟོགས་བྱེད་འཇོག་དགོས་དེ་ནི་རང་རིག་ལས་གཞན་མེད་དོ། །གཞན་ཡང་རྒྱང་ཕན་པས་དུ་བའི་རྟགས་ལས་ལ་ལ་མེ་ཡོད་པར་རྟོགས་པ་ན་ཕྱིས་སུ་ངས་མེ་རྟོགས་སོང་སྙམ་པའི་དྲན་པའི་དྲན་ཤེས་སྐྱེས་པའི་ཚེ་དྲན་ཤེས་དེ་དཔྱད་ཤེས་ཡིན་པས་རང་འདྲེན་བྱེད་ཚད་མ་སྔ་མ་དགོས་ལ་དེ་ཡང་རང་རིག་འཇོག་དགོས་པ་ནི། དྲན་པ་ལས་ཀྱང་བདག་རིག་འགྲུབ། །ཅེས་པ་དང་། རང་རིག་འདོད་མཁན་ཀུན་གྱི་སྤྱི་ལུགས་ཡིན་པས་རྒྱང་ཕན་པའི་རྗེས་དཔག་ཚད་མ་ཉམས་མྱོང་གི་རང་རིག་སྣང་ལ་མ་ངེས་པའི་བློ་ཡིན་ཟེར་བ་ནི། གཞུང་ལུགས་ལ་གོ་ཐོས་ཀྱི་རྒྱ་ཆུང་བ་དང་། རིགས་པ་ལ་འཇུག་ལྡོག་གི་གནད་མ་སྨིན་པའི་མུན་སྤྲུལ་དུ་གསལ་ལོ། །འོན་ཀྱང་རྒྱང་ཕན་པའི་རྒྱུད་ཀྱི་རྗེས་དཔག་ཚད་མ་ཉམས་མྱོང་གི་རང་རིག་དེ་རང་གི་མྱང་བྱའི་རྗེས་དཔག་དེའི་གསལ་རིག་གི་ཆ་ལ་ཚད་མ་ཡིན་ཀྱང་དེ་ཚད་མ་ཡིན་པ་ལ་སྣང་ལ་མ་ངེས་པ་ཡིན་པའི་ཞིབ་ཆ་འབྱེད་དགོས་པའང་གནད་ཀྱི་དམ་པའོ། །
མཚན་གཞི་བདུན་པ་གྲངས་ཅན་པའི་རྒྱུད་ཀྱི་བདེ་བ་ཤེས་པ་ཡིན་པ་ཉམས་མྱོང་གི་རང་རིག་ཀྱང་རྒྱང་ཕན་པའི་རྒྱུད་ཀྱི་རྗེས་དཔག་ཚད་མ་ཉམས་མྱོང་གི་རང་རིག་དང་རྣམ་པ་ཀུན་ཏུ་མཚུངས་པས་སྣང་ལ་མ་ངེས་པའི་བློ་མ་ཡིན་ནོ། །
མཚན་གཞི་བརྒྱད་པ་སྣང་ལ་མ་ངེས་པའི་བློ་ཡིན་མིན་དཔྱད་པ་ལ། ཚུར་མཐོང་གི་རྒྱུད་ཀྱི་སྔོ་འཛིན་དབང་པོའི་མངོན་སུམ་དེ་སྔོན་པོ་སྐད་ཅིག་མ་ལ་སྣང་ལ་མ་ངེས་པའི་བློ་ཡིན་ཀྱང་དེ་ཙམ་གྱིས་དེ་སྣང་ལ་མ་ངེས་པའི་བློ་ཡིན་པར་སྒྲུབ་མི་ནུས་ཏེ། སྣང་ལ་མ་ངེས་པའི་བློ་ཡིན་ན་རང་གི་འཛིན་སྟངས་ཡུལ་ལ་སྣང་ལ་མ་ངེས་པའི་བློ་ཡིན་དགོས་པས་སོ། །ཆོས་གཅིག་ལ་སྣང་ལ་མ་ངེས་པའི་བློ་ཡིན་ན་སྣང་ལ་མ་ངེས་པའི་བློ་ཡིན་དགོས་ན་ཚུར་མཐོང་གི་མངོན་སུམ་ཡིན་ན་སྣང་ལ་མ་ངེས་པའི་བློ་ཡིན་དགོས་པར་ཐལ། རང་ཡུལ་གྱི་ཆ་འགའ་ལ་སྣང་ལ་མ་ངེས་པའི་བློ་ཡིན་པས་སོ། །འདོད་ན། ཧ་ཅང་ཐལ་ལོ། །འདི་ནི་རིགས་པའི་འགྲོས་ཤིན་ཏུ་རྟུལ་དྲག་པའི་སྐྱོན་དུ་སྣང་ངོ་། །
མཚན་གཞི་དགུ་པ་རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་མིག་ཤེས་སྣང་ལ་མ་ངེས་པའི་བློ་ཡིན་པ་མི་འཐད་དེ། རྟོག་པ་ནང་བསྡུས་པའི་ཆ་ནས་རང་རྒྱུད་ཀྱི་མིག་ཤེས་ཀྱིས་གཟུགས་རྟོགས་མི་ཐུབ་ན། མིག་ཤེས་ཀྱིས་གཟུགས་རྟོགས་པ་རྟོག་པ་ལ་རག་པར་ཐལ་ལོ། །འདོད་ན། རྟོག་པ་མེད་པའི་སངས་འཕགས་ཀྱི་མིག་ཤེས་ཀྱིས་གཟུགས་མ་རྟོགས་པར་འགྱུར་རོ། །
མཚན་གཞི་བཅུ་པ་ཡིད་ཉ་ཕྱིས་དངུལ་དུ་འཁྲུལ་བའི་གནས་སྐབས་ཀྱི་ཉ་ཕྱིས་འཛིན་པའི་མིག་ཤེས་ཀྱང་སྣང་ལ་མ་ངེས་པའི་བློ་མ་ཡིན་ཏེ། དེ་འདྲའི་ཉ་ཕྱིས་འཛིན་པའི་མིག་ཤེས་དེས་ཉ་ཕྱིས་ཀྱི་སྟེང་གི་དཀར་པོའི་ཆ་ཙམ་ཡང་མ་རྟོགས་ན་ཉ་ཕྱིས་ལ་དངུལ་དུ་འཛིན་པའི་སྒྲོ་འདོགས་ཀྱང་མི་བསྐྱེད་པར་ཐལ་ལོ། །འདི་ནི་མཁས་གྲུབ་ཆོས་རྗེའི་རིགས་པའོ། །མ་ཟད་དེས་ཉ་ཕྱིས་དྲན་པའི་དྲན་ཤེས་ཀྱང་མི་འདྲེན་པར་མི་འགྱུར་རོ། །དེས་ན་རྟོག་པ་ནང་དུ་བསྡུས་མིན་དང་ཉ་ཕྱིས་ལ་དངུལ་དུ་འཁྲུལ་མིན་གང་ལྟར་ཡང་མིག་ཤེས་ཀྱིས་གཟུགས་རྟོགས་མིན་ནི་མིག་ཤེས་རང་སྟེང་ནས་འབྱེད་དགོས་པ་ལས་རྟོག་པ་ཡོད་མེད་དང་ཡིད་ཤེས་འཁྲུལ་མེད་ལ་གཏན་ནས་རག་ལས་དོན་མེད་དོ། །མདོར་བསྡུས་ན་སྔོན་བྱོན་མཁས་པའི་གསུང་རྩོམ་ཁག་ཏུ་སྣང་ལ་མ་ངེས་པའི་བློའི་མཚན་གཞི་ལ་བཅུ་ཙམ་བཞག་འདུག་པ་དེ་ཐམས་ཅད་སྣང་ལ་མ་ངེས་པའི་བློ་ཡིན་པའི་རྒྱ་གཞུང་གི་ཁུངས་གསལ་པོ་མེད་པ་དང་གཅིག །མཁས་གྲུབ་ཆོས་རྗེ་ལྟ་ན་དེ་དག་སྣང་ལ་མ་ངེས་པའི་བློ་ཡིན་པའི་རིགས་པའི་རྒྱབ་རྟེན་མེད་པ་གསལ་པོ་ཡིན། མ་ཟད་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་པར་བྱས་ཀྱང་དེ་དག་སྣང་ལ་མ་ངེས་པའི་བློ་ཡིན་པ་རིགས་པས་དཔྱད་བཟོད་པ་ཞིག་གཏན་ནས་མ་མཐོང་ངོ་། །
འོན་ཀྱང་ཤིན་ཏུ་ནས་དཔྱད་དཀའ་ཞིང་གཏིང་ཟབ་ལ་རྩོད་པའི་གནད་ཆེ་བ་ནི། སོ་སོ་སྐྱེ་བོའི་རྒྱུད་ལ་དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྔོ་འཛིན་མིག་ཤེས་ཡོད་མེད་དང་། ཡང་ན་དེའི་རྒྱུད་ལ་སྐད་ཅིག་ཕྲ་མོའི་ངོ་བོར་གྱུར་པའི་སྔོ་འཛིན་མིག་ཤེས་ཡོད་མེད་སོགས་ལ་སྤྱིར་གྲུབ་མཐའ་སྨྲ་བ་སོ་སོ་ལ་འདོད་ཚུལ་མི་འདྲ་བ་ཡོད་ཅིང་བྱེ་བྲག་ཏུ་གྲུབ་མཐའ་སོ་སོའི་རྒྱུན་འཛིན་དང་གཞན་ཡང་གྲུབ་མཐའ་དེ་དག་གི་དགོངས་པ་ལེན་པ་ལ་མཁས་པ་སོ་སོའི་བར་ལ་བཤད་ཚུལ་མཐའ་ཡས་པ་ཞིག་སྣང་བས་ཐམས་ཅད་མ་འདྲེས་པར་བཤད་ཐུབ་དཀའ་ལ། མ་ཟད་སོ་སོ་སྐྱེ་བོའི་རྒྱུད་ལ་དེ་ཡོད་ན་དེས་ཡུལ་རྟོགས་མིན་སོགས་ལ་དཔྱད་པར་བྱ་བའི་གནས་ཤིན་ཏུ་མང་ངོ་། །གང་ལྟར་སྣང་ལ་མ་ངེས་པའི་བློ་མེད་པ་ལ་དགའ་བ་དང་ཡོད་པ་ལ་སྡང་བ་གང་ཡང་མེད་མོད་འོན་ཀྱང་ངེད་ཅག་སློབ་གཉེར་བ་རྣམས་ཀྱིས་སྔོན་བྱོན་མཁས་པའི་གསུང་ལ་རྟོག་དཔྱོད་མེད་པར་མ་བརྟག་རྒྱུན་འབྱམས་སུ་སོང་བ་ཤིན་ཏུ་མང་བས་གུས་པས་དཔྱད་པའི་འགྲོས་ཙམ་སྟོན་ཁུལ་བྱས་པ་ཙམ་ཡིན། གཞན་དུ་ན་དཔལ་ན་ལེནྡྲའི་ཆོས་རྒྱུད་དྲི་མ་མེད་པ་འཛིན་མཁན་ཡིན་ཟེར་ན། སྙིང་པོ་མེད་པའི་སྟོང་བཤད་འབའ་ཞིག་ཏུ་ཅིའི་ཕྱིར་མི་འགྱུར། དེས་ན་རང་སྡེ་གྲུབ་མཐའ་སྨྲ་བ་བཞི་པོ་སུའི་ལུགས་ལའང་སྣང་ལ་མ་ངེས་པའི་བློ་ཡོད་ཅེས་ཟེར་བ་ནི། ཡིན་ཤག་ཤག་གི་བཤད་པ་ལས་དཔྱད་དོན་རྙེད་པའི་ལས་སུ་འགྱུར་དཀའ་འདུག་སྙམ།
དཔྱོད་བཟོད་མི་ལྡན་རྒྱུན་འབྱམས་སྲུང་། །རིགས་པའི་དཔུང་མཐུ་བཀྱེད་དེ་གཟིགས། །རྟོག་དཔྱོད་ཁ་ལ་སྨྲ་བ་གཅོད། །དེ་ལ་ངས་ཀྱང་བཟུར་ཏེ་གཡོ། །དགག་སྒྲུབ་ལྷུར་ལེན་སྙིང་སྟོབས་ཅན། །ཕྱོགས་ལྟར་རྒྱང་ནས་ཟུར་མིག་མཛད། །རིགས་པ་འབའ་ཞིག་སྙིང་བཅུག་གང་། །བདག་གིས་མི་གཡོ་དམ་འཁྱུད་བྱེད། །སྐྱེ་རྒུ་རྒུད་པའི་བྱེད་གཏེ་གང་། །རིགས་པའི་འཕྲུལ་གྱིས་བསླུ་བྱས་ནས། །ཐར་ཆེན་བདེ་བའི་དབྱིངས་གཤིས་སུ། །འགྲོ་རྣམས་འབྱིང་བའི་རྒྱུར་གྱུར་ཅིག །གུས་པ་སེར་བྱེས་དངོས་དགས་༢༠༡༥་༣་༢༨་ཉིན་སྤེལ།། །།



Sent from my iPad

2015/04/16

མཉེན་ཆས(UC Browser)

ཨན་ཌོ་(Android)མ་ལག་གི་ཁ་པར་སྤྱོད་མཁན་ཚོ་ལ་རང་གི་ཁ་པར་དུ་བོད་ཡིག་ཡོད་རུང་གཅིག་གྱུར་གྱི་དཀའ་ངལ་དེ་ནི་Google chrome སོགས་དྲ་འབྱེད་མཉེན་ཆས་ནས་དྲ་ཚིགས་ཁག་ལྟ་དུས་བོད་ཡིག་འཐོར་ཞིག་སོང་ནས་ལྟ་ཀློག་མི་ཐུབ་པ་དེ་རེད། དཀའ་ངལ་འདི་སེལ་དགོས་ན་ཁྱེད་ཀྱིས་UC Browser ཞེས་པ་འདི་ཕབ་ལེན་བྱས་ནས་བཀོལ་སྤྱོད་བྱོས། འདི་ནས་བོད་ཡིག་གི་དྲ་ཚིགས་ཁག་ལེགས་པར་ཀློག་ཐུབ། འདི་ཉིད་opera mini དང་མི་འདྲ་བར་ཁ་པར་གྱི་ཡིག་གཟུགས་ཅི་ཞིག་བརྗེ་རུང་དེ་བསྟུན་གྱི་ཡིག་གཟུགས་འགྱུར་བ་ཐེབས་ཀྱི་རེད།

ཚིག་པ་ཟས་པའི་མཚན་མོ།



སྔས་མགོའི་ཐད་ཀྱི་སྒེའུ་ཁུང་ཞིག་རལ་དེ་ལས།
ཁ་སྦུབ་ཏུ་ཉལ་ཏེ་བལྟས་བལྟས་ལ།
མཚེར་བའི་དུང་ཟླ་དང་འདར་བའི་སྐར་མ་དག
གཡར་དྭགས་པའི་མཁའ་དབྱིངས་ནས།
ཧ་ཅང་གསལ་བར་མཐོང་།
གཡས་ཟུར་གྱི་སྒེའུ་དེ་ནས་ཡང་།
ཁྱིམ་མཚིས་བཟའ་ཚང་དེ་གཉིས་ཀྱི་ཁང་ཆུང་གྲུབ་བཞི་དེར།
བྱིས་པ་ངུ་བའི་སྐད་སྒྲ་གཟན་པོ་དེ་ནམ་ཡང་མ་འཇགས་པས།
ཁོང་ཁྲོའི་རླུང་ནག་སྟོད་ན་རྒྱུ་ཡོང་གི་འདུག
འབུ་སྲིན་གྱི་ཙིར་ཙིར་སྐད་སྒྲ་དེས་ཀྱང་སྙིང་འབིག་པ་བཞིན།
རྣ་ལ་གཟན་ཞིང་སྙིང་ལ་འཛེར་བའི་མཚེར་མ་ཞིག་རེད་ཨང་།
ཆུ་ཚོད༡༢ཟིན་སོང་།
ད་དུང་མ་འཇག་པས།
ད་དུང་ཁོང་ཁྲོ་དང་ངུ་སྐད་མ་འཇགས་པས།
རྐང་རྡེབ་ལག་རྡེབ་ཀྱིས་སྒོ་རུ་ཐོན།

ནགས་གསེང་ནས་གླང་ཆེན་གྲགས་བྱུང་།
རླུང་གིས་དེད་ནས་ལྕང་མའང་འགུལ་བྱུང་།
འུར་འུར་ཀྱིས་སྐད་ཤུགས་དེ་ཇེ་མཐོ་རེད།
འཇིག་ཡེར་ཡེར་དེ་ནས་ཉལ་ས་ལ་ལོག་མོད།
ད་དུང་ངུ་མཚམས་འཇོག་མི་འདུག་པས།
ཁང་ཆེན་དེར་བལྟས་ནས་ཚིག་པ་ཟ་བཞིན་གཉིད་དུ་ཡིད་འདུག

རྣམ་ཐར་དད་པའི་འཇུག་ངོགས་ཀྱི་དྲི་བ་བརྒྱ།

༡) ཡབ་ཡུམ་གཉིས་ཀྱི་མཚན་དང་ཕྱི་ལོ་གང་དང་རབས་བྱུང་གང་ལ་འཁྲུངས།
༢) དགུང་ལོ་ནམ་ཞིག་གི་ཚེ་སུ་ལས་དགེ་བསྙེན་སྒྲུབ་མཚན་གང་བཏགས།
༣) ཆོས་རྗེ་དོན་རིན་པ་དང་དགུང་ལོ་ག་ཚད་སྐབས་སུ་མཇལ་ཁོང་གི་དྲུང་དུ་དགུང་ལོ་ག་ཚད་དུས་སུ་ཕེབས།
༤) རབ་ཏུ་མ་བྱུང་གོང་དུ་ཆོས་རྗེ་དོན་རིན་པས་གསང་སྔགས་ཀྱི་དབང་གནང་དང་གསང་མཚན་གང་བཏགས།
༥) བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ཕྱག་གཉིས་པའི་རྣམ་པ་ཞིག་ཡུན་རིང་པོའི་བར་དུ་ནུབ་རེ་ཞིང་མནལ་ལམ་གསལ་བར་འཆར་བ་དང༌། ཁྱད་པར་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་མནལ་ལམ་དུ་ནར་མར་འོང་བ་ཞིག་བྱུང༌བ་འདིའི་རྟགས་མཚན་ཅི་ཡིན།
༦) དགེ་ཚུལ་གྱི་སྡོམ་པ་བསྒྲུབ་ཡུལ་དང་སྒྲུབ་དུས། མཁན་པོ་དང་ལས་སློབ་ཀྱི་མཚན། དགེ་ཚུལ་གྱི་མཚན་གང་གསོལ།
༧) དབུས་སུ་ཕེབས་དུས་དགུང་ལོ་དུ་ཡིན་དང་ཕེབས་རོགས་སུ་ཡོད།
༨) དབུས་སུ་ཆེས་ཐོག་མ་དགོན་པ་གང་ལ་ཕེབས། བླ་མ་སུ་མཇལ། ཆོས་སྐོར་གང་གསན།
༩) གསོ་དཔྱད་སྦྱོང་སའི་སློབ་དཔོན་སུ་ཡི་དང་གཞུང་གང་སྦྱོང་པ་གནང་། གཞུང་དེ་མཛད་མཁན་སུ་ཡིན།
༡༠)  དབུས་སུ་ཐོག་མ་ཕེབས་སའི་གདན་ས་དེ་གང་རེད།
༡༡) བདེ་བ་ཅན་སུས་ཕྱག་བཏགས། འཇམ་སྐྱ་སུ་ཡིན།
༡༢) བདེ་བ་ཅན་ཐོག་མའི་ཆོས་འབྲེལ་གསན་སའི་བླ་མ་གཉིས་མཚན་གང་ཡིན།
༡༣) ཕར་ཕྱིན་གསན་སའི་ཐོག་མའི་སློབ་དཔོན་གཉིས་པོ་སུ་ཡིན།
༡༤) གཙང་ལ་ཕེབས་དུས་དགུང་ལོ་དུ་ཡིན་དང་ཐོག་མ་དགོན་པ་གང་དང་བླ་མ་སུ་མཇལ་ཆོས་གང་གསན།
༡༥)  ཐོག་མའི་གསང་སྔགས་གསོན་གསན་ས་དང་གཞུང་གང་གསན།
༡༦) མཛོད་གསན་པའི་ཐུགས་བཞེད་བྱུང་བའི་རྒྱུ་མཚན།
༡༧) མཛོད་ཀྱི་བཤད་པ་ཚར་གཅིག་གསན་ཡང་ཐུགས་ཁེངས་པ་མ་བྱུང་། འདིའི་སྐབས་ཀྱི་མཛོད་གསན་སའི་བླ་མ་སུ་ཡིན།
༡༨) ཉ་དཔོན་མཇལ་འདུན་བྱུང་དོན་གང་ཡིན།
༡༩) ཉ་དཔོན་དང་མཇལ་འཕྲོད་གནང་ས་དང་གཞུང་གང་གསན།
༢༠) ཉ་དཔོན་ལས་ཕར་ཕྱིན་གསན་པས་རངས་པར་གྱུར་ཚུལ་དད་འཇུག་ལས་གང་གསུང་།
༢༡) རྗེ་རེད་མདའ་བ་ངོ་སྤྲོད་གནང་མཁན་སུ་ཡིན་དང་ཇི་ལྟར་མཚམས་སྦྱོར་བྱས་ཡོད།
༢༢) རྗེ་རེད་བ་དང་མཇལ་འཕྲད་གནང་ཡུལ་གཞུང་གང་གསན།
༢༣) རྗེ་རེད་མདའ་བ་ལ་དད་པ་ཆེན་པོ་འཁྲུངས་དོན་གང་ཡིན།
༢༤) ཁྱེད་ལ་མཛུབ་ཁྲིད་བྱེད་པ་ལ་ལེགས་པར་སྒྲིམ་དགོས་པ་འདུག་གསུང་དགོས་བྱུང་དོན་གང་ཡིན།
༢༥) རྗེ་རེད་མདའ་བའི་རྣམ་ཐར།
༢༦) དད་འཇུག་ལས་རྗེ་རེད་མདའ་བའི་མངོན་པ་རྟོགས་པའི་ཡོན་ཏན་དྲུག་གསུང་པ་གང་ཡིན།
༢༧) རྗེ་རེད་མདའ་བ་འགྲན་ཟླ་མེད་པའི་བླ་མ་གཙོ་བོར་མཛད་དོན་ཅི་ཡིན།
༢༨) མངོན་པའི་བདག་པོར་བྱེད་ཀྱི་འདུག་པས་ཀུན་བཏུས་གསན་བཞེད་བྱུང་སའི་བླ་མ་དང་ཡུལ་གང་ལ་ཅི་ཞུས་དང་ལན་ཅི་གནང་།
༢༩) འདུལ་མཛོད་ལ་ཤིན་ཏུ་མཁས་པས་དེའི་དྲུང་དུ་བྱོན་ཞེས་པའི་མཁས་པ་སུ་ཡིན་དང་གནས་གང་ལ་གཞུང་གང་ཞུས།
༣༠) རྒྱ་ཆེར་འགྲེལ་གྱི་བམ་པོ་བཞི་བཅུ་ལྷག་ཙམ་ཐུགས་ཆུད་བྱུང་མཚམས་བར་ཆད་ཅི་བྱུང་དང་། སྙུན་དྲག་ཐབས་སུ་གང་དང་གང་ལ་ཕེབས།
༣༠) མངོན་པ་བཀུར་བཏུས་ཚར་གཅིག་རྩལ་བཤད་གནང་ས་ཡུལ་གང་དང་སུས་ཞུས།
༣༡) རྗེ་རེད་མདའ་བ་ལ་ཚུར་ལམ་འབྲས་གསན་པ་དང་ཕར་གང་གནང་།
༣༢) རྗེ་རེད་བས་མཚམས་སྦྱོར་གནངས་ནས་གང་ལ་ཕེབས་ཏེ་བསྙུང་གཞི་དྲག་སྐྱེད་བྱུང་།
༣༣)རྣམ་འགྲེལ་གཟིགས་པའི་རྐྱེན་ཀྱིས་དད་པ་ཤུགས་དྲགས་སྐྱེ་ས་དེ་གནས་གང་ན་ཡིན།
༣༤) རྣར་ཐང་དུ་གཞུང་བསྐྱུར་གཙུག་པའི་ཐོག་མ་དེ་གང་ཡིན།
༣༥) སྙན་ངག་མེ་ལོང་མའི་བཤད་པ་གསན་ས་བླ་མ་སུ་ཡིན།
༣༦) རིགས་ཚོགས་དྲུག་གི་བཤད་པ་གསན་ས་མ་བྱུང་བའི་སྐབས་དེར་སུ་ལས་རིགས་ཚོགས་ཀྱི་ལུང་ཞུས།
༣༧) དེ་དུས་པོ་ཏི་གཞན་བཅུ་ལྷག་གི་གྲྭ་སྐོར་ཡང་མཛད་པས་ཆོག་པ་ཡོད་ཅེས་པའི་པོ་ཏི་གཞན་བཅུ་ལྷག་གང་ཡིན་ནམ།
༣༨) དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་ཅེས་པའི་དཀའ་ཆེན་ལྷག་མ་བཞི་གང་ཡིན་གང་དཀའ་ཆེན་ཞེས་པའི་དོན་གང་ཡིན།
ལེའུ་གསུམ་ཡན།
༣༩) བསྙེན་པར་རྫོགས་པའི་ཡུལ་དང་མཁན་སློབ་གསང་སྟོན་པ་སུ་ཡིན་དང་དགུང་ལོ་དང་ཕྱི་ལོ་གང་ཡིན།
༤༠) གདན་ས་ཐེལ་དུ་ཕེབས་ནས་སུ་ལ་ལེགས་བཤད་ཀྱི་སྐྱེས་ཕུལ་ཞིང་བཀའ་མཆིད་མཛད། བླ་མ་དེས་ཕྱིས་ཀྱང་དྲུང་འཁོད་པ་དང་མཆིད་གླེང་བ་ན་གཏམ་ཅི་གླེང་།
༤༡) གསེར་ཕྲེང་རྩོམ་ཡུལ་དང་ཕྱི་ལོ། དགུང་ལོ་གང་ལ་བརྩམས། དགུང་ལོ་དུ་ལ་མཇུག་གང་ལ་རྫོགས།
༤༡) གསེར་ཕྲེང་གི་མཇུག་ཏུ་རབ་བྱུང་གི་ལོ་སྣྲོན་གྱི་ཟླ་བ་ལ་མཇུག་རྫོགས་པ་སྦྱར་གསུངས་པ་འདི་ལས་དགུང་ལོ་དུ་ལ་གསེར་ཕྲེང་མཇུག་བདེ་བ་ཅན་རྫོགས་པར་སྒྲུབ་ནུས་སམ།
༤༢)  ཚ་ཁོ་དཔོན་ཕྱག་ཕྱི་ལ་ཁྲིད་ནས་ཇོ་བོ་ཐུགས་རྗེ་ཆེན་པོ་མཇལ་ཏེ་དཔོན་སློབ་གཉིས་ཀྱི་མནལ་ལམ་ལ་གང་རྨིས།
༤༣) དུས་འཁོར་གསུང་བར་ཞུས་པས་ཁོང་གིས་ཞལ་ཀྱིས་བཞེས་ནས་ཞེས་པའི་བླ་མ་སུ་ཡིན་དང་ཡུལ་གང་ལ་དུས་འཁོར་གྱི་འགྲེལ་བ་གང་གསན།
༤༤) ལྷ་མོ་དབྱངས་ཅན་མའི་རྗེས་གནང་ཞུ་བ་གར་བྱོན་དུ་མང་བ ཞིག་འོང་དོན་ཅི་ཡིན།
༤༥)  ཉིན་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་གཙུགས་ནས་ཞེས་པའི་ཞུ་མཁན་སུ་ཡིན་དང་ཡུལ་གང་ལ་ཚུལ་ཇི་ལྟར་གསུང་ལུགས་སོགས་གང་འདྲ་ཡིན་ནམ།
༤༦) གཏུམ་མོ་ལ་སོགས་པའི་ཐུགས་དམ་གྱི་ཉམས་བཟང་པོ་མང་དུ་འཁྲུངས་སའི་ཡུལ་གང་ཡིན་དང་ཐུགས་སྦྱོང་ཇི་མཛད།
༤༧)  དཔྱིད་ལྟའི་ལོ་ལ། རྒྱུད་སྡེ་དང་དབང་ལུང་མན་ངག་རྩད་གཅོད་མཛད་པའི་བཞེད་དགོངས་བྱུང་བའི་དཔྱིད་ལྟའི་ལོ་ལ་དགུང་ལོ་ག་ཚད་ལ་ཁེལ་ཡོད།
༤༨) སྔོ་ཕྱི་དཔོན་པོ་བསོད་ནམས་གྲགས་པ་དང་མདོ་སྨད་པ་དགེ་བཤེས་ཤེས་རབ་གཉིས་བླ་མ་དབུ་མ་མཇལ་དུ་སོང་ནས་གསུང་གླེང་ཅི་བྱུང་ཡོད།
༤༩) རྗེ་དང་བླ་མ་དབུ་མ་པ་ཐོག་མ་མཇལ་མཛོམས་བྱུང་དུས་བླ་མ་དབུ་མ་པས་རྗེ་ལ་གང་ཞུ་དང་རྗེས་བླ་མ་དབུ་མ་པ་ལ་གང་ཞུས་ཡོད།
༥༠) ཆོས་རྗེ་ལོ་ཙྪ་བ་སྐྱབས་མཆོག་དཔལ་བཟང་གིས་མཚམས་སྦྱར་མཛད་ནས་སྟག་ཚང་རྫོང་ཁར་གྲགས་པ་རྒྱལ་མཚན། རྗེ་རེད་མདའ་བ། བླ་མ་ལོ་ཙྪ་བ་དོན་བཟང་གསུམ་གྱི་གཞུང་གང་གསུང་ཡོད།
༥༡) འབའ་འུ་འབའ་གཉེར་དུ་རྗེ་རེད་མདའ་བའི་དྲུང་ནས་གསང་བ་འདུས་པའི་རྩ་རྒྱུད་གསན་པ་འདི་གསང་འདས་གསན་པའི་ཐོག་མ་ཨེ་ཡིན། ཡང་ན་ཁོང་གི་དྲུང་ནས་གསང་སྔགས་གསན་པ་ཐོག་མ་ཨེ་ཡིན།
༥༢) བླ་མ་ཆོས་ཀྱི་དཔལ་བ་དྲུང་ནས་དུས་འཁོར་གསན་བཞེད་བྱུང་བའི་ནུབ་མོ་མནའ་ལམ་དུ་ཅི་རྨིས་དང་ཆོས་ཀྱི་དཔལ་བ་མཇལ་དུས་གང་ཞུས་དང་ཁོང་གིས་ལན་གང་གནང་།
༥༢) རྗེ་རེད་མདའ་བས་སྔགས་ཀྱི་རྩད་གཅོད་མཛད་པ་ལ་ཡུན་རིང་འགྱང་། ད་ལྟ་སྡེ་སྣོད་ཀྱི་བཤད་པས་ཕན་ཐོགས་འོང་གིན་འདུག་པས་བཤད་པ་མཛད་ན་ལེགས་ཚུལ་ཞུས་པར་རྗེས་གསུང་ལན་གང་གནང་། འདིའི་ཐད་དུ་མཁས་གྲུབ་རྗེས་དད་འཇུག་ཏུ་གང་གསུངས་སམ། ་
༥༣) ཆོས་ཀྱི་དཔལ་བ་ཐོག་མ་མཇལ་དུས་ཕྱག་ཕྱིས་དར་སེར་དང་གོས་ནེ་ཙོ་ཕུལ་བ་དེས་རྟེན་འབྲེལ་གང་འགྲིག་པ་ཡིན།
༥༤)  ཡོ་གའི་བཀའ་ལུང་མཐའ་དག་དང་ཕྱག་ལེན་སྦྱོང་བར་བཞེད་ནས་བླ་མ་སུའི་དྲུང་ཕེབས་ཚུལ་ཇི་ལྟར་སྦྱོང་།“
༥༥) རྒྱུད་སྡེ་འོག་མ་རྣམས་ཀྱི་བཀའ་ད་ལྟ་བོད་ན་རྣམ་པར་དག་པའི་དབང་གི་ཆུ་བོ་རྒྱུན་མ་ཆད་པར་ཡོད་པ་ཕལ་ཆེ་བ་ཡོངས་སུ་རྫོགས་པར་གསན་ས་བླ་མ་སུ་ཡིན་དང་དབང་བདག་པོ་ལ་འཕྲད་པས་འགྱོད་པ་མེད་དོ་གསུང་མཁན་སུ་ཡིན།
༥༦) “རྗེ་རིན་པོ་ཆེ་འདི་བའི་ཞལ་ནས། སྔགས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་གཙོ་བོར་བླ་མ་མཉེས་པར་བྱས་པ་འབའ་ཞིག་ལ་རག་ལས་འདུག་པས། དབང་གནང་བའི་དུས་ཐམས་ཅད་དུ་བླ་མས་མཉེས་བཞིན་དུ་རྗེས་སུ་གནང་བ་ཡིན་ནོ། །ཞེས་གསུངས་བ་དེ་ལ་དཔྱད་རྒྱུ་ཆེན་པོ་ཞིག་འདུག་གོ་གསུངས་ན་དཔྱད་རྒྱུ་གང་ཡོད་དམ།
༥༧)  གསང་སྔགས་ཀྱི་བཤད་པ་གསན་སའི་བླ་མ་གཙོ་གཉིས་བཞག་ན་སུ་འཇོག་དགོས།
༥༨) གསང་སྔགས་ཀྱི་དབང་ལུང་ཐོག་མ་གསན་ས་སུ་ཡིན་དང་བཤད་པ་ཐོག་མ་གསན་ས་སུ་ཡིན་ནམ།
༥༩) བླ་མ་དབུ་མ་པའི་རྣམ་པར་ཐར་པ་བསྡུས་འབྲི་ཞིག་གྱིས་དང་།
༦༠) ཚུལ་འདི་ལྟར་མཛད་དོ།། ཞེས་གཟུ་བོར་གནས་པ་སུས་ཀྱང་ལན་ཅིག་ཀྱང་དྲང་པོར་གླེང་བའི་སྐབས་མི་རྙེད་པ་འདི་ནི། ཆོས་ལ་བློ་ཁ་ཅུང་ཟད་ཅིག་ཕྱོགས་པ་ཡན་ཆད་སུས་བསམས་ཀྱང༌། གཟུ་བོའི་བློས་བསམས་ན་ནི། རང་དབང་མེད་པ་ཉིད་དུ་དད་པ་ལྷག་པར་སྐྱེད་པའི་སྐྱེས་བུ་དམ་པའི་རྣམ་ཐར་ངོ་མཚར་བ་ཡིན་ནོ། ཞེས་པའི་ཐད་ལ་དད་འཇུག་ཏུ་ངོ་མཚར་བའི་རྣམ་ཐར་གང་གསུངས་སམ།
༦༡) རྗེའི་ཞལ་ནས་རང་ཉིད་ལ་གཞུང་དོན་གྱི་གོ་བ་རྙེད་ཚུལ་སོགས་དང་དཔྱད་པ་མ་རྫོགས་བར་དུ་ཁ་ཚོན་བཅད་སྔ་མི་རུང་བའི་གདམ་པ་ཅི་ལྟར་མཛད་ཡོད།
༦༢) “དེའི་ནང་ནས་ཀྱང་སྒྱུ་ལུས་འདི་ཤིན་ཏུ་རྟོགས་དཀའ་བ་དང༌། རྟོགས་ན་དོན་ཆེ་ཞིང༌། མ་རྟོགས་ན་ནི་ལོག་པར་ལྟུང་བའི་གཡང་སའང་ཤིན་ཏུ་ཆེ་ཚུལ་སོགས་ཀྱི་སྐོར་རྗེས་གང་འདྲ་གསུངས་སམ།
༦༣) “།དེའི་ཚེ་རྗེ་འདིའི་ཐུགས་ཡུལ་ན་ཡང་ཁས་ལེན་ཅིའང་མེད་ཅིང་གང་ཡང་རང་ལུགས་ལ་བཞག་ས་མེད་པར་གཞན་ངོ་འབའ་ཞིག་ལ་སྐྱེལ་བའི་དབུ་མའི་ལྟ་བ་དེ་ཅུང་ཐུགས་ལ་བདེ་བར་ཡོད་པས། བདག་གི་དབུ་མའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བ་ཡིན་ཞུས་པའི་ལན་དུ་གང་གསུང་དང་སུ་ལ་ཞུས། བདག་གི་དབུ་མའི་ལྟ་བ་འདི་ཟེར་བ་གང་ལ་གོ་དགོས། གཞན་ངོ་འབའ་ཞིག་ལ་སྐྱེས་པའི་ལྟ་བ་དེ་ཡོད་མིན་མེད་མིན་གྱི་ལྟ་བ་དེ་ཡིན་ནམ།

དད་འཇུག་གི་ལེའུ་ལྔ་པ།
༦༤)  བླ་མ་དབུ་མ་པ་ཁམས་སུ་ཕེབས་ཉེ་སྐབས་གཙུག་ལག་ཁང་དུ་དབང་གང་གནང་ངམ།
༦༥) དགུང་ལོ་སོ་དྲུག་སྐབས་འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་འོལ་ཁ་ཕེབས་དུས་བོད་ཀྱི་རབས་གནས་ལོ་ཟླ་ཅི་ལ་ཁེལ་ཡོད།
༦༦) འོལ་ཁ་ཕེབས་དུས་ཞབས་ཏོག་མཛད་མཁན་གཉིས་བྱུང་བ་སུ་ཡིན།
༦༧) འོལ་ཁ་བཞུགས་དུས་ཐོག་མར་གསག་སྦྱང་གནད་ཆེ་བར་དགོངས་ནས་དཔོན་སློབ་རྣམས་ཀྱིས་ཇི་ལྟར་བྱས།
༦༨) སྤྲོ་དགའ་ཤུགས་དྲག་པོས་འཇུག་པར་བྱ་བའི་ཆེད་དུ། མདོ་སྡེ་ནས་འབྱུང་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་དང་སྤྱོད་པ་གང་རླབས་ཆེ་ཆེ་རྣམས་ལ་རེ་རེ་ནས་དམིགས་ཕུག་གི་ཐུགས་སྦྱོང་བའི་དམིགས་རྣམ་ནར་མར་བསྟེན་པས། མཐའ་མ་ཇི་འདྲ་བྱུང་ཚུལ་རྗེས་གང་གསུངས་སམ།
༦༩) རྫིང་ཕྱིའི་གཙུག་ལག་ཁང་སུས་བཞེས་པ་དང་ཞིག་གསོ་མཛད་དགོངས་བྱུང་དོན་གང་ཡིན་ནམ།
༧༠) ཞིང་གསོ་མཛད་དུས་དང་རབ་གནས་གནང་སྐབས་བཅས་སུ་ཡ་མཚན་གྱི་ལྟས་ཅི་བྱུང་དང་ལྷོ་བྲག་མཁན་ཆེན་ཕྱག་རྡོར་ལ་གཟིགས་སྣང་ཅི་བྱུང་ངམ།
༧༡) ལྷོ་བྲག་ནམ་མཁའ་རྒྱ་མཚན་གྱི་དྲུང་ནས་བྱུང་ཆུབ་ལམ་གྱི་རིམ་པའི་ཁྲིག་ཡིག་གསན་པ་དེ་ལམ་རིམ་གསན་པ་སྔ་ཤས་ཡིན་མིན།
༧༢) རྟེན་འབྲེལ་ཁྱད་པ་ཅན་གང་ཞིག་ལ་དགོངས་ནས་བསྟོད་པ་ཚངས་པའི་ཅོད་པན་བརྩམས་པ་དང་བསྟོད་པ་འདི་སུ་ལ་ཕུལ་བ་ཡིན།
༧༣) རྒྱ་གར་ཤིང་གི་རི་ལ་ཕེབས་དགོངས་ཀྱིས་བྱོན་པ་ན་མཐར་མ་ཕེབས་པའི་རྐྱེན་གང་ཡིན་ནམ།
༧༤) ལམ་ཐུན་མོང་བ་ལ་བློ་སྦྱོང་པ་ནས་འཁྲིད་དགོས་པའི་གདུལ་བྱ་རྣམས་ལ་ཁྲིད་ཀྱི་རྣམ་གྲངས་མང་པོ་སྟོན་པ་མ་བྱས་གསུང་ཞིང༌། འདི་ཁོ་ནའི་སྟེར་ནས་གཙོ་བོར་འཁྲིད་བར་མཛད་དོ།། ཞེས་པའི་འདི་སྒྲ་འཇུག་ཡུལ་གང་ཡིན་ནམ།
༧༥) ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཁས་བླངས་པའི་ཚུལ་ཁྲིམས་དག་དགོས་པ་ཡིན་གསུངས་ནས་རྗེ་རང་ཉིད་ལ་ཚུལ་ཁྲིམས་དག་ཚུལ་གང་གསུངས་ཡོད།
༧༦) ཕྱི་རབས་གངས་རིའི་ཁྲོད་ཀྱི་སྐྱེ་བོ་ཡོངས་ལ་རྒྱལ་བ་གཉིས་པ་དང་མཚུངས་པར་བཀའ་དྲིན་ཆེ་བ་ཡིན་ནོ་ཞེས་དད་འཇུག་ལས་གསུངས་ན་བཀའ་དྲིན་ཆེ་ཚུལ་ཇི་ལྟར་ཡིན།
༧༧)  རྒྱལ་ཚབ་དར་མ་རིན་ཆེན་དང་དུས་དང་ཡུལ་གང་ན་མཇལ་བ་ཡིན།
༧༨) གཉལ་གྱི་ལུང་ར་ཆེན་མོ་དུས་ནམ་ཞིག་ལ་ཚུགས།
༧༩) བསྟོད་འབྲེལ་བསྟོད་པ་རྩོམ་པའི་དུས་དང་རྩོམ་པའི་རྐྱེན་གང་ཡིན་ནམ། མཆོད་པ་བརྗོད་ཚུལ་གང་དུ་གཏོགས།
༨༠) འོ་དེ་གུང་རྒྱལ་དུ་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་དུ་བྱས་ནས་གསོལ་བ་བཏབ་པས་བྱིན་གྱིས་བརླབས་པའི་མཚན་མ་ཅི་བྱུང་ཡོད།
༨༡) སྒྲོ་འདོགས་ལྷག་མ་མེད་པར་ཆོད་དེ། སྟོང་པ་ཉིད་ལ་ཐུགས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ལྷུར་མཛད་ཅིང༌། ཡང་དག་པའི་དྲན་ཤེས་ཀྱིས་ལེགས་པར་བསྐྱངས་པའི་གོམས་པ་ཕུལ་དུ་ཕྱིན་པར་མཛད་པའི་སྟོབས་ཀྱིས།  རྗེ་ཉིད་ཀྱིས་ཞལ་ནས་གང་གསུངས་ཡོད།
༨༢)  མཛད་པའི་བྱ་བ་མང་པོ་ཞིག་རང་བཟོ་མ་བྱས་པར་རྗེ་བཙུན་འཇམ་པའི་དབྱངས་ལ་ཞུས་ནས་བྱ་བ་མཛད་པ་གང་དང་གང་ཡིན།
༨༣) བྱང་སའི་ཚུལ་ཁྲིམས་ཀྱི་ལེའུ་དང་། བླ་མ་ལྔ་བཅུ་པ། རྩ་ལྟུང་བཅུ་བཞི་པ་སོགས་བཤད་པ་ཤིན་ཏུ་ཞིབ་པ་གསུངས་པའི་དགོངས་བཞེད་ཇི་ལྟར་བྱུང་།
༨༤) དེས་བས་ན་བསྟན་པའི་རྩ་བ་སོ་སོ་ཐར་པའི་རྨང་རྫོགས་པར་གསོས་པས་བསྟན་པ་ལ་བྱ་བ་མཛད་པ་འདི་ཡ་མཚན་པ་ཡིན་ནོ་གསུངས་ན་ཡ་མཚན་པའི་བྱ་བ་གང་མཛད་ཡོད།
༨༥) ལོ་རིམ་ཆེན་མོ་གནས་གང་དང་དགུང་ལོ་དུ་ལ་བརྩམས་པ་གནང་། སྐུལ་བ་པོ་སུ་ཡིན།་
༨༦) སྡེ་སྣོད་འཛིན་པ་ཐམས་ཅད་སྔོན་ལན་ཅིག་ཀྱང་མ་མྱོང་བའི་ལེགས་པར་བཤད་པའི་བདུད་རྩིའི་རོ་ཕུལ་དུ་བྱུང་བ་མྱོང་བས་ཡིད་ཀྱི་སྐྱེས་བུ་རང་དབང་མེད་པར་ཕྲོགས་ཏེ་ངོ་མཚར་བའི་གཏམ་གྱིས་དུས་འདའ་བར་བྱེད་ཅེས་གསུངས་ན་ཚུལ་ཇི་ལྟ་བུའི་སྒོ་ནས་ལེགས་བཤད་གང་གསུངས་ཡོད།
༨༦)  སློབ་དཔོན་ཀླུ་བྱང་གི་རྣམ་བཞག་རིམ་པའི་ཊཱི་ཀྐ་རྩོམ་པའི་སྐུལ་མ་མཛད་མཁན་སུ་ཡིན།
༨༧) སྔགས་རིམ་ཆེན་མོ་ཡུལ་གང་ལ་རྩོམ། སྐུལ་བ་པོ་སུ་ཡིན།
༨༨)༽ རྩ་ཤེར་ཊིཀ་ཆེན་རྩོམ་བཞེད་བྱུང་ནས་རིགས་པའི་གནོད་ཕྲ་བ་འགའ་ལ་དོགས་པ་མ་ཆོད་པས་འཇམ་པའི་དབྱངས་ལ་གསོལ་བ་བཏབས་པས་གཟིགས་སྣང་གང་བྱུང་དང་གཟིགས་སྣང་དེས་ཕན་པ་གང་བྱུང་ཡོད།
༨༩) ལེགས་བཤད་སྙིང་པོ་དང་རྩ་ཤེའི་རྣམ་བཤད་ཆེན་མོ་གཉིས་རྩོམ་དུས་དགུང་ལོ་དུ་ཡིན་དང་གནས་གང་ལ་བརྩམས།
༩༠) རྒྱ་ནག་རྒྱལ་པོས་འབུལ་སྐྱེས་སྐུར་ནས་གསོལ་འདེབས་གང་ཞུས་དང་ལན་ཅི་གནང་།
༩༡) ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས་ནས་མཆོད་པ་རྒྱ་ཆེན་གཤམས་པའི་མཛད་བཟང་སྐོར་མདོར་བསྡུས་པ་ཞིག
༩༢) ཇོ་བོ་རྗེས་གཏེར་ནས་བླངས་པའི་ལུང་བསྟན་ཤོག་དྲིལ་གསུམ་ཡོད་ཅེས་པ་དེ་གསུམ་གྱི་མིང་དང་མཛད་མཛད་མཁན་སུ་ཡིན།
༩༣) བཀའ་ཆེམས་ལས། རྗེ་ལུང་བསྟན་པའི་ཚིག་དང་དེས་རྗེ་ལུང་བསྟན་ཚུལ།
༩༤) དགའ་ལྡན་དགེ་ཕྱག་བཏབ་ལོ་དང་རྗེའི་དགུང་ལོ་དུ་ལ་ཕེབས།
༩༥) བཤད་རྒྱུད་ལྷ་མོ་བཞིས་ཞུས་པ་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་གཉིས་དང་། རིམ་ལྔ་གསལ་སྒྲོན། རིམ་ལྔ་གདན་རྫོགས་བཞི་གནས་གང་རྗེའི་དགུང་ལོ་དུ་ལ་བརྩམས།
༩༦) རྗེ་ལ་སྐུ་ཚེ་བར་ཆད་ཆེན་པོ་ཞིག་ཡོང་བ་དགོངས་ནས་ཞལ་ཏ་གང་གནང་དང་སློབ་མ་ཚོས་ཅི་མཛད། འདིའི་སྐབས་དགུང་ལོ་དུ་ཡིན།
༩༧) དགོངས་པ་རབ་གསལ་དང་རྩ་རྒྱུད་ཀྱི་ཊཱི་ཀྐ་སྨད་བྱུང་རྩོམ་པ་རྫོགས་པར་མཛད་ཡུལ་གང་ན།
༩༨) མཛད་ཆེན་བཞི་གང་ཡིན་དང་རྗེའི་དགུང་ལོ་དུ་ལ་མཛད་ཆེན་དེ་དག་མཛད།
༩༩) མཛད་ཆེན་བཞི་པོ་རེ་རེ་ནས་མཛད་ཆེན་དུ་བགྲང་དོན་གང་ཡིན་གསུང་དང་།
༡༠༠) དད་འཇུག་ལེའུ་ལྔ་པའི་བརྗོད་དོན་གཙོ་བོ་གང་ཡིན་ནམ།

བརྡ་འཕྲིན་མེད་པའི་འཁོར་ཡུག་ནང་གི་འཚོ་བ།


ད་ལོ་རི་བོ་དགེ་ལྡན་པའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་སྔ་ལོའི་གྲོས་ཆོད་བསྐྱར་བཅོས་ཀྱིས་གུང་སེང་མ་གཏོགས་ཁ་པར་སོགས་འཕྲུལ་རིགས་གཏན་ནས་བེད་སྤྱོད་མི་ཆོག་ཅེས་གྲོས་ཆོད་འཇོག་གནང་ཞིང་། གདན་ས་གྲྭ་ཚང་ཁག་གིས་དམ་ནན་བྱེད་དགོས་པས་བཀའ་རྒྱ་ཕེབས་འདུག་པར་གཞི་བཟུང་གིས་འདི་ག་གྲྭ་ཚང་དུ་འདིའི་ཐད་དོ་ནན་ཆེས་ཆེར་བཏང་ནས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད། 
མ་གཞི་གྲོས་ཆོད་འདི་འདྲ་འཇོག་དགོས་པའི་གཞི་རྩ་ནི་སྔ་ལོ་ཞིག་ལ་༸གོང་ས་མཆོག་གི་སྙན་དུ་ཕྱི་རྒྱལ་དུ་བཞུགས་པའི་དགེ་བཤེས་ཤིག་གིས་གདན་ས་ཁག་ཏུ་སློབ་གཉེར་ཉམས་ཆག་འགྲོ་གཞིར་ལ་ཁ་པར་བེད་སྤྱོད་གཏོང་མཁན་མང་ཚུལ་ཞུས་པ་ལས་༸གོང་ས་མཆོག་གིས་ཁ་པར་སོགས་རྣམ་གཡེང་གི་རྒྱུ་རྐྱེན་མང་དུ་སོང་ནས་སློབ་གཉེར་འཐུས་ཤོར་སོང་ན་མི་འགྲིག་པའི་དཀའ་སློབ་ཕེབས་གནང་དང་། གདན་སའི་མཁན་ལས་ཟུར་ཚོར་སློབ་གཉེར་ཚགས་ཚུད་དང་ཡར་རྒྱས་གོང་འཕེལ་གཏོང་ཐབས་ཅི་ཡོད་ཚོགས་འདུ་འཚོགས་ཐུབ་ན་ཡག་པོ་ཡོད་ཚུལ་གསུངས་གནང་ལ་བརྟེན་ནས་འདི་ལོ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་འཚོགས་ནས་གྲོས་གཞི་དང་གྲོས་ཆོད་གསར་འཇོག་དང་བསྐྱར་བཅོས་འགའ་རེ་གནང་ཡོད་པ་རེད། 
ལྷན་ཚོགས་ཀྱིས་དགོངས་པ་ཆེ་བཞེས་ཀྱིས་གྲོས་ཆོད་དེ་འདྲ་འཇོག་ཡོད་པ་ཐེ་ཚོམ་མེད་རུང་གྲོས་ཆོད་འདིས་འཕྲུལ་རིགས་ཀྱི་འཁོར་ཡུག་ནང་དུ་གོམས་འདྲིས་སུ་སོང་ཡོད་པའི་དེང་གི་གཞོན་སྐྱེས་ཚོར་དཀའ་ངལ་ཧ་ཅང་ཤུགས་ཆེན་རེའང་འཕྲད་བཞིན་ཡོད། ཁ་པར་དང་གློག་ཀླད་ནི་རིག་མཛོད་ཆེན་པོ་ཞིག་ཡིན་ལ་དྲ་བ་ནི་ཅི་འདྲི་ལ་ལམ་སྟོན་གནང་ཐུབ་པའི་དགེ་རྒན་ཞིག་ཡིན་པས་དེང་སྐབས་སློབ་ཆེན་དང་གཙུག་ལག་སློབ་གྲྭ། ཁྱད་ལས་དང་ཉམས་ཞིབ་པའི་སློབ་མ་སུ་ཡིན་རུང་དེ་སྔ་བཞིན་དཔེ་མཛོད་ཁང་དུ་དཔེ་བཤུ་དང་དཔེ་ཀློག་ལ་འགྲོ་མི་དགོས་པར་དྲ་བ་ནས་ཐད་ཀ་ཡིག་ཆ་འཚོལ་བཤུས་དང་དགོས་ངེས་དཔེ་དེབ་དང་ཆེད་རྩོམ་ཁག་ཕབ་བཤུས་དང་ཟུར་བལྟ་བྱས་ཏེ་ཆེད་རྩོམ་དང་ཉིན་རེའི་སློབ་ཚན་སྦྱོང་བཞིན་ཡོད།
 ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་པའི་གདན་སའི་དགེ་འདུན་པ་དྲུག་གིས་སློབ་ཆེན་དེར་སློབ་སྦྱོང་བྱེད་སྟངས་སྐོར་གཅའ་འདྲི་ཞིག་ཏུ་འདི་ལྟར་གསུངས་འདུག ཉིན་རེར་སློབ་གྲྭའི་སྒོ་ཆེན་ནས་ཡར་འཛུལ་པར་ནང་སྦྱོང་རྩོམ་ཡིག་ཤོག་ལྷེབ་ཉི་ཤུ་དེ་སྟོན་རྒྱུ་མེད་ཚེ་འཛུལ་ཐབས་བྲལ་བ་རེད། དགེ་རྒན་གྱིས་འདི་དང་འདིའི་སྐོར་རྩོམ་ཡིག་བྲིས་ཤོག་ཅེས་ནང་སྦྱོང་སྐུར་ཡོང་ལ་ཕྱིར་ཁྱིམ་དུ་སླེབས་མ་ཐག་ནང་སྦྱོང་ཆེད་གློག་ཀླད་བརྒྱུད་དྲ་རྒྱ་ཁག་ནས་དེ་རིང་རྩོམ་ཡིག་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་དང་ཟུར་བལྟའི་རྩོམ་ཡིག་ལྟ་ཀློག་བྱས་ཏེ་ནང་སྦྱོང་རྩོམ་ཡིག་དེ་འབྲི་དགོས། གལ་ཏེ་འདི་འབྲི་ཐུབ་མེད་ཚེ་སློབ་གྲྭ་སྒོ་ཆེན་ཡར་ཐར་རྒྱུ་མ་རེད་ཟེར། (ཚིག་ཇི་བཞིན་མིན)
ནུབ་ཕྱོགས་པའི་སློབ་འབྲིང་ཡན་གྱི་སློབ་མ་ཚོས་ནང་སྦྱོང་བྱེད་སྐབས་དྲ་བ་བེད་སྤྱོད་ནི་མེད་ཐབས་མེད་པ་ཞིག་ཡིན་འདུག འདི་ནི་ནུབ་ཕྱོགས་པ་ཚོ་དྲ་བ་ལ་དགའ་དྲགས་པ་དང་ཡང་ན་ཤེས་ཚད་མཐོ་དྲགས་པ་ཞིག་མ་ཡིན་པར་དྲ་བ་བརྒྱུད་ནས་ཡིག་ཆ་འཚོལ་ཐབས་དང་དཔེ་དེབ་ལྟ་ཀློག་དེ་གང་ལས་ཀྱང་ལས་སླ་བ་དང་ཕུན་སུམ་ཚོགས་པ་ཞིག་ཡིན་པས་རེད། གལ་སྲིད་དཔེ་མཛོད་ཁང་ནས་དཔེ་ཆ་བཅུ་གྲངས་ཤིག་ལྟ་ཀློག་དགོས་ཚེ་དཔེ་ཆ་ཡར་འཇོག་མར་ལེན་དང་དགོས་ངེས་དཔྱད་གཞི་འཚོལ་བསྡུ་བྱས་ཏེ་ཆུ་ཚོད་འགའ་ཤས་ནང་དུ་ཚར་ཐབས་མེད་པ་རེད། ད་དུང་ཕབ་བཤུས་བྱེད་དགོས་ན་རེ་རེ་བཞིན་འབྲི་དགོས་སྟབས་དུས་ཚད་ག་ཚད་རྫོགས་འགྲོ་བ་གསལ་པོ་རེད། ང་ཚོའི་སྤྱི་ཚོགས་ནང་དུའང་ཨ་གསར་དང་རྫིག་ངོམ་བྱེད་པ་ཞིག་མ་ཡིན་པར་རྩོམ་ཡིག་དང་དཔེ་ཆ་གསར་རྩོམ། ཉིན་ཐོ་དང་ཟུར་ཐོ་འབྲི་འགོད་བྱེད་པར་དཔྱད་གཞིའི་ཡིག་ཆ་འཚོལ་ཐབས་དང་བརྡ་དག་དང་མིང་ཚིག ཚིག་གསར་སོགས་ཁ་པར་དང་གློག་ཀླད་ཀྱི་དྲ་བ་བརྒྱུད་ཧ་ཅང་སྟབས་བདེའི་ཐོག་ནས་ཕབ་བཤུས་དང་དཔེ་བལྟ་བྱེད་བཞིན་ཡོད། ང་རང་ལ་མཚོན་ན་ཆེས་དཀའ་ས་དེ་དག་ཆ་ཡིན། གལ་སྲིད་བྱ་ཚིག་གིས་གྲུབ་པའི་མིང་ཚིག་<གཏོར་བརླག>དང་མིང་ཚིག་གཉིས་འདུས་ཀྱི་<ཉེ་འཁོར><ཉེ་ཁོར>ལྟ་བུ་འབྲི་དགོས་ན་དཔེར་ན། གཏོར་རླག/གཏོར་བརླགས།/གཏོར་རླགས/མིང་ཚིག་ཏུ་འབྲི་དུས་གང་ཞིག་སྤྱོད་དགོས་པ་མ་ཤེས་པའི་སྐབས་དྲ་བའི་ནང་དུ་<གཏོར་བརླག>བྲིས་དེ་འཚོལ་ན་ལམ་སང་མིང་ཚིག་ཅི་ཞིག་བེད་སྤྱོད་བྱེད་བཞིན་པ་ཤེས་ཐུབ། འདི་དང་འདིས་མཚོན་པས་བྱ་ཚིག་གིས་གྲུབ་པའི་མིང་ཚིག་དང་ཚིག་བསྡུ་མང་པོ་ཞིག་ཚིག་མཛོད་ནས་རྙེད་ཐབས་མེད་པར་མཁས་དབང་ཚོའི་གསུང་རྩོམ་དང་ཆེད་རྩོམ་ཁག་ནས་རྙེད་ཐབས་བྱེད་དགོས་པས་རྩོམ་ཡིག་འབྲི་མཁན་ཞིག་ལ་མཚོན་ན་དྲ་བ་ནི་ཁ་འབྲལ་ཐབས་མེད་པ་ཞིག་རེད།
གུང་སེང་ཉིན་མོར་ཀློག་པའི་གསར་འགྱུར་དེ་ཐོན་ནས་བདུན་ཕྲག་གཅིག་སོང་ཞིང་བདུན་ཕྲག་གཅིག་ཏུ་སོང་བའི་གནས་ཚུལ་དེ་རྙིང་པ་ཞིག་གྱུར་ཚར་བས་གསར་འགྱུར་ཞིག་ནམ་ཡང་ཆགས་མེད། འདི་ལྟར་རྗེས་ལུས་དང་ལྐུག་ཐོམ་ཐོམ་ཞིག་གྱུར་ཚེ་སྤྱི་ཚོགས་ནང་དུ་སྐུ་ཞབས་ཚོ་ཤ་ཚ་སྐད་ཤེས་གི་མི་འདུག་ཅེས་གླེན་ལྐུག་ཅིག་བརྩི་བཞིན་པ་ལ་ཤ་ཚ་ས་ཁ་སྣོན་གཅིག་བྱས་པ་རེད། ད་དུང་གླེན་ལྐུག་དང་<ཀ་ཅ>གྱི་མཐོང་ཚུལ་ལྷག་མ་ཞིག་ཨེ་དགོས་སྙམ། མི་རེ་འགས་སྤྱི་ཚོགས་དང་འབྲེལ་མེད་ལྟར། ཅི་བཤད་ཅི་མཐོང་ལ་སྣང་ཆུང་རེ་བྱེད་མོད། བསྟན་པ་རིང་དུ་གནས་འདོད་དང་འདུས་སྡེ་ཡར་མཚོ་བཞིན་རྒྱས་འདོད་ཡོད་ན་སྤྱི་ཚོགས་ཁ་འབྲལ་ཐབས་མེད་ལ་སྤྱི་ཚོགས་ཀྱི་མིག་ནང་དུ་རིན་ཐང་དང་ཡིད་སྨོན་བྱེད་ས་ཞིག་ཆགས་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་བ་ཡིན། འདི་ལྟར་མ་བྱུང་ཚེ་སྤྱི་ཚོགས་དང་ཁ་ཐག་རིང་དུ་སོང་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཡོང་ཐབས་མེད་ལ་དགོན་སྡེ་དག་ཀྱང་རིམ་བཞིན་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་འགྱུར་རྒྱུ་ཐེ་ཚོམ་མེད། 
ཚན་རིག་གི་ལྟ་གྲུབ་གླེང་རེ་བཞིན་ཡེ་ཤུ་ཆོས་པ་ཚོས་མགོ་དཀྱག་ས་མེད་པ་ཞིག་ཆགས་ནས་གཞོན་སྐྱེས་ཚོས་ཆོས་ལུགས་རྨོངས་དད་དུ་བརྩི་བའི་བསམ་བློ་དེ་བཞིན་སྲ་བརྟན་དུ་གཏོང་བཞིན་ཡོད། ངེད་ཅག་བོད་ཀྱི་སྤྱི་ཚོགས་ནང་དུ་དུས་རབས་ཤེས་ཡོན་འཛུགས་པའི་ལོ་རྒྱུས་གླེང་སྐབས་གདན་ས་ཁག་གིས་འགོག་རྒོལ་བྱས་པའི་ལོ་རྒྱུས་དེ་དོན་ཡོང་ལ་མཐའ་ན་བོད་ཀྱི་རྐང་རྩེད་སྤོ་ལོའི་བྱུང་རབས་ལ་གདན་ས་ཁག་གི་བཀག་འགོག་བྱས་ཚུལ་གླེང་ཡོང་བས་ནང་བསྟན་ལ་རྒྱུས་མངའ་ཉུང་བའི་བོད་ཀྱི་གཞོན་སྐྱེས་ཚོས་ནང་བསྟན་དེ་བཞིན་རྨོངས་དད་དང་ལྷ་སྒྲུང་དུ་བརྩིས་ནས་ནང་བསྟན་དང་རྒྱང་རིང་དུ་འགྲོ་བཞིན་ཡོད། བྱུང་རབས་འདི་དང་འདྲ་བར་ད་སྐབས་ཀྱི་འཕྲུལ་རིགས་འགོག་པའི་བཅའ་ཁྲིམས་དེ་དག་ཀྱང་མི་ལོ་ལྔ་བཅུའི་རྗེས་སུ་བོད་ཀྱི་དུས་རབས་འཕྲུལ་རིགས་ཀྱི་བྱུང་བའི་ཁྲོད་ན་ནག་ཉེས་ཤིག་ཏུ་གྱུར་ནས་ངེད་ཅག་གྲྭ་པ་ཚོའི་མགོ་དཀྱག་ས་མི་རག་པའི་དུས་ཚད་ཅིག་ཏུ་འགྱུར་སྲིད་པ་ཡིན།
གང་ལྟར་འཕྲུལ་རིགས་བཀག་སྡོམ་ལ་ངོ་རྒོལ་དང་མི་འདོད་པ་ཞིག་མ་ཡིན་པར་གྲོས་ཆོད་དེའི་འོག་ཏུ་དཀའ་ངལ་ཡང་སྣ་ཚོགས་ཤིག་འབྱུང་བཞིན་པ་གསལ་བཤད་ཙམ་ཡིན། སླད་ནས་ལས་སྣེ་ཚོར་ཅི་འགབ་ཀྱི་གྲོལ་མོལ་དང་གཤམ་འོག་ཏུ་དཀའ་ངལ་ཅི་ཡོད་ཤེས་ཐུབ་པའི་ཁུངས་སྣེ་རེ་ཡོང་སྲིད་པས་ད་ཐེངས་ཁོ་བོས་གནས་ཚུལ་རེ་གཉིས་ཁ་གསལ་རེ་གཏོན་པ་ཡིན། 

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...