བློ་སེང་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་གསུམ་ཟེར་བ་ལ་ལན་འདེབས།


བློ་སེང་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་ཆེན་པོ་གསུམ།
རྒྱུ་མཚན་གསུམ་རེ་རེ་བཞིན་ཁུངས་མེད་རྫུན་གཏམ་ཡིན་པ་ར་སྤྲོད་བྱ་ངེས་ཡིན།


རྩོམ་པ་པོ། ཚེ་རིང་རྡོ་རྗེ།
ལན་འདེབས་མཁན། ཤེལ་དཀར་པ་སངས་དོན་གྲུབ་ནས། 

གཅིག བློ་སེང་སྲིད་སྟེགས་སུ་འཚང་བ་ནི་སྒེར་དོན་སྒྲུབ་བྱེད་ཁོ་ན་ཡིན།
༼གཅིག། ལན་གཤམ་དུ་གཟིགས༽

བློ་སེང་ནི་སྤྱིར་བཏང་ནས་བོད་མི་རིགས་ལ་ཤ་ཞེན་དང་། བོད་མིའི་རང་དབང་སླར་གསོ། ཆོས་རིག་སྲུང་སྐྱོབ་སོགས་གཙོས་པའི་ལུས་སེམས་གཉིས་ཀ་བོད་དང་འདྲེས་པའི་བོད་མི་ཞིག་རྩ་བ་ཉིད་ནས་མིན། (དེ་ལྟར་ཡིན་མིན་ཨ་རི་ལོ་བཅུ་གྲངས་བསྡད་ན་ཡང་ད་དུང་དེབ་སེར་པོ་མ་གཏོགས་ཨ་རིའི་མི་སེར་མ་བཟོས་པ་འདི་ཁོ་ནས་ར་སྤྲོད་བྱེད་ཐུབ་ལ།   ད་དུང་འབུམ་རམས་པའི་ཆེད་རྩོམ་དེ་ཡང་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་ནས་ཆེད་དུ་བྲིས་པ་འདི་དག་ཞ་ར་མིན་ན་མཐོང་ཐུབ་པ་ཞིག་རེད)གསལ་ཁ་མེད་པའི་འབྲེལ་ལམ་སྣ་ཚོགས་བརྒྱུད་ནས་ཨ་རིར་སློབ་སྦྱོང་ངམ་གཞིས་སྐྱོད་གང་ཡིན་མི་ཤེས་པ་ཞིག་ཏུ་སོང་ཡོད་པ་དང་། (ཤེས་རིག་ལས་ཁང་རྒྱུད་ནས་སློབ་ཡོན་ཐོབ་པའི་སློབ་མ་རྩེ་གྲས་ཀྱི་ཁོངས་སུ་བཏང་བ་ཡིན་པ་ཡོངས་གྲགས་ཡིན་བཞིན་དུ་འདི་འདྲ་སྡིག་པ་མིན་བཙུམ་གནང་བ་ནི་བཟང་སྤྱོད་མེད་པའི་མིའི་སྐད་ཆ་རང་རེད)ཧ་ཝར་གྱི་སློབ་མིང་སྐམ་པོ་ཞིག་ཡོད་ལས་ཆེ་མོད། དོན་སྙིང་ལྡན་པའི་ཤེས་བྱ་ཅི་ཡང་འབྱོར་མེད་པ་ནི་ལོ་ངོ་འདི་གའི་རིང་ང་ཚོར་གསལ་བོར་ཆགས་ཡོད། (དེང་དུས་ཀྱི་ཤེས་ཡོན་ཚད་ལྡན་ཡོད་པའི་ལག་ཁྱེད་ཡོད་ཅིང་༧སྐུ་མདུན་ནས་ཀྱང་དེང་དུས་ཀྱི་ཤེས་ཡོན་ཚད་ལྡན་ཡོད་པའི་མཁས་དབང་རེད་ཅེས་ཞལདྲོན་མོ་ནས་བཀའ་གནང་བ་རྩིས་མེད་ཀྱིས་རྣ་བ་འོན་ཁུལ་བྱ་དོན་གང་ཡིན་ནམ། )ཐ་ན་ཁོ་རང་གི་སྡོད་ཁང་གི་མ་དངུལ་ཚུན་ལ་གཞན་གྱིས་སྐྱོན་འཛུགས་བྱས་ཡོད་ཀྱང་། ང་ཚོའི་ཆེད་ལས་ཁྲིམས་ལུགས་མཁས་དབང་གིས་ཁྲིམས་ཐོག་ནས་དཀར་ནག་གི་དབྱེ་འབྱེད་བྱ་ཐུབ་མེད། (སྒེར་ལ་སྐྱོན་འཛུག་བྱས་ཚད་ལ་ཁྲིམས་བཏུགས་བྱེད་ནས་འགྲོ་དགོས་ན་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཉིན་ལྟར་ཁྲིམས་ཁང་ན་དུས་ཚོད་སྐྱར་དགོས་མི་ཆགས་པའི་ངེས་པ་མི་འདུག་ལ། ལྷག་པར་དུ་དུས་སྐབས་འདི་འདྲ་ཞིག་སྐབས་ལ་དེ་ཁུངས་མེད་ལུང་མེད་ཀྱི་སྐྱོན་མེད་སྐྱོན་འདོག་དང་ནག་མེད་ཉེས་འགེལ་བྱེད་ཡོང་བ་ནི་ཆགས་སྡང་མ་སྤང་པའི་མིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་རེད།)  

ད་དུང་བོད་རང་གི་རིག་གཞུང་དང་། གོམས་སྲོལ་འདུ་ཤེས་དང་བཅས་པའི་བོད་པའི་རང་གཤིས་ནི་ཕལ་ཆེར་རྡུལ་ཙམ་མི་འདུག་སྟེ། ཐ་ན་༸གོང་ས་མཆོག་ལ་སྐྱབས་མགོན་ཙམ་གྱི་ཚིག་གི་ཆེ་མཐོང་འཇོག་པའི་གོམས་སྲོལ་ཀྱང་མེད། (བོད་པའི་གོམས་གཤིས་ཟེར་བ་མ་ཡིན་ཡིན་མདོག་བྱས་ནས་ལྕེ་ནར་ནར་དང་མགོ་འཕུར་འཕུར་བྱེད་རྒྱུ་ཙམ་ལ་ལབ་པ་ཡིན་ན་བདེན་མོད།  གཞན་གོམས་གཤིས་ནང་ནས་ལེགས་ཤོས་ཡ་རབ་བཟང་སྤྱོད་དེ་ཡིན་པས་དེ་ནི་འོས་འགྲན་སྐབས་ཀྱི་འོས་མི་གཉིས་ཀྱི་གཏམ་བཤད་ནས་ཁ་གྲགས་ཡོང་གི་འདུག་པས་དེ་ལ་ད་དུང་བོད་པའི་སྤྱི་ཚོགས་ལ་འགྲེལ་བཤད་བྱ་དགོས་ན་དེ་ནི་སྤྱན་རས་གཟིགས་ལ་མ་ཎིའི་ལུང་གནང་བ་རང་རེད)གཞན་འདི་འདྲའི་མི་ཞིག་ཨུ་ཚུགས་ཆེན་པོས་སྐྱབས་བཅོལ་བོད་མིའི་སྲིད་སྟེགས་ལ་འཚང་ཡོང་བ་ལ་སུས་བལྟས་ཀྱང་མཐོང་ཐུབ་པའི་དམིགས་ཡུལ་གཅིག་རང་ཡོད་པ་སྟེ། (ཨ་སྒོར་ལ་དགའ་བའི་བོད་མི་བཙན་བྱོལ་བ་དང་ཨ་རི་དག་ཞིང་ལ་བརྩི་བཞིན་པའི་བོད་པའི་བཙན་བྱོལ་བའི་ཁྲོད་ནས་ཨ་རི་རྒྱང་དུ་གཡུག་ནས་ས་སྐམ་རི་བཟའ་འཁོར་ཡུག་སོགས་ཐབས་ཆགས་ཙམ་ཞིག་ལ་ལས་ཀའི་གླ་ཆ་ཡང་ཧ་ཅང་ཆུང་པའི་སྤྱི་ཚོགས་འདིའི་ནང་འཚང་ཡོང་བ་ནི་ལྷག་བསམ་དང་ལ་རྒྱ་དེ་གཉིས་ཀྱིས་སྡོད་མ་བཅུག་པ་ཞིག་ཡིན་པ་གཏན་འཁེལ་ཡིན་པས་དེ་ལ་འགྲེལ་ལོག་ཇི་ཙམ་རྒྱག་ན་ཡང་དཀར་པོ་ནག་པོ་ཆགས་ཐབས་མེད)མ་འོངས་པར་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ནས་མི་སྒེར་གྱི་མགོ་འཕང་མཐོན་པོ་ཞིག་འཚོལ་ཐབས་བྱེད་རྒྱུ་ཙམ་ཡིན། དཔེར་ན། སྲིད་སྐྱོང་བྱས་པའི་ལོ་འདི་དག་གི་རིང་ལ་བསམ་བཞིན་དུ་༸གོང་ས་མཆོག་གི་སྐུ་ཚབ་བསྐོས་མེད། ཅིའི་ཕྱིར་མ་བསྐོས་པ་རེད་དམ། རྒྱུ་མཚན་ནི། གལ་ཏེ་༸གོང་ས་མཆོག་གི་སྐུ་ཚབ་བསྐོས་པ་ཡིན་ན། རྒྱལ་སྤྱིའི་གཞུང་སྒེར་གྱི་སྒྲིག་འཛུགས་དང་མི་སྒེར། ཐ་ན་གསར་འགོད་པ་ཚུན་གྱིས་དོ་སྣང་ཡོང་ས་སྐུ་སྒེར་གྱི་སྐུ་ཚབ་ཡིན་པ་ལས་ཁོ་རང་མིན། ཆེས་མ་མཐའ་སྐུ་ཚབ་དང་པོ་དང་ཁོ་རང་གཉིས་པ་ཡིན། དེ་བཞིན་བཞག་ན་ཁོའི་མ་འོངས་པའི་དམིགས་ཡུལ་ཇི་བཞིན་འགྲུབ་ཀྱི་མེད། དེའི་ཆ་ནས་སྤྱི་ཚོགས་ཀྱི་གླེང་སློང་ཅི་ཡོང་དང་། བོད་མི་རིགས་ཀྱི་ལོ་རྒྱུས་ལ་དོ་ཕོག་ཅི་ཞིག་འབྱུང་གི་ཡོད་ཀྱང་སྡུག་པ་མིག་བཙུམ་གྱིས་༸སྐུ་སྒེར་གྱི་སྐུ་ཚབ་བསྐོ་འཇོག་བྱས་མེད།  (དེ་ནི་རྒྱུས་མེད་རྒྱུས་གཏམ་བཤད་པ་ལས་མ་འདས་ཤིང་ལྷག་ཏུ་༧སྐུ་མདུན་གྱི་སྐུ་ཚབ་སྐོས་མིན་དེ་༧སྐུ་མདུན་ནས་ཐག་བཅད་གནང་བ་ལས་༧སྐུ་མདུན་མཆོག་མི་གཞན་གྱིས་གང་བྱས་བྱས་ཀྱི་དབུ་ཁྲིད་གཅིག་ཡིན་པར་ངོས་འཛིན་པ་ནི་༧སྐུ་མདུན་ལ་ལྟ་སྟངས་ཚད་དམའ་དྲག་པ་རེད།  མ་ཟད་དེ་སྔོན་རྒྱ་ནག་གཞུང་ནས་སྐུ་ཚབ་སྔོན་ནས་སྐོས་ན་སྐུ་ཚབ་མི་དེ་དག་གིས་འགྲིག་གི་མི་འདུག་ཟེར་ནས་འབྲེལ་མོལ་གཡོལ་ཐབས་བྱེད་ཀྱི་ཡོད་པ་ཤེས་ནས་ཐབས་མཁས་པོས་འབྲེལ་མོལ་ག་དུས་བྱས་ན་གྲ་སྒྲིག་ཨང་སར་ཡོད་སྐུ་ཚབ་སྐོས་ཆོག་ཆོག་ཡིན་ཟེར་ནས་ལབ་དགོས་པའི་གནས་སྟངས་ཤིག་ཡོད་པ་ནི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རང་གིས་ཁ་སེང་སེ་ར་ལ་དངོས་སུ་གསལ་པོ་བཤད་འདུག་པས་འདིའི་ཐད་ལ་སྐུ་ངོ་ནས་སྐྱག་རྫུན་ནི་བཤད་དོན་མེད་སྙམ།)

གཞན་ཡང་། ཕྱི་རྒྱལ་གྱི་སྐུ་ཚབ་དོན་གཅོད་སྤྱི་དང་ཁྱད་པར་དུ། ཨ་རིར་སྡོད་པའི་སྐུ་ཚབ་དོན་གཅོད་ཁང་དེ་རང་གི་སྒེར་བདག་ལྟ་བུ་བྱེད་ཐབས་ལ་ཐབས་ཤེས་སྣ་རྒུ་བཏང་ཡོད། ཐ་ན་༸གོང་ས་མཆོག་གི་སྐུ་པར་ཚུན་ཆད་བླངས་ཏེ་ཚབ་ལ་རང་གི་པར་བཞག་པ་དང་། སྔར་ཡིན་ན་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་སྟབས་བདེ་བ་སོགས་གནས་ཚུལ་མང་པོར་དམིགས་ནས་ནེའུ་ཡོག་ཏུ་ཡོད་ཀྱང་། ཁང་པ་ཉོ་དགོས་པའི་རྒྱུ་མཚན་བགྲངས་ཏེ་ཝ་ཤིན་ཀྲོན་ལ་སྤོས་ཡོད། དེ་ནི་ཁོ་རང་མ་འོངས་པར་མགོ་མཐོ་མཐོ་དང་ལྟག་དགྱེ་དགྱེ་བྱེད་ས་དེ་ཨ་རི་ཡིན་པ་ལས་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་བ་ཅི་ཡང་མེད། དེའི་ཆ་ནས་ཨ་རིའི་སྲིད་གཞུང་གི་དཔོན་རིགས་དང་འཐུས་མི་སོགས་ལ་འབྲེལ་བ་མང་ཙམ་བྱ་རྒྱུ་དེ་ཁོ་ལ་མཚོན་ན་གལ་གནད་ཤིན་ཏུ་ཆེ། འོན་ཀྱང་། བོད་མིའི་བདེན་དོན་ནི་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལྟོས་དགོས་ལ། ལྷག་པར་དུ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་སོགས་ཉམས་མྱོང་ཅན་གྱི་ཆེ་བགྲེས་རྣམས་ལ་རག་ལས་ཡོད།  (སྐུ་ཚབ་དོན་གཅོད་ཁང་གནས་སྤོས་པ་དེ་༧སྐུ་མདུན་གྱི་རྒྱབ་གཉེར་ཡོད་པ་མ་ཟད་འགྲོ་གྲོན་ཡང་༧སྐུ་སྒེར་ཡིག་ཚང་ནས་ཤུགས་ཆེ་བཏང་འདུག་པས་འདི་ནོར་འཁྲུལ་ཡིན་ན་༧སྐུ་མདུན་གྱིས་ཀྱང་ནོར་བ་ལ་རྒྱབ་སྐྱོར་བྱས་པར་ཆགས་འགྲོ་བས་བསམ་ཡོད་ཀྱི་མི་ཞིག་ཡིན་ན་འདི་འདྲ་ཉེས་འཛུག་བྱ་མི་སྲིད་ཀྱང་། དེང་སྐབས་ཀྱི་འོས་འགྲན་ཟིང་ཆ་དེས་མི་འགའ་ཡིས་༧སྐུ་མདུན་རྩ་བ་ནས་བརྗེད་འགྲོ་བཞིན་འདུག་པས་ཀློག་པ་པོ་ཚོས་མི་འདིའི་རིགས་ལ་གཟབ་གཟབ་བྱོས)

འོན་ཀྱང་། བློ་སེང་གིས་ཨ་རིའི་དོན་གཅོད་ཁང་དེ་ཁོང་རྣམ་པ་དང་རྒྱང་དུ་བཀྱེད་དེ། རང་འོག་ལ་འདུ་བའི་ཨབ་ཕྲུག་སྐོར་ཞིག་གི་ཉི་མ་སྐྱེལ་སར་བཟོས་པ་མ་ཟད། དོན་གཅོད་བསྐོ་འཇོག་ལ་ཡང་མིའི་སྤུས་ཚད་དང་། བོད་མི་རིགས་ལ་ཕན་ཐོགས་མིན། ལས་ཀའི་ཉམས་མྱོང་དང་འཇོན་ནུས་སོགས་ལ་མ་བལྟས་པར། རང་འོག་ལ་འདུ་བ་དང་། རང་གི་ཁ་ལ་ཉན་པ་ཁོ་ན་ཙམ་གཙོར་འདོན་བྱས་པས་ཕྱི་རྒྱལ་དོན་གཅོད་ཁག་ནས་༸གོང་ས་མཆོག་གི་མཚན་གནས་དེ་སྔ་སྣུར་གྱིས་ཕྱིར་འཐེན་བྱེད་དགོས་སུ་གཏུགས་ཡོད། འདི་ལ་ཚང་མ་བསམ་བློ་གཟབ་ནན་གཏོང་དགོས་པ་ཞིག་ཡིན། རང་སྣང་གང་དྲན་བྱ་རྒྱུ་མང་དྲགས་ན་དོན་གཅོད་ཕར་ཞོག རྐང་པ་འཛུགས་ས་ཙམ་ཡང་འཆོར་བའི་ཉེན་ཁ་ཡོད། འདི་ལས་ཀྱང་བློ་སེང་གིས་གང་ཞིག་གཙོ་བོར་བཟུང་ནས་སྲིད་སྐྱོང་ལ་ལངས་ཡོད་པ་ཧ་ཅང་གསལ་བོ་རེད།   (ཉམས་མྱོང་ཟེར་བ་དེའི་རིགས་ནི་ཤེས་ཡོན་མེད་པའི་མི་རྣམས་ཀྱི་ངོམ་རྒྱུ་ཡོད་ན་མེད་ན་དེ་རེད། ཁོ་ཚོ་ལ་དེ་མ་གཏོགས་གཞན་གང་ཡང་སྟོན་ཡ་མེད་དུས་འཛུབ་མོ་བཙུག་ས་གང་ཡང་མེད་པའི་ཉམས་མྱོང་ཟེར་བ་ཞིག་ཁུར་ཡོང་གི་རེད།  ཐུགས་བསམ་ལེགས་པོ་བཞེས་ན་རྒྱལ་ཁབ་དང་ཚོགས་པ་གང་ཞིག་ཡིན་རུང་དེའི་ནང་གི་ལྐོག་ཟ་རུས་སོང་དང་ནང་ཁུར་འགལ་ཟླ།  སྲིད་དབང་སྒེར་གཅོད་ཡང་ན་ངོ་དགའ་སྤྲེལ་ལད་ཁ་རུས་ངོ་མདོག་ལ་ལྟ་བ་སོགས་བྱེད་སྟངས་དེའི་རིགས་གནང་མཁན་མང་ཆེ་བ་ལོ་ངོ་ཉི་ཤུ་སུམ་བཅུ་ལ་ཉམས་མྱོང་ཡོད་ཟེར་མཁན་གྱི་མདོ་ཁྲིད་ཚོའི་གྲས་ནས་རྐྱང་རྐྱང་ཡོང་གི་ཡོད།) 

སྤྱིར་བཏང་བོད་ཀྱི་སྲི་ཞུ་བ་གཞན་དག་ནི་གོམ་པ་རིམ་བགྲོད་ཀྱིས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་ནས་བཀའ་བློན་ནམ། ཡང་ན། སྤྱི་འཐུས་སོགས་ཀྱི་ལས་ཀ་རྒྱུན་རིང་བྱས་ཏེ་གཟོད་བཀའ་བློན་གྱི་ལས་གནས་སུ་བསྐོ་འཇོག་གམ་འོས་འདེམས་བྱས་ནས་འོང་བ་ཡིན་ལ། ཁོང་རྣམ་པ་ཕལ་ཆེ་བ་བོད་མི་རིགས་དང་སྒྲིག་འཛུགས་འདི་ལ་ཇི་སྲིད་བར་སྲི་ཞུ་བྱེད་པའི་དམིགས་ཡུལ་ཡོད་སྟབས་ལམ་ཐིག་འདི་འདྲ་བརྒྱུད་ཐུབ་ཀྱི་ཡོད། བློ་སེང་ཨ་རིར་མཁས་པའི་མིང་སྐམ་ཞིག་ཐོབ་རྗེས། ཐད་ཀར་ནུབ་ཕྱོགས་ནས་བསླབས་པའི་འོས་སློང་གི་གཡོ་སྒྱུའི་ཐབས་རྩལ་སྤྱད་དེ་སྲིད་སྐྱོང་ལ་ལངས་ཤིང་། འདི་ནས་ལས་ཡུན་རྫོགས་མ་ཐག་ཨ་རིར་གནས་སྡོད་ལ་གྲ་སྒྲིག་ཨང་བསར་བྱས་ཏེ། སྡོད་ཁང་དང་བཅས་པ་ལེགས་པར་བསྒྲིགས་ཟིན། འདི་ལས་ཀྱང་། ཇི་སྲིད་བར་གྱི་བོད་མི་རིགས་ཀྱི་སྲི་ཞུ་བ་ཞིག་དང་། རང་དབང་འཐབ་རྩོད་པ་ཞིག སྒྲིག་འཛུགས་འདིའི་ལས་བྱ་བ་ཞིག་བྱ་འདོད་མེད་པ་གསལ་བོ་རེད།   (གོམ་པ་རིམ་འཛེགས་ཟེར་བ་དེ་ཡང་བཤད་སྟངས་ཤིག་རེད།  ད་ལྟ་ང་ཚོ་ལ་ཁ་ཚ་དགོས་ཐུག་ལས་དོན་གནང་ཐུབ་མཁན་དང་ཤེས་འཇོན་གཉིས་ལྡན་གྱི་དབུ་ཁྲིད་དང་གཞུང་ཞབས་པ་དགོས་པ་ལས་སྐེས་ཐེམ་རིམ་འཛེགས་བྱས་ནས་སྡོད་ལོང་གཏན་ནས་མེད།   ང་ཚོ་ནི་བཙན་བྱོལ་བ་ཞིག་ཡིན་པ་ལས་རང་བཙན་གཙང་མ་ཡོད་པའི་རྒྱལ་ཁབ་གཅིག་མིན་པ་དེ་ཤེས་དགོས། འདི་ལ་བསམ་ནས་རྒྱ་ཆེ་མི་མང་གིས་མཁན་དབང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཚད་མཐོན་པོ་གནང་དོན་ཡང་དེ་རང་རེད་དོ།)



གཉིས། བློ་སེང་གིས་ཁས་ལེན་གཅིག་ཀྱང་སྒྲུབ་མེད།

བློ་སེང་གིས་ཐོག་མར་སྲིད་སྐྱོང་གི་འོས་སློང་སྐབས་ཁས་བླངས་པའི་བསྒྲགས་ཚིག་སྟེ། གསར་བཏོད། རང་ཁ་རང་གསོ། ཆིག་སྒྲིལ་བཅས་ཀྱི་གཅིག་ཀྱང་མངོན་དུ་མ་གྱུར་བ་མ་ཟད། 
༡༽(གསར་གཏོད་རྣམས་གྲངས་བརྒྱ་ལྷག་ཙམ་བཏོན་ཡོད་པ་ནི་སྤྱི་འཐུས་ལྷག་ཚོགས་རང་ནས་ངོས་ལེན་གནང་ཡོད། རང་ཁ་རང་གསོ་ནི་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་རང་ཁོང་གི་ཚོང་ལས་སྡེ་ཚན་ལ་བུན་གཡར་ལས་གཞི་གནང་ནས་རང་ཁོངས་མི་མང་རང་གི་རྐང་པའི་སྒང་ལ་ལངས་ཐབས་བྱས་ཡོད།  མ་ཟད་དབུལ་འཕོང་གི་གྲངས་ཐོ་ནས་ཉུང་དུ་ཉུང་དུ་འགྲོ་ཡོད་པ་ནི་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ལེན་གནང་ཡོད་པས། ཐོན་ཁོང་གང་ཡང་མེད་ཅིང་གཞན་ཡུལ་གྱི་སྐྱབ་བཅོལ་བ་ཞིག་ལ་འདི་དག་ལ་རང་ཁ་རང་གསོ་མི་ཟེར་བ་ད་དུང་ཁ་ལ་བླུག་མཁན་ཞིག་ཀྱང་བཙལ་དགོས་ན་ཧ་ཅང་ཁག་པོ་མ་རེད་དམ།  

༢༽ཆིག་སྒྲིལ་ནི་ཧ་ཅང་ཚད་མཐོན་པོར་ཕྱིན་ཡོད། བོད་ནང་ནས་མངོན་གསལ་དོད་པོ་བོད་སྤྱིའི་དབུ་ཁྲིད་ཡིན་པར་ངོས་འཛིན་གྱིས་བོད་ནས་དེ་སྔོན་བཀའ་བློན་སུ་ལ་ཡང་ཆེ་བསྟོད་དང་འདེང་འཇོག་བྱས་མ་མྱོང་བ་བྱས་ཡོད་ལ། བཙན་བྱོལ་ནས་ཀྱང་རང་བཙན་ལག་དེབ་བཟོ་མཁན་ཧ་ཅང་མང་རུ་ཕྱིན་ཡོད།  འདི་ནི་བོད་སྤྱིའི་སྒྲིག་འཛུག་འདི་ལ་ཐུན་མོང་གིས་རྒྱབ་སྐྱོར་ཤུགས་ཆེར་བྱས་པ་ཞིག་ཡིན་ལ་ཆིག་སྒྲིལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་རྟགས་མཚན་ཞིག་ཁྱང་རེད།  དེ་ལས་གཞན་རྩོད་པ་ཆུང་ཆུང་རིགས་ནི་མི་སྡེའི་སྤྱི་ཚོགས་གང་འདྲ་ཞིག་ཡིན་ན་ཡང་བདག་འཛིན་དང་ཆགས་སྡང་རྨོང་གསུམ་སྤང་མེད་པའི་སྤྱི་ཚོགས་གང་ལ་ཡང་ཡོད་ངེས་པས་བོད་པ་ཚང་ལ་བྱམས་འཕགས་དང་སངས་རྒྱས་བཟོ་མ་ཐུབ་བར་དུ་ནང་ཁུལ་རྩོད་པ་ཆུང་ཆུང་རིགས་འདི་གཏན་ནས་མེད་པ་ཞིག་ཡོང་ཐབས་མེད། འདི་ནི་བོད་པའི་སྐྱོན་ཆ་ཞིག་མ་ཡིན་པ་སེམས་ཅན་སྤྱིའི་སྐྱོན་རེད། དེ་ཡང་ཁ་གསལ་ཙམ་བཤད་རང་རྒྱུད་ཀྱི་བདག་འཛིན་འདིའི་སྐྱོན་རེད་དོ།།)

སྔར་ཡོད་པའི་གངས་སྐྱིད་ལས་བྱེད་པའི་ལས་རིམ་འགྲོ་སྟངས་དང་། ལས་ཀའི་ནུས་པ། ཆིག་སྒྲིལ་དང་བཅས་པར་ཕལ་ཆེར་རྩ་མེད་རང་བཞིན་གྱི་ཉམས་ཉེས་ཐེབས་ཡོད། རྒྱུ་མཚན་མང་པོ་ཞིག་བརྒྱུད་ལམ་ཁག་དང་སྤྱི་ཚོགས་ནང་རླུང་ལྟར་གྲག་གི་ཡོད་མོད། ཆེས་གལ་ཆེ་བའི་རྒྱུ་མཚན་ནི། སྐབས་བཅོ་ལྔ་བའི་སྔོན་འགྲོའི་འོས་བསྡུ་སྐབས་གངས་སྐྱིད་ལས་བྱེད་པའི་བརྒྱ་ཆའི་དགུ་བཅུ་ལྷག་གིས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འཕང་ཡོད། (གངས་སྐྱིད་ནས་མི་རྒན་འགའ་ཤས་ཀྱིས་སྔོན་མ་ཚ་སོབ་སོབ་ཡོད་པ་དེ་མེད་པར་ཆགས་འདུག་ཟེར་ནས་སྡུག་སྐད་རྒྱག་ཡ་ནི་ཁོ་ཚོ་ལ་གུས་ཞབས་བྱེད་ཀྱི་མི་འདུག་ཟེར་བ་ཙམ་རེད།   རྒྱ་ཆེ་མང་ཚོགས་རྣམས་དགོངས་པ་བཞེས་དང་རང་ཉིད་ལ་གུས་ཞབས་བྱེད་ཀྱི་མི་འདུག་ཟེར་ནས་སྡུག་སྐད་རྒྱག་མཁན་འདིའི་རིགས་ལ་ལྷག་བསམ་ཇི་ཙམ་ཡོད་དམ།   ལས་བྱེད་རྒན་པ་རེད་ཟེར་ནས་གུས་གུས་ཞུམ་ཞུམ་བྱ་བའི་ལུགས་སྲོལ་དེ་ནི་དུས་ཚོད་དང་སྤྱི་ཚོགས་འགྱུར་འགྲོས་དང་མཉམ་དུ་འགྱུར་འགྲོ་བཞིན་ཡོད་པ་ཀུན་གསལ་རེད།   ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཨ་རིའི་གཞུང་ཞབས་དཀྱུས་མ་ཞིག་གི་འགྲམ་ལ་ཕེབས་ན་ཡང་ལས་བྱེད་དེས་ཐད་ཀར་སྲིད་འཛིན་ལགས་ཁམས་བཟང་ཟེར་ནས་ལག་མགོ་འཇུ་ཡོང་བ་མ་གཏོགས་ང་ཚོ་ལྟ་བུ་མགོ་འཕུར་འཕུར་དང་ལྕེ་ནར་ནར་དཀྱང་པའི་ལུགས་སྲོལ་དེའི་རིགས་གཏན་ནས་ཡོད་པ་མ་རེད་ལ་དེ་ཚོ་ནི་སྲིད་དབང་སྒེར་གཅོད་ཀྱི་གཞུང་དང་དབང་ཆ་གཅིག་སྡུད་ཀྱི་གཞུང་གི་འགྲོ་སྟངས་ཤིག་ལས་མང་གཙོ་ཚད་ལྡན་གྱི་གཞུང་གི་འགྲོ་སྟངས་ཞིག་གཏན་ནས་མ་རེད། མཚམས་འདི་ནས་རྩོམ་པ་པོ་འདིས་ཡོངས་གྲགས་ཡིན་པ་ཞིག་ལ་སྐྱག་རྫུན་ཆེན་པོ་གཅིག་ལབ་ཡོད་པ་ནི་སྔོན་འགྲོའི་འོས་བསྡུ་སྐབས་གངས་སྐྱིད་ནས་ཚོགས་གཙོ་ལགས་ལ་འོས་གྲངས་རྒྱ་ཆ་དགུ་བཅུ་ལྷག་ཙམ་གྱིས་རྒྱབ་སྐྱོར་བྱས་ཡོད་རབས་བཤད་འདུག།  གངས་སྐྱིད་ནས་ཟེར་བ་གཏན་ནས་འགྲིག་མེད་དེ་བོད་ཁྱིམ་དང་གངས་སྐྱིད་གཉིས་སྡོམས་པའི་འོས་གྲངས་ཐད་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་རྐང་བཅུ་དགུ་(19)ཙམ་མང་བ་ཡོད་འདུག།  དེ་ཡང་ཤེས་དགོས་པ་ཞིག་ལ་ཚོགས་གཙོའི་གཟའ་ཟླ་བོད་ཁྱིམས་ལས་བྱེད་ཡིན་པ་དང་སྐུ་ངོ་ཁོ་རང་གི་ནང་ཡང་དེ་ལ་ཡོད་པ་གཅིག།   ཁོང་ལ་རྒྱབ་སྐྱོར་ཐལ་ཆ་ཅན་གནང་མཁན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱི་ཁང་པ་ཡང་དེ་ལ་ཡོད་ཅིང་གཟའ་ཟླ་བོད་ཁྱིམ་གྱི་ལས་བྱེད་ཡིན་པས་བོད་ཁྱིམ་ནས་འོས་གྲངས་ཚད་མཐོན་པོ་ཞིག་སླེབས་དགོས་ཀྱང་བསམ་པ་ལྟར་བྱུང་མེད་ཅིང་།   གངས་སྐྱིད་ནས་འོས་བླུག་པའི་ཉིན་དེར་གུང་སེང་སྐབས་དང་འཁེལ་ཡོད་སྟབས་གངས་སྐྱིད་རང་ལ་ཁྱིམ་ཚང་ཡོད་པའི་རིགས་མ་གཏོགས་གཞན་རྣམས་རང་རང་གི་ཁང་པའི་ཉེ་འཁོར་དང་གཙུག་ལག་ཁང་གི་མདུན་ལ་འོས་འཕེན་ཡོད་པ་ལས་གངས་སྐྱིད་ནས་འོས་འཕེན་མེད་པས་གངས་སྐྱིད་ནས་ཚད་མཐོན་པོ་དང་། དེ་ཡང་རྒྱ་དགུ་བཅུ་ཟེར་བ་ནི་འདིའི་ཐད་ནས་མི་ལ་ཧམ་པ་ཧམ་བཤད་ཇི་ཙམ་ཡོད་མེད་ཀློག་པ་པོས་རོབ་ཙམ་མཁྱེད་ཐུབ་པ་འདུག་གོ།)


འདི་ནི་གསལ་ཐག་ཆོད་པའི་རྣམ་འགྱུར་གསལ་ཤོས་ཤིག་ཡིན། གལ་ཏེ་མུ་མཐུད་བློ་སེང་སྲིད་སྐྱོང་ལ་ཐོབ་དབང་དུ་བཏང་ན་གངས་སྐྱིད་ལས་ཁུངས་ཁག་གི་ལས་དོན་ནི་བྱ་སྤུ་རླུང་གིས་སྦུར་བ་ལྟར་འཐོར་བཤིག་ཏུ་འགྲོ་རྒྱུ་ཉག་གཅིག་ལ་ཁེལ་ཡོད། ཁོ་རང་སྲིད་སྐྱོང་ལ་ལངས་སྐབས་ཀྱི་སྙན་འཇེབས་ཀྱི་བསྒྲགས་ཚིག་ཁག་མངོན་དུ་མ་གྱུར་བ་མ་ཟད། སྔར་ཁོ་ལ་འོས་མ་བླུག་པའི་གཞིས་ཆགས་ཁག་གཅིག་ལ་ལོ་ངོ་འདི་གའི་རིང་ལྟ་སྐོར་ཙམ་ལ་ཡང་སོང་མེད། སོམས་དང་འདི་འདྲའི་མི་ཞིག་མི་རིགས་ཤིག་གི་དབུ་ཁྲིད་དུ་འོས་སམ།  (འདི་ནི་ཧ་ཅང་ཐབས་སྡུག་གི་སྐད་ཆ་ཞིག་དང་ལྷག་པར་དུ་སྲི་ཞུ་ལས་བྱེད་རྣམས་ལ་མཐོང་ཆུང་དང་ཁྱད་གསོད་ཚད་ལས་རྒལ་བ་བྱས་འདུག།   གངས་སྐྱིད་ན་ལོ་ནས་ལོ་མཐུད་ནས་ལས་ཀ་བྱེད་མཁན་གྱི་ལས་བྱེད་འདི་དག་བོད་སྤྱིའི་རྩ་དོན་སྙིང་ལ་བཅང་ནས་ལས་ཀ་བྱེད་མཁན་ཡིན་པ་ལས་སྲིད་སྐྱོང་སུ་རུང་གིས་ངོ་དགའ་སྤྲེལ་ལད་ཐོབ་མིན་གྱིས་ལས་ཀ་བྱས་པ་རྩ་ནས་མ་རེད།  དེ་འདྲ་སོང་སྲིད་སྐྱོང་མུ་མཐུད་བསྡད་ན་གཞུང་ཞབས་རྣམས་མཐོར་འགྲོ་རབས་བཤད་པ་ནི་དོན་ལ་ལས་བྱེད་རྣམས་མི་བྱབ་ཆུང་གི་གྲལ་ལ་གཡུག་འདུག།   འདི་འདྲ་མཐོང་ཆུང་བྱས་ན་གཏན་ནས་མི་འགྲིག། ཁ་དཔེ་ལ་མི་ལ་རུང་ཡང་ལྷ་ལ་རུང་གི་མ་རེད་ཟེར་བ་དེ་རེད།  ད་དུང་ཁོ་རང་འོས་མ་བླུག་པའི་གཞིས་ཆགས་ལ་སོང་མེད་ཟེར། གཞིས་ཆགས་གང་རེད། མིང་སྨྲོས་དང་།  ཁྱོད་ལ་འོས་གྲངས་བཅུ་དགུ་ཡང་བརྒྱ་ཆ་དགུ་བཅུ་འབྲི་སྤོབ་པའི་བློ་ཁོག་ཡོད་ཞིན་དུ་འདིའི་མཚམས་ནས་གཞི་ཆགས་དེའི་མིང་ཙམ་ཡང་འབྲི་མ་ནུས་པ་གང་འདྲ་ཆགས་པ་རེད་དམ།   འདི་ནི་མི་བདེན་རྫུན་སྒྲིག་བྱེད་དགོས་དུས་མིང་བཏོན་ཡ་མེད་པའི་གནས་སྟངས་འོས་ནས་མི་མང་མགོ་སྐོར་ཐབས་ཙམ་རེད།  ཁྱོད་ཚོ་ནི་འདི་འདྲ་འོས་ཐུག་འདུག། ཨ་ཁ་ཁ་་་་)

གཞན་ཡང་། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་དཀའ་ངལ་སྣ་ཚོགས་བརྒྱུད་ནས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་ལ་བཙན་བྱོལ་གྱི་མཁས་པ་དང་། གལ་ཆེའི་མི་སྣ་ཕལ་མོ་ཆེས་ཡང་དང་བསྐྱར་དུ་བགྲོ་གླེང་དང་ཞིབ་འཇུག ཐ་ན་རྩོད་གླེང་གྲངས་མེད་བརྒྱུད་དེ་གཏན་འབེབས་བྱས་པ་ཞིག་ཡིན། བོད་ཀྱི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གལ་ཆེན་ཞིག་ཀྱང་ཆགས་ཡོད། བློ་སེང་སྲིད་ལ་ལངས་པའི་ལོ་འདི་དག་ལ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལག་ལེན་ཕར་ཞོག སྔར་ཡོད་ཀྱི་བོད་ཡིག་གཙོ་གནད་དུ་འཛིན་པའི་ལས་ཁུངས་དང་། ལས་བྱེད་། བྱེད་སྒོ་དང་བཅས་པར་ཆག་འཇིག་ཆེན་པོ་ཐེབས་ཡོད་དེ། ཁོ་སྲིད་སྐྱོང་སྐབས་སུ་གངས་སྐྱིད་ནས་བོད་ཡིག་གི་ཤེས་རམས་པ་གལ་ཆེན་སྐོར་ཞིག་ལས་མེད་ཆགས་སོང་བ་དང་། ཡོད་པ་རྣམས་ནི་མིང་ཙམ་ལས་དོན་གྱི་ལས་མེད་ཀྱི་ངང་ཚུལ་དུ་ལྷུང་ཡོད། ཁོ་རང་ཉིད་ཀྱི་བོད་ཡིག་བོད་སྐད་ཀྱི་སྤུས་ཚད་ལ་ཡང་མཐོར་འདེགས་བྱུང་མེད། རང་གི་སྐད་ཡིག་གི་སྲོག་རྩ་གཅོད་ཨེ་ཐུབ་བལྟ་ཞིང་། རང་གི་སྐད་ཡིག་འབྲི་ཀློག་ལ་རང་མགོ་མི་ཐོན་པ་ཞིག་ང་ཚོའི་དབུ་ཁྲིད་དུ་འོས་སམ།(འདི་ནས་གྲོས་ཚོགས་ལ་མཐོང་ཆུང་ཚད་ལས་རྒལ་བ་བྱས་འདུག།  སྤྱི་འཐུས་ལྷན་ཚོགས་ནས་ཤེས་ཡོན་སྲིད་ཇུས་ཏག་ཏག་འགྲོ་ཡི་ཡོད་མེད་ཉམས་ཞིབ་ཚོགས་ཆུང་བཙུག་ནས་གྲོས་ཚོགས་སུ་ད་ལྟའི་བཀའ་ཤག་ནས་ཤེས་ཡོན་སྲིད་ཇུས་ཏག་ཏག་འགྲོ་ཡི་འདུག་པས་བསྔགས་བརྗོད་ཡོད་ཅེས་སྐུ་ངོ་ཚོགས་གཙོ་མཆོག་གི་དངོས་སུ་གསུང་བཞིན་དུ་ཁོང་གི་རྒྱབ་སྐྱོར་བ་ཚོས་ཁོང་གི་བཤད་པ་དེ་སྐྱག་རྫུན་ཡིན་པ་བཤད་འདུག།  ཧཧཧཧཧ    རྫུན་བཤད་མང་དྲག་ན་ནང་འགལ་མང་པོ་ཡོང་དང་ཡོང། ཁག་མེད། འདི་ནི་རྫུན་མཁན་སྤྱི་ལ་ཕྲད་པའི་དཀའ་ངལ་ཞིག་རེད།)

གཞན་ཡང་། བློ་སེང་སྲིད་སྟེགས་སུ་ལངས་མ་ཐག་གི་གོ་རིམ་དེའི་ཁྲོད་རྒྱ་ཆེའི་བོད་མི་དམངས་སྤྱི་དང་། ལྷག་པར་དུ་༸གོང་ས་ཐམས་ཅད་མཁྱེན་པས་ཀྱང་མི་དམངས་འདུ་འཛོམས་ཆེ་སར་ཁོ་ལ་བསྟོད་བསྔགས་གནང་སྟེ་ཐུགས་རེ་ཆེན་པོ་བཅོལ་གནང་ཡང་། སྔ་ཕྱིར་རང་བཙན་ཁ་ལ་ཁྱེར་བའི་མི་དམུན་པོ་སྐོར་ཞིག་གིས་༸གོང་ས་མཆོག་དང་། དབུ་མའི་ལམ་བོད་མིའི་སྒྲིག་འཛུགས་དང་བཅས་པར་མཐོང་ཆུང་ཁྱད་གསོད་ཀྱི་སྨེ་ཚིག་བརྒྱུད་མར་བསྒྲགས་པ་དང་། སྡང་སྡིགས་ཀྱི་མདུང་ཁ་སྐོར་ཅི་ཐབས་བྱས་ན་ཡང་བློ་སེང་བཀའ་ཤག་གིས་གནད་སྨིན་གྱི་ཁ་གཏོད་གཅོག་པ་དང་། ལན་འདེབས། གསལ་བཤད་སོགས་ཅི་ཡང་མ་བྱས་པར། ༸གོང་ས་མཆོག་སྐུ་སྒེར་གྱིས་ཐུགས་ཕམ་དང་འབྲེལ་བའི་གོ་སྐོན་བློ་འགུག་རབ་དང་རིམ་པར་སྤེལ་དགོས་ཐུག་ཡོད། གལ་ཏེ་གནས་ཚུལ་དེ་རིགས་ཟམ་གདོང་རིན་པོ་ཆེའི་སྐབས་ལ་བྱུང་བ་ཡིན་ན། ཁོང་དང་ཁོང་གི་བཀའ་ཤག་གིས་རྣམ་འགྱུར་ཇི་འདྲ་སྟོན་སྲིད་དམ།  སྨོས་མ་དགོས་པར་དུས་དང་པོ་ཉིད་ནས་གསལ་བཤད་དང་དཀར་ནག་གི་དབྱེ་བ་གསལ་སྟོན་བྱས་ཡོད་པ་ཐག་གིས་ཆོད་ཐུབ་པ་ཞིག་ཡིན། འོན་ཀྱང་། བློ་སེང་བཀའ་ཤག་གིས་ད་དུང་ཡང་༸གོང་ས་མཆོག་ལ་གུས་བརྩི་ཡོད་དང་། སྐྱབས་སུ་མཆི་ཟེར་བ་ཙམ་ལས་ཐ་ན་རང་ཅག་གི་དབུ་ཁྲིད་རྒྱལ་འཚོང་བ་ཡིན་རབས་སྒྲོག་མཁན་རྒྱབ་ལྗོངས་དང་བཅས་པ་དང་། དོལ་རྒྱལ་ཚོགས་པའི་མ་རུང་ཁོག་བཅུག་དང་རང་བླ་རྒྱ་འཚོང་གི་འགུལ་སྐྱོད་དག་ལ། ཨ་རི་དང་ཧྥ་རན་སི། ཐ་ན་རྒྱ་མིའི་སྤྱི་ཚོགས་ཚུན་ན་ཁ་གཏད་གཅོག་པའི་བརྙན་རིས་དང་། རྩོམ་ཡིག་སོགས་གང་མང་འབྱུང་བཞིན་ཡོད་ན་ཡང་། བློ་སེང་བཀའ་ཤག་གིས་གསལ་ཐག་ཆོད་པའི་རྣམ་འགྱུར་དང་། དཀར་ནག་གི་དབྱེ་འབྱེད་གསལ་བོ་ཞིག་ད་དུང་བྱུང་མ་མྱོང་། དངོས་གནས་ཁོ་ལྟ་བུ་ཞིག་གིས་༸གོང་ས་ཐམས་ཅད་མཁྱེན་པའི་བཞུད་ལམ་དེད་ནས་རང་ཅག་གི་དབུ་ཁྲིད་བྱ་ནུས་སམ།(འདི་ནི་༧སྐུ་མདུན་ཁ་ལ་ཁུར་ནས་དམངས་སེམས་བཀུག་ཐབས་ཤིག་ཡིན་པས་ཀུན་གྱིས་དོ་སྣང་མཛོད།   ཐབས་ལམ་འདི་འོས་མི་རེ་འགས་འོས་བསྡུའི་འགོ་མཇུག་བར་གསུམ་ལ་ཐབས་ལམ་འདི་བེད་སྤྱད་ཡོད་ལ།   ཁ་གཏད་འོས་མི་ནག་པོ་ནག་རྐྱང་བཟོ་ཐབས་ཀྱང་ཧ་ཅང་མང་པོ་བྱས་ཡོད་ཅིང་།    ཡིན་ན་ཡང་མཐའ་མར་རང་ཉིད་ཀྱིས་༧སྐུ་མདུན་མཆོག་ལ་མདུན་ལ་བཤད་རྒྱུ་གཅིག་དང་རྒྱབ་ལ་སྦས་རྒྱུ་གཅིག་ཡོད་པར་ཕྱི་གསལ་ནང་གསལ་བྱས་ཡོད། ད་དུང་བློ་ཁོག་ཆེན་པོས་༧སྐུ་མདུན་གྱིས་བཀའ་ཀྱོན་གནང་ན་ཡང་གནང་ཟེར་ནས་སེམས་ནང་ལ་ཡང་དྲན་མི་ཕོད་པ་མི་དཀྱུས་མ་ཚོའི་སེམས་ལ་ཡང་འཇིགས་སྣང་ཡོང་བའི་བཀའ་མོལ་གནང་ཡོད།       ད་ལྟའི་བཀའ་ཤག་ནས་སྔ་ཕྱི་བར་གསུམ་ལ་ལང་ཕྱོགས་དབུ་མ་ཡིན་པ་ཁ་གསལ་གཏིང་གསལ་གནང་ཡོད་ལ། དཔལ་ལྡན་སྲིད་སྐྱོང་རང་ནས་ཀྱང་ད་ལྟའི་བོད་ཀྱི་སྤྱི་ཚོགས་ནས་དབུ་མའི་ལམ་ལ་གོ་རྟོགས་ཉམས་ཞིབ་བྱས་པའི་གྲུབ་འབྲས་ལ་རྒྱ་ཆ་(51%)ལྔ་བཅུ་ང་གཅིག་ཙམ་རེད་འདུག་པས་འདིའི་ཐད་ནས་གོ་རྟོགས་སྤེལ་དགོས་པ་འདུག་ཅེས་༧སྐུ་མདུན་སྐུ་དངོས་ལ་ཡར་ཞུ་བྱས་ནས་ལས་རིམ་སྒྲིག་ཡོད་པས། དབུ་མའི་ལམ་ལ་ཤར་སྐྱོད་ཡིན་ཟེར་ནས་ཁ་ནས་བཤད་པ་ཙམ་མ་ཡིན་པ་དོན་དངོས་ལག་ལེན་ཐོག་ནས་ནུས་པ་འདོན་བཞིན་ཡོད་པ་གསལ་པོ་རེད།  རང་བཙན་ཁ་ལ་ཁུར་ནས་སྐུ་མདུན་ཐུགས་ཕམ་བྱུང་བ་ཡིན་མིན་མི་ཤེས་མོད།  སྐུ་མདུན་ལ་སྐྱོན་བརྗོད་བྱེད་མཁན་རིགས་ལ་སྲིད་སྐྱོང་རང་གི་ཐོག་ནས་དང་བཀའ་ཤག་ངོས་ནས་ལན་འདེབས་དང་གོ་བཀོན་གསལ་པོ་གནང་ཡོད། འདི་ནི་ཡོངས་གྲགས་ཤིག་རེད།   ཡིན་ན་ཡང་ཤེས་དགོས་པ་ཞིག་ལ་ང་ཚོའི་གཞུང་འདི་བོད་མི་ཚང་མ་ལ་མགོ་ཐོག་གི་གནམ་ཞིག་ཆགས་དགོས་པ་ལས་སྒེར་གྱི་ཕོར་པ་ཞིག་ཆགས་མི་རུང་བ་ནི་སྲིད་གཞུང་ཞིག་གི་འགན་ཁྲི་ཡིན་པས།  བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་སྐབས་ལ་ཡང་དོལ་རྒྱལ་རྗེས་འབྲང་པ་རྣམས་ལ་མཐུན་རྐྱེན་བོད་མི་བཙན་བྱོལ་བ་སྤྱི་མཚུངས་སྤྲད་བཞིན་ཡོད་ཅེས་ཕྱི་གསལ་ནང་གསལ་བྱས་ཡོད་ལ་བྱ་དགོས་པ་ཞིག་ཀྱང་རེད།  འདི་ནི་མི་མང་ཡོངས་ཀྱི་གཞུང་ཞིག་རེད།  དེ་འདྲ་ཡིན་དུས་བཀའ་ཤག་ནས་དུས་ཐོག་ལ་གོ་བཀོན་དང་སློབ་གསོ་བརྡ་ལན་གསལ་པོ་སྤྲད་ནས་བཀའ་ཤག་གི་ལངས་ཕྱོགས་དང་བསམ་ཚུལ་གསལ་བཤད་བྱས་པ་ཙམ་ལས་༧སྐུ་མདུན་ལ་ཁ་བཏང་སོང་ལབ་ནས་བོད་མིའི་ཐོབ་ཐང་དང་བཙན་བྱོལ་བོད་མི་སྤྱི་ལ་ཐོབ་པའི་ཐོབ་བྱ་རྣམས་རྩ་མེད་བཟོ་སྟངས་ཀྱི་ཐབས་ཤེས་ཤིག་ཡོད་པ་མ་རེད།)



གསུམ། བློ་སེང་ལ་དབུ་ཁྲིད་ཀྱི་ནུས་པ་དང་གཤིས་ཀ་གཏན་ནས་མེད།

བློ་སེང་སྲིད་སྐྱོང་དུ་ལངས་མ་ཐག་ཏུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཚ་ཚ་འུར་འུར་གྱི་གླེང་གཞི་ཞིག་བྱུང་མྱོང་ཞིང་། དེ་ནི་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་ཐོག་མ་སུ་ཡིན་མིན་གྱི་སྐོར་རེད། བློ་སེང་སྲིད་སྟེགས་སུ་ལངས་ནས་ཅང་མ་འགོར་བར་ཨ་རི་དང་ཡུ་རོབ་སོགས་སུ་སྐོར་སྐྱོད་ཀྱི་གཏམ་གླེང་མང་པོ་བྱས་པའི་སྐབས་སུ་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་བཀྲ་བྷེ་ལགས་ཚར་གཅིག་ཀྱང་བགྲངས་མེད། བསམ་བཞིན་དུ་རྒྱལ་གཅེས་དཔའ་བོ་དགེ་འདུན་ཕུན་ཚོགས་ཐོག་མར་བགྲངས་ཏེ་བརྩིས་ཡོད། རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ། ཧ་ཅང་གསལ་བོ་ཡིན་ཏེ། བཀྲ་བྷེ་ལགས་ཀྱིས་སྐུ་ལུས་མེར་སྲེག་གནང་དུས་སྤྱི་ལོ་༢༠༠༩ ལོ་ཡིན་པས་སྐབས་དེ་ནི་ཁོ་རང་གི་སྲིད་དབང་གི་དུས་དང་ལོ་ངོ་འགའི་འགྱངས་ཁྱད་ཕྱིན་ཡོད། དགེ་འདུན་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་སྐབས་ཁོ་རང་སྲིད་སྟེགས་ལ་ལངས་མ་ཐག་ཡིན་པས་རེེད།

ཅི་ཞེ་ན། བློ་སེང་གིས་བོད་ནང་གི་རང་ལུས་མེར་བསྲེགས་དེ་ཁོ་རང་སྲིད་ཁྲིར་ལངས་པ་ལ་བརྟེན་ནས་བོད་ནང་གི་མི་ཚོར་བློ་སྟོབས་དམིགས་བསལ་བ་ཞིག་དང་། ཡིད་ཆེས་གསར་པ་ཞིག་རྙེད་དེ་བྱུང་བར་སྒྲུབ་ཅི་ཐབས་བྱས་ཡོད་ལ། གལ་ཏེ་བཀྲ་བྷེ་ལགས་ཐོག་མར་བརྩིས་ན་ཚུལ་དེ་ཇི་བཞིན་གསལ་བཤད་བྱེད་ཐབས་མེད་པར་བརྟེན་བསམ་བཞིན་དུ་བཀྲ་བྷེ་ལགས་ཀྱི་མཚན་དེ་སྐབས་དེའི་ཕྱིར་སྐྱོད་ཀྱི་གཏམ་བཤད་ཉི་ཤུ་ལྷག་གི་ཁྲོད་ནས་ཕྱིར་འཐེན་བྱས་ཤིང་། བཙན་བྱོལ་སྤྱི་ཚོགས་ཁྲོད་དེ་ལས་འཕྲོས་པའི་གླེང་ཕྱོགས་མང་པོ་བཟོས། ལྷག་པར་དུ་མདོ་སྨད་རྔ་ཡུལ་སྤྱི་དང་ཁྱད་པར་དུ་རྒྱལ་གཅེས་དཔའ་བོ་བཀྲ་བྷེའི་ཉེ་མི་དང་རུ་སྡེ་ཚོའི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད།(འདི་ནི་བྱུང་རིམ་དང་གཏམ་བཤད་སོགས་གང་ལ་ཡང་ཆ་རྒྱུས་མེད་པའི་མི་ཡི་བཤད་སྟངས་དང་འགྲེལ་སྟངས་ཤིག་རེད།   ཐུགས་བསམ་ཡག་པོ་བཞེས་དང་།   ཉིས་སྟོང་བཅུ་གཅིག་ནས་ད་བར་ཞེས་འགྲང་སྐབས་བཀྲ་བྷེ་བཀྲང་སྟངས་གཏན་ནས་མེད་པ་རེད།  རྒྱུ་མཚན་ནི་བཀྲ་བྷེ་༢༠༠༩ལ་རང་ལུས་མེར་སྲེག་བྱས་པ་རེད།   དེ་ལྟར་བགྲང་དགོས་ན་དེའི་ནང་བཙན་བྱོལ་ནས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཡང་བགྲང་དགོས་པ་ལས་བགྲང་མེད།   སྲིད་སྐྱོང་ནས་དེ་ལྟར་ལབ་དགོས་ཡ་དེ་རང་ལུས་མེ་སྲེག་གནང་མཁན་མང་ཤོས་ཀྱི་དུས་སྐབས་ཤིག་གསལ་སྟོན་བྱེད་བཞིན་ཡོད། དེ་ཡང་བོད་ཡུལ་སྤྱི་ཡོངས་ལ་ཚ་རླབས་འཕྱུར་བཞིན་པའི་གནས་གནས་སྟངས་དེ་ལ་འགྲེལ་བཤད་གནང་སྐབས་དེ་ལྟར་བཤད་ཡོད།  ཡིན་ན་ཡང་སྤྱི་ཡོངས་ནས་རང་ལུས་མེ་སྲེག་གནང་མཁན་སྐོར་གསུང་སྐབས་གྲངས་ཐོ་དང་བཅས་པ་གསུང་ཡོད་ལ་དུས་དེབ་སོགས་སུ་པར་དང་ལོ་རྒྱུས་དང་བཅས་པ་དབྱིན་བོད་རྒྱ་གསུམ་གྱི་དུས་དེབ་དང་སྙན་ཐོ་ནང་ཆ་ཚང་བ་གཅིག་ཀྱང་མ་ལྷག་པ་བཀོད་ཡོད།  འདི་ནི་རྒྱལ་གཅེས་དཔའ་བོའི་མཚན་སྙན་བེད་སྤྱད་ནས་འོས་གྲངས་ཉུང་དུ་གཏོང་ཐབས་ཤིག་ཡིན་པས་དམངས་ཀྱིས་ཡིད་གཟབ་དགོས)

འདི་ལ་རྒྱུ་མཚན་མེད་པ་གཏན་ནས་མིན་ཏེ། ཨ་རིར་དོན་གཅོད་ཁང་དུ་ཁོ་རང་གིས་པར་ཨུ་ཚུགས་ཀྱིས་བཤམས་པ་དང་། ཁོ་རང་གི་པར་གྱི་ཐང་ག་བཟོས་པ། བརྒྱུད་ལམ་ཁག་ཏུ་ང་ལ་བསྟོད་གླུ་དང་བླངས་སོང་དང་། བསྟོད་པ་བྱས་སོང་སོགས་འཛུམ་འཚེར་འཚེར་གྱིས་སྒྲོག་པར་དགའ་བ། ཐ་ན་བོད་མིའི་སྒྲིག་འཛུགས་ཀྱིས་༸གོང་ས་མཆོག་དགུང་ལོ་བརྒྱད་ཅུ་བཞེས་པའི་གྱ་སྟོན་ལ་ཕུལ་བའི་༸གོང་ས་མཆོག་གི་བསྟོད་གླུ་ནང་ཚུན་ཆད་ལ་ཁོ་རང་གི་བསྟོད་གླུ་བཅུག་པ་སོགས་ལ་ལྟོས་དང་། དབུ་ཁྲིད་ཅིག་གི་གཤིས་ཀ་དང་བྱེད་སྟངས་རེད་དམ། (ཨ་རིའི་དོན་གཅོད་ནང་བོད་ཀྱི་སྲིད་སྐྱོང་གི་པར་བཞག་འདུག་ཟེར་ནས་དྲྭ་ཐོག་ལ་ཐོག་མ་སྤེལ་ནས་འུར་སློང་མཁན་དེ་དྲྭ་མིང་ལ་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་རེད།  ཁོང་ནི་ལོ་བཞིའི་རིང་སྲིད་སྐྱོང་ལ་སྐྱོན་བརྗོད་བྱ་དགོས་པའི་ལས་ཀ་གཅིག་སྤྲད་ཡོད།   དེ་ནི་གསལ་པོ་ཡིན་ཏེ་སྤྱི་འཐུས་ཡིན་བཞིན་དུ་ཁུངས་མེད་ལུང་མེད་མང་པོ་བཤད་ན་མི་མང་གི་མདུན་ལ་རང་གི་སྣང་བརྙན་ངན་པ་ཆགས་དོགས་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཤར་ཕྱོགས་ཁུག་རྟ་གླས་བཞག་ཡོད་པ་རེད།   ལོ་བཞིའི་རིང་སྐྱོན་བརྗོད་བྱས་པའི་ཡིག་ཉོག་དེ་དག་ཕྱོགས་སྒྲིགས་བྱས་ནས་དེབ་རྒན་གཡག་འདྲ་བ་ཞིག་ཚོགས་གཙོ་རང་གི་དབུ་འབྱེད་བྱས་ཡོད།  བཤད་ཚུལ་ལ་དེབ་དེའི་སྦྱིན་བདག་སྐུ་ངོ་ཟླ་བ་ཚེ་རིང་ཡིན་སྐད་འདུག།  མི་འདི་གསུམ་གྱིས་དགྲ་བོ་རྒྱ་ནག་གི་རྒྱབ་ཤ་དཀར་པོ་ལ་ལན་འདེབས་ཀྱི་དེབ་གཅིག་བྲིས་ཡོད་ན་ཧ་ཅང་ལེགས་མོད། དེ་འདྲ་ནི་བྲིས་མྱོང་མེད་པ་རེད། དེ་འདྲ་ཞིག་བྲིས་ནས་འགྲོ་སོང་དང་དུས་ཚོད་གཏང་ན་ཅི་འདྲ་དགའ་བ་ཞིག། ཡིན་ན་ཡང་དགྲ་བོ་མགོ་ལ་རྡོ་མེད་པར་ཨ་ཕའི་དབུ་ལ་རལ་གྲི་ཟེར་བ་བཞིན་མཚོན་ཁ་ནང་ལ་སྐོར་བ་མ་གཏོགས་འཇོན་ཐང་དེ་མེད་པ་འདྲ།

ད་དུང་འཇར་མན་དུ་བོད་ལ་གཏན་ནས་རྒྱལ་ཁབ་ཡོད་མ་མྱོང་ཞེས་པ་དང་། ཐེངས་འདིར་བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་གཉིས་ཀྱི་སྔ་ཕྱིར་རང་སྲོག་མཆོད་མེར་བསྒྲོན་ནས་བདེན་དོན་བརྩད་ཅིང་། སྐད་ཕྲིན་དང་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ན་ཁོང་རྣམ་པ་གཉིས་ལ་མྱ་ངན་དང་སྨྲེ་ངག་གིས་བཀང་ནས་འགྲོ་བཞིན་པའི་སྐབས། ཁོ་རང་འོས་སློང་གི་འབོད་སྒྲའི་ཁྲོད་བཟི་ཞིང་། རང་ལ་བསྟོད་པའི་གླུ་གཞས་དང་ཞབས་བྲོའི་ནང་ཡམ་ཡོམ་འདར་སོང་བ་འདིས་ཀྱང་དབུ་ཁྲིད་ཅིག་གི་ཚོར་བ་དང་། རྣམ་དཔྱོད། ཞིབ་ཚགས་སོགས་གཏན་ནས་མེད་པའི་རང་རྟགས་རྗེན་པར་བསྟན་སོང་ངོ་། །(སྲིད་སྐྱོང་ལ་གསར་འགོད་མ་དེས་ཁྱོད་རང་རྒྱལ་ཁབ་མེད་པའི་སྲིད་སྐྱོང་ཞིག་ཡིན་པའི་ཆ་ནས་ཚོར་སྣང་གང་འདྲ་འདུག་ཅེས་དྲིས་སྐབས།  བཙན་བྱོལ་ནས་འཚར་ལོང་བྱུང་བའི་བོད་པ་རྣམས་ལ་ད་བར་རྒྱལ་ཁབ་ཞིག་ཡོད་མ་མྱོང་པ་རེད།  དེ་འདྲ་ཡིན་དུས་ཚོར་སྣང་དེ་དང་འདི་འདུག་ཅེས་ལན་འདེབས་བྱས་པའི་སྐབས།  གསར་འགྱུར་ནང་མར་དོན་སྐབས་སྐད་ཆ་དུམ་བུ་ཆགས་ནས་དོན་པ་རེད།  "བོད་པ་རྣམས་ལ་ད་བར་རྒྱལ་ཁབ་ཞིག་ཡོད་མ་མྱོང་པ་རེད།"ཅེས་དོན།   དེ་འདྲ་ཡིན་དུས་འདི་འགའ་ཞིག་གིས་འོས་སྡུའི་དགོས་མཁོ་ཆེད་བེད་སྤྱོད་བྱེད་བཞིན་པ་རེད།    དངོས་གནས་བྱས་ན་དྲི་བ་གང་དྲིས་འདུག་ཡག་པོ་བལྟས་ན་ལན་འདེབས་དེ་གསལ་རྟོགས་ཐུབ་པ་ཞིག་རེད།  མ་ཟད་བཀའ་ཤག་ནས་རྒྱབ་ཤ་དཀར་པོའི་ལན་འདེབས་ནང་བོད་དེ་སྔ་ནས་རང་བཙན་གཙང་མའི་རྒྱལ་ཁབ་རང་ཚུགས་ཐུབ་པ་ཞིག་ཡིན་ཞེས་ཁུངས་ལུང་དང་བཅས་ལ་དྲངས་ནས་བྲིས་ཡོད།    ཡིན་ཡང་ཤེས་དགོས་རྒྱུ་ཞིག་ལ་མི་འདི་ཚོས་སོ་སོས་རྒྱབ་སྐྱོར་བྱ་སའི་མི་དེས་གང་བཤད་ཡོད་མེད་ཤེས་ཀྱི་མེད་ལ་གླེང་གི་ཡང་མེད།  ཡིན་ན་ཡང་ཚོགས་གཙོ་ལགས་རག་ཚོད་མེད་བཏུང་མཁན་ཞིག་ཡིན་པའི་ཆ་ནས།  རག་གཟི་ཁ་ནས་ནོར་བར་ཆ་བཞག་གི་ཡོད།  དཔེ་ན་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ནང་"རྒྱ་ནག་གཞུང་བཀའ་དྲིན་ཆེན་པོ་ཡིན་བོད་པའི་གནས་སྟངས་སྒང་ལ་ད་བར་གང་ཡོང་ཅི་ཡོང་བྱས་སོང་།  རྗེས་མ་ཡང་བྱེད་རྒྱུ་རེད་བསམ་ནས་ཡིད་ཆེས་བརྟན་པོ་ཡོད་"ཟེར་ནས་བཤད་ཡོད། ཡང་སློབ་གྲྭ་ལ་གཏམ་བཤད་བྱེད་དུས་ཤིག་ལ་"༧གོངས་ས་སྐུ་ཕྲེང་བཅུ་བཞི་པ་དགོངས་པ་རྫོགས་པའི་རྗེས་ལ་འོས་སྤྲུལ་བྱུང་རབས་ཀྱི་ལོ་རྒྱུས་མི་ཤེས་ཤེས་ཁུལ་བྱས་ནས་སློབ་གྲྭ་ཆུང་ཆུང་ཚོ་ཡང་གད་མོ་ཤོར་དགོས་པའི་གཟི་གཏམ་ཞིག་བཤད་ཡོད།   ད་དུང་ང་ལ་སྤུན་དགུ་ཡོད། བུ་དྲུག་དང་བུ་མོ་དྲུག་ཡོད་ཅེས་བཤད་ཡོད་དེ་དག་ནི་ཆེས་རྩིས་ལ་མཁས་པ་ཁོང་གིས་གཟི་གཏམ་རེད།  ཡིན་ན་ཡང་དེ་དག་ནི་གཟི་གཏམ་དང་ཁ་ནོར་བ་རང་ལ་ངོས་འཛིན་གྱིན་ཡོད། )

བློ་སེང་སྲིད་སྐྱོང་སྐབས་སུ་བོད་ཀྱི་གྲོས་ཚོགས་ནང་དོན་མེད་ཀྱི་གླེང་ཉོག་ཆེན་པོ་ཞིག་བྱུང་མྱོང་ཞིང་། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་། ཤེས་ཡོན། ཆབ་སྲིད། ཕྱི་འབྲེལ། ནང་སྲིད་སོགས་མདོར་ན་འཛིན་སྐྱོང་དང་ཁྲིམས་སྒྲིག་གང་ལ་ཡང་འབྲེལ་བ་མེད་པའི་ཉོག་གླེང་ཞིག་ཡིན། ཉོག་གླེང་དེ་ནི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མི་གསོད་ལག་མར་ཡིན་མིན་གྱི་ཉོག་གླེང་དེ་རེད། ཉོག་གླེང་འདི་ཐོག་མར་འབྱུང་སྟངས་ཀྱང་དབང་ཆའི་འཐབ་རྩོད་ལ་འབྲེལ་བ་ཡོད་དེ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་སྐབས་སྤེན་པ་ཚེ་རིང་མཆོག་བཀའ་བློན་དུ་དམིགས་འཛུགས་བྱས་པར། མི་ངན་སྐོར་ཞིག་ལ་སྤེན་པ་ཚེ་རིང་ལ་སྐྱོན་འདོགས་གཞན་མ་རྙེད་པར། དེའི་སྔོན་དུ་གླེང་སློང་ཙམ་ཡང་མེད་པ་ཞིག་བསམ་བཞིན་དུ་གཟུགས་མེད་གྲུབ་བཟོ་བྱས་པ་ཡིན། དེ་ནས་བཟུང་སྟེ་ལོ་ངོ་འདི་སྙེད་ཀྱི་རིང་གྲག་འགུལ་ཙམ་ཡང་མེད་བཞིན་དུ་སྐབས་བཅོ་ལྔ་བའི་བཀའ་སྤྱིའི་འོས་བསྡུ་ལ་ཉེ་བར་བཅར་ཡོང་བ་ན། སླར་ཡང་ཉོག་གླེང་དེ་ཁྲིམས་ཀྱི་འགན་ཁུར་མི་དགོས་པའི་གྲོས་ཚོགས་སུ་གླེང་དེ་སྤེན་པ་ཚེ་རིང་གི་མཚན་སྙན་གཅོག་ཐབས་བྱས་ཡོད། དོན་དག་འདི་བློ་སེང་གིས་ཤེས་སམ། ངས་བལྟས་ན་གསལ་ཐག་ཆོད་པ་ཤེས་པ་མ་ཟད་བློ་སེང་གཙོ་བོར་བྱས་པའི་མི་དེ་དག་གིས་བསམ་བཞིན་དུ་བསྒྲིགས་པའི་གཡོ་བྱུས་ཤིག་ཡིན།(གྲོས་ཚོགས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་ལ་མི་བསད་ཀྱི་ཉག་ཉེས་བཙུག་པ་ནི་ཚོགས་གཙོའི་ངོ་ཚ་ཞིག་རེད།  དེ་ལས་ཀྱང་གྲོས་ཚོགས་ཚོགས་བཞིན་དུ་ཚོགས་གཙོ་བྲོས་འགྲོ་བ་ནི་དེ་ལས་ཀྱང་ངོ་ཚ་ཞིག་རེད།   མ་གཞི་ཁོང་གྲོས་ཚོགས་སྒོ་རྒྱག་ཡ་ལ་འཛིམ་ཟོན་གཏན་ནས་མེད་པ་ཡིན་དུས་ངོ་ཚ་ཡ་ཡང་མེད་པ་ཆགས་ཟིན་པ་འདྲ།  ལོ་རྒྱུས་ཐོག་གྲོས་ཚོགས་སྒོ་ཐེངས་གཉིས་རྒྱབ་ཡོད་པ་ནི་ཁོང་དང་དམ་ཟབ་འབྲེལ་བ་ཡོད་པ་ཞིག་ཡིན་པས་ཁོང་གི་མཛད་རྗེས་རེད་ལབ་ན་ཡང་འགྲིག།    གྲོས་ཚོགས་ནང་གི་ལས་རིམ་བཀོད་སྒྲིག་བྱེད་ལུགས་དང་དབང་ཆ་ཡོད་ཚད་ཚོགས་གཙོ་ལ་ཡོད་པས་འདིའི་ནང་ནག་ཉེས་བྱུང་ན་འགན་གྲོས་ཚོགས་དང་ཚོགས་གཙོ་ལ་ཡོད་པ་ལས་བཀའ་ཤག་ལ་འགན་མེད། དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཁ་གྲགས་པ་ཞིག་རེད།   ཡིན་ན་ཡང་བཀའ་ཤག་འདིའི་འགན་ཁུར་ཆེན་པོ་བླང་ནས་ཚོགས་གཙོ་ཡང་བསྐྱར་གྲོས་ཚོགས་ནང་ལ་ཡར་ཡོང་ཐུབ་པ་བཟོས་ཡོད།  མི་བསད་དོན་རྐྱེན་དེ་ཡང་ལོ་མང་སྔོན་ནས་གླེང་གཞི་ཞིག་ལས་ཁུངས་མེད་གློ་བུར་བྱུང་བ་ཞིག་གཏན་ནས་མ་རེད། དེ་ཡང་མི་གཅིག་གིས་བཤད་པ་ཙམ་མ་རེད།   བཀའ་ཟུར་འཇུ་ཆེན་གྱིས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད་ལ་དེ་སྔོན་ནས་སྤྱི་ཚོགས་ནང་མི་མང་པོས་གླེང་བཞིན་པ་ཞིག་རེད།  མ་ཟད་ཀ་སྟག་བསད་ཡོད་མེད་ངའི་བཤད་མི་ཐུབ་མོད། ཀ་སྟག་གི་གཟའ་ཚང་གཉིས་ཀྱི་བར་ལ་ཚོགས་གཙོ་ལགས་འཛུལ་ནས་མི་རྒན་ནད་པ་ཞིག་ཉལ་ཁྲིའི་སྟེང་ཉལ་སྡོད་མཁན་དེ་སྲོག་རླུང་འཕར་བཅུག་ཡོད་པ་གསལ་པོ་རེད།   མ་ཟད་དེའི་རྗེས་ནས་རྒྱུ་དངོས་ཡོད་ཚད་ཁོ་ཡིས་བདག་བཟུང་བྱས་ནས་མཐར་ཀ་སྟག་གི་གཟའ་ཟླ་ཡང་གཡུག་ནས་ཁྱིམ་གྱི་གཡོག་མོ་ཁྲིད་ནས་བྲོས་སོང་བ་ནི་ཡོངས་གྲགས་རེད།  དེས་ན་མི་འདིའི་ཀུན་སྤྱོད་ཀྱི་ཆ་ནས་གང་འདྲ་ཞིག་ཡིན་མིན་གསལ་སྟོན་བྱས་ཡོད་པ་རེད། )

ང་ཚོས་ད་ལྟ་གསལ་བོར་ཤེས་ཐུབ་པ་ནི། ཚོགས་གཙོ་སྤེན་པ་ཚེ་རིང་ལ་མི་གསོད་ལག་མར་གྱི་ཉེས་འདོགས་བྱས་རྗེས་ཁོང་གིས་ཡང་དང་བསྐྱར་དུ་གྲོས་ཚོགས་ར་བའི་ཕྱི་ལོགས་སུ་དོན་ཏེ་ཤོད་དང་། ང་ཚོས་ཁྲིམས་ཐོག་ནས་གསལ་ཁ་འབྱེད་པའི་འབོད་སྐུལ་བཏང་ཡང་། སྦྲང་སྒྲ་ཙམ་གྲག་རྒྱུ་མེད་པ་འདི་ཅི་རེད། བསམ་བཞིན་གཟུགས་མེད་གྲུབ་བཟོ་བྱས་པའི་དཔང་རྟགས་རྨ་མེད་པ་དེ་རེད། ད་དུང་ཡང་། ད་ལྟའི་འོས་སློང་གི་འགྲན་རྩོད་ཁྲོད་བློ་སེང་གི་རྒྱབ་སྐྱོར་བ་གཙོ་བོ་ནང་གི་ཡང་གཙོ་ཚོའི་ཁྲོད་ན་ཚོགས་གཙོ་སྤེན་པ་ཚེ་རིང་ལག་དམར་དུ་སྒྲོག་པའི་ཟེར་གཟུགས་དེ་གཙོས་པའི་མི་འགའ་ཡོད། ཁོ་ཚོས་འདི་ལྟའི་མ་རབས་ཀྱི་འཆར་འགོད་བཏིང་བ་བློ་སེང་གིས་མི་ཤེས་ཟེར་ན་སེའུ་བཅུ་བའི་བྱིས་པའང་ཡིད་ཆེས་ཐབས་དཀའ་ན། བློ་སེང་ནི་གཡོ་འཕྲུལ་ཉག་ཉོག་བཀོལ་ནས་རང་གི་སྤྱི་ཚོགས་དཀྲུགས་པར་ཡ་ང་མེད་པའི་ཆབ་སྲིད་པ་ཐབས་ཆག་རེད།   (གླེན་པ་ཞིག་ཡིན་ན་མ་གཏོགས་སྤྱིའི་དོན་ལ་སྐད་ཆ་བཤད་ཚད་ལ་རང་ཉིད་ཁྲིམས་ཁང་ནང་འགྲོ་མི་སྲིད།  དེས་གང་ཞིག་མཚོན་པ་རེད་ཟེར་ན་མི་དེ་དག་ལ་སྒེར་སེམས་མེད་པ་སྐད་ཆ་བཤད་པ་དེ་སྤྱི་དོན་ལ་བསམ་ནས་བཤད་ཀྱི་ཡོད་པ་མཚོན་ཐུབ།  སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུག་གི་མཚན་སྙན་དང་འབྲེལ་བ་ཡོད་པ་དང་བོད་མིའི་ཀུན་སྤྱོད་དང་འབྲེལ་བ་ཡོད་པའི་རིགས་དེ་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་གླེང་དགོས་པ་དེ་འོས་འགན་རེད།   འོས་འགན་དེ་ཡོད་པ་ཙམ་གྱིས་མི་སྒེར་པ་དེ་ཁྲིམས་ནང་འགྲོ་དགོས་ན་དུས་ཚོད་ཀྱིས་ཡོང་ཐབས་མེད་པ་རེད།   མ་ཟད་ཁྲིམས་དང་ཁྲིམས་ཟེར་ནས་བཤད་མཁན་ཞིག་ལ་མ་མཐའ་ཡང་ཁྲིམས་ལ་ཡིད་ཆེས་བྱེད་མཁན་ཞིག་དང་ལྷག་པར་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ལ་ངོས་ལེན་ཡོད་པ་ཞིག་ཡོད་དགོས་པ་ནི་མ་མཐའི་ཆ་རྐྱེན་རེད།  ཡིན་ན་ཡང་ཁྲིམས་ཁང་ལ་བཏུག་ཤོག་ཟེར་མཁན་དེ་ཚོས་བཙན་བྱོལ་བོད་མིའི་རྩ་ཁྲིམས་དང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ལ་ངོས་ལེན་བྱེད་རྒྱུ་ཕར་བཞག།  ཁྲིམས་ཞིབ་ཁང་རྒྱ་གར་ཁྲིམས་ཁང་ལ་བཅུག་ནས་བོད་མིའི་སྒྲིག་འཛུག་ནས་ལོ་མང་པོའི་རིང་སྒོར་འབུམ་མང་པོ་འགྲོ་སོང་གཏང་དགོས་པ་བཟོས་ཡོད་ལ།  རྗེས་སུ་རྒྱ་གར་ཁྲིམས་ཁང་ནས་བཙན་བྱོལ་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་བཏང་པ་དེ་ག་རང་རེད་འདུག་ཅེས་གསལ་པོ་བཟོས་ཡོད་ཀྱང་གུས་རྩིས་ཕར་བཞག་ངོས་ལེན་དང་ཆ་འཇོན་གཏན་ནས་མེད་པ་ད་དུང་ནག་ཉེས་ཕོག་ཟིན་པའི་མི་དེ་དག་དཀར་འདོན་བྱ་ཐབས་བྱེད་བཞིན་པ་རེད།  དེས་ན་མི་འདིའི་རིགས་ཀྱིས་ཁྲིམས་སྒྲིག་གླེང་ན་འོས་མཚམས་རེད་དམ། ཐུགས་བསམ་རེ་བཞེས་དང་རྒྱ་ཆེ་བའི་མི་མང་ཚོ། )

མདོར་ན། ཅི་ཡང་མི་ཤེས་ཤིང་གང་ཡང་མི་འཇོན་པའི་བློ་སེང་ཟེར་བ་ཞིག་གིས་ཧར་ཝ་ཊའི་རབ་འབྱམས་པའི་མིང་ཞིག་བཟུང་ནས་ང་ཚོའི་སྲིད་སྟེགས་སུ་འཚང་འོང་ཞིང་། དེ་ཡང་ཆོལ་ཁ་དང་ཚོགས་ཁག་གི་ཕྱོགས་ཞེན་གྱི་ར་བར་བཞག་སྟེ་རང་རེའི་དབུ་ཁྲིད་དུ་འགོས་འོང་བ་འདི་མཐོང་ན། སེམས་སུ་བོད་མི་རིགས་འདི་ཅི་འདྲའི་ལས་ངན་པ་ལ་ཨང་སྙམ་པ་ལས་བསམ་རྒྱུ་གཞན་མི་འདུག (འཛམ་གླིང་ཧྲིལ་པོའི་སྒང་གི་སྐད་གྲགས་གནམ་ས་བར་ལ་གྲགས་པའི་ཧ་ཝ་ནས་ཐོན་པའི་མཁས་དབང་འདི་ལྟ་བུ་ང་ཚོ་ལ་ཇི་ཙམ་ཡོད་དམ།  དེ་ཡང་རྡ་ས་རི་མགོ་སྐམ་པོའི་སྟེང་ལ་ཚུར་ཡོང་ནས་ངས་བོད་ཀྱི་རྩ་དོན་ལ་གང་ཡོང་ནུས་པ་འདོན་རྒྱུ་ཡིན་ལབ་མཁན་ཇི་ཙམ་ཡོད་དམ།  ཆོལ་ཁ་ཞེན་ཁོག་སློང་ན་སུ་ལ་ཕན་ཐོག་ཡོད་གསལ་པོ་རེད། ཕན་ཐོག་མེད་པ་ཤེས་བཞིན་དུ་ལས་མཁན་སུ་ཡོད་དམ།  ཆོལ་ཁའི་ཞེན་ཁོག་སློང་ནས་འོས་ཐོབ་ཐབས་བྱས་ན་འོས་མི་སུ་ལ་ཕན་ཐོག་འདུག་མི་མང་གིས་གསལ་པོ་ཤེས་ཀྱི་ཡོད་པས་གསལ་བཤད་ཅི་ཡོད།   རང་ཉིད་གྲུང་ཤོས་ཡིན་བསམ་མཁན་དེ་ནི་གླེན་ཤོས་དེ་རེད།  རྒྱ་ནག་གིས་བོད་མི་སྒེར་ལངས་ཆེན་མོ་དང་ས་བྱི་ཞི་རྒོལ་ཆེན་མོ་དེ་དག་མི་རིགས་བར་ལ་འགལ་ཟླ་སློང་ནས་རྒྱ་ནག་མི་མང་གིས་ད་ལྟའི་དམར་ཤོག་ཚོགས་པ་ལ་རྒྱབ་སྐྱོར་བྱ་ཐབས་དང་དེས་བོད་མི་ལང་ཡ་མེད་པ་བཟོ་པའི་སྲིད་ཇུས་ཤིག་འགྲོ་ནས་ལོ་མང་ཕྱིན་ཟིན།   དེའི་ཁེ་ཕན་ནི་དམར་ཤོག་གི་དཔོན་རིགས་དེ་དག་ཁོ་ན་ལ་ཐོབ་པ་ལས་གཞན་སུ་ལ་ཡང་ཐོབ་མེད།   སྐབས་འདི་ཡང་འོས་སྡུར་སྐབས་ཆོལ་ཁ་དང་ལུང་ཚན་ཁ་ལ་ཁུར་ནས་འོས་ཐོབ་ཐབས་བྱེད་བཞིན་པ་འདི་ཡང་མགོ་ལ་སྡོད་མཁན་རེ་ཟུང་ཙམ་ལ་དགོས་མཁོ་ཆེན་པོ་ཡོད་པ་ལས་རྒྱ་ཆེ་བའི་མི་མང་ལ་མཚོན་ན་སུ་ཞིག་གིས་འཇོན་ན་དེ་ལ་འོས་བླུག་དགོས་པ་ལས་ཆོལ་ཁ་དང་ལུང་ཚན་གྱི་ཁྱད་པ་གཏན་ནས་མེད་ལ། མ་ཟད་ལུང་ཚན་བྱེ་བྲག་པ་ཞིག་ལ་ཐོབ་ན་མི་མང་ལ་དམིགས་བསལ་རག་ཡོང་རྒྱུ་དང་ཤོར་འགྲོ་རྒྱུ་ཅི་ཡང་མེད།)བདག་གིས་གོང་དུ་བཤད་པའི་དོན་གནད་དེ་དག་ནང་རྫུན་བཟོ་དང་། ཧམ་བཤད་ཉག་གཅིག་མེད། (རྫུན་ཡིན་མིན་རེ་རེ་བཞིན་གསལ་པོ་བཟོས་བཞག་ཡོད་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དཔྱོད།)   མི་རེ་རེ་བཞིན་གངས་སྐྱིད་ཀྱི་ལས་ཁུངས་མ་ལག་ཁག་དང་རྒྱུས་ཡོད་ཚོར་འདྲི་རུ་ཕེབས་པའམ། ཡང་ན་གཟུ་བོར་གནས་པའི་སྒོ་ནས་ཞིབ་འཇུག་མཐིལ་ཕྱིན་བྱོས་དང་གསལ་ཡོང་།(མི་མང་རེ་རེ་བཞིན་ལས་ཁོང་ལ་སོང་ནས་དྲིས་ཟེར་བ་ནི་ཡོང་ཡ་མེད་པ་ཞིག་བེད་སྤྱད་ནས་རང་གི་རྫུན་དེ་གཙང་མ་བཟོ་ཐབས་ཙམ་རེད།)

སྤྱི་༢༠༡༦ ༣ ༧ གྱི་མཚན་མོར།
༼ཕྱི་ལོ་༢༠༡༦/༣༩་་ཉིན་མོ་གསལ་པོ་མཐོང་ས་ཞིག་ནས་བྲིས།༽

Comments