དཔེ་དེབ་ཅིག་གི་སྔོན་གླེང་།

དཔེ་དེབ་ཅིག་གི་སྔོན་གླེང་།

ཤེས་རིག་གི་འོད་སྣང་མཆེད་དེ་རྨོངས་པའི་མུན་པ་སྟུགས་པོ་རབ་ཏུ་བསལ་བའི་ལམ་བུར་འཇུག་དགོས་པ་ཞིག་ཚེ། ཤེས་རབ་ཀྱི་མེ་ལྕེ་འབར་བའི་སློབ་དཔོན་དང་ལམ་སྟོན་གྱི་སྒྲོན་མེ་གསལ་བའི་སྐྱེས་ཆེན་དག་གི་ཞབས་རྡུལ་སྤྱི་བོས་བླངས་དགོས་པ་སྨོས་མེད་ཡིན་ཁར། ད་དུང་ཤེས་རིག་གཙིགས་སུ་འཛིན་ཅིང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁོར་ཡུག་ལེགས་པོ་ཞིག་ཏུ་འགྲུལ་བཞུད་ཀྱི་གོམ་ཁ་དེའང་མི་བསྒྱུར་དཀའ་མེད་ཡིན།

དཔེ་དེབ་འདིའི་རྩོམ་པ་པོ་ཉིད་ལ་མཚོན་ན་གོམ་ཁ་གཞན་དུ་བསྒྱུར་ཅིང་། ཤེས་རིག་གི་འོད་སྣང་མཆེད་པའི་ནང་བསྟན་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་འཛུལ་བཞུགས་ཀྱི་སྐལ་བ་ལྡན་པར་གྱུར། དེ་ཉིན་ནས་ཁོང་གི་མི་ཚེ་ལ་འགྱུར་ལྡོག་ཡོངས་སུ་བྱུང་ཞིང་། མི་ཚེ་རིང་མོར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་ཕྲ་ཞིབ་དཔྱད་འཇུག་གི་རིགས་ལམ་ཁོ་ནས་མི་ཚེ་སྐྱེལ་དགོས་པའི་ལམ་ཐིག་གསར་པ་ཞིག་གི་སྣེ་མོར་ནས་བགྲད་འགོ་བརྩམས།

སེ་ར་ཐེག་ཆེན་གླིང་ཞེེས་འཁོད་པའི་སྒོ་བྱང་འཕྲད་དུ་དཔྱང་ཡོད་པའི་གདན་ས་ཆེན་པོ་འདི་ནས་མི་ཚེ་དཀའ་ཚེགས་ལ་གཏུགས། བཀྲེས་ལྟོགས་སློབ་གཉེར་དང་བརྗེ་བའི་གོམ་སྟོབས་ཤིག་ཁད་ཀྱིས་སྤོས་ཤིང་། རིགས་ལམ་གྱི་སྣེ་ཟུར་རེ་རེ་ནས་འཇུབ་སྟེ་གཞུང་དོན་སྔོག་པའི་སྟ་གོན་འཐུས་སྒོ་ཚང་བ་ཞིག་བྱེད་འགོ་བཙུགས། དེ་དུས་ཁོང་ཆོས་གྲྭའི་རྡོ་གཅལ་གྱི་མཐུལ་ནས་གཟན་སྐེད་པར་དཀྲིས་ཏེ། ཚུལ་གསུམ་རྟགས་སྦྱོར་གྱི་ཐལ་བ་རེ་རེ་འཕེན་པར་སྤྲོ་སྣང་ཆེ་བའི་གདན་སའི་གསར་བུ་བ་ཞིག་རེད། སྤྲོ་སྣང་འདིས་ཁོང་གི་མི་ཚེ་ཡོངས་སུ་གཞུང་ལུགས་དང་འབྲལ་མི་ཐུབ་པའི་དམ་ཚིག་གི་མདུད་རྒྱ་དམ་པོ་ཞིག་མདུད་ཡོད་འདུག་ཅིང་། རྟག་ཏུ་དཔེ་དེབ་ཚོང་མཁན་ཞིག་དང་འདྲ་བར་ག་ས་གང་དུ་དཔེ་དེབ་ཀྱིས་ཁེངས་པའི་དཀྱིལ་དུ་སྡོད་རྒྱུར་གོམས་པར་ཆགས། ངེད་ཀྱིས་ནམ་ཡང་ཁོང་གི་རང་ཤག་ཆུང་ཆུང་དེ་གཙང་ཞིང་དག་པ་ཞིག་མཐོང་མ་མྱོང་ལ། ནམ་ཡིན་རུང་དཔེ་ཆ་དཀྲམ་ནས་དཔེ་ཀློག་དང་ཟུར་ཐོ་འདེབས་པ། གཞུང་ལུགས་མང་པོར་གཤིབ་བསྡུར་གྱིས་སྡོམ་ཚིག་རེ་ཨེ་རྙེད་ལ་འབད་པ་བྱེད་རྒྱུར་གོམས་ནས་ཡོད་སྟབས། བོད་དཔེ་སྣ་རིང་དང་དེབ་གཟུགས་གྲུ་གཞི་དག་ཁ་ཟུམ་མ་མྱོང་བར་ཁོང་གི་མིག་མདུན་དུ་སྤུངས་ནས་ཡོད་པར་མཐོང་རྒྱུ་ཡོད།

དབུ་ཕར་གྱི་གཞུང་ལུགས་ཟབ་མོའི་གཏིང་སྔོག་པའི་ལོ་ཟླ་རིང་མོའི་ནང་དུ། བོད་འགྲེལ་གྱི་ལེགས་བཤད་རྒྱ་མཚོ་ལྟ་བུས་གསེར་གྱི་ལྡེ་མིག་བྱས་ཏེ་རྒྱ་གཞུང་རྟོགས་དཀའ་ཟབ་བརླིང་དག །གོ་རིགས་ཟུང་འབྲེལ་གྱིས་ཇི་བཞིན་རྟོགས་ཐབས་ཀྱི་ལམ་དུ་སྐྱོད་པའི་དབུ་ཚུགས་ནའང་། ད་དུང་ཁོང་ལ་བདེན་དོན་རྟོགས་པར་ཆེས་ཐག་རིང་ཞིག་ཏུ་ལུས་ཡོད་པ་ཤེས་རྟོགས་ཡོད་ལ་རྟོགས་ཟིན་མི་བརྗེད་པའི་བཟུང་ཐོབ་མེད་སྟབས། རང་གི་ཕྲ་ཞིབ་རིགས་པས་དཔྱད་འཇོག་བྱས་པ་དག་བརྗེད་ཐོར་བཏབ་གང་ཐུབ་བྱས། གལ་ཏེ་ཁོང་གིས་ཐབས་ལམ་དེ་ཉིད་ལག་ལེན་དུ་བསྟར་མེད་གྱུར་ན། གཞུང་བརྒྱའི་སྣེ་མོ་བཀྲོལ་བའི་ལེགས་བཤད་མང་པོ་ཁོང་གི་བློ་ཡུལ་ལས་འདས་ཟིན་ལ། ངེད་ཅག་གི་མིག་ལམ་དུ་མཐོང་རྒྱུ་དེའང་ཡོད་མི་སྲིད།

ཡབ་མེས་དམ་པ་ཚོས་དཀའ་སྤྱོད་འབད་པས་སྒྲུབ་པའི་གསེར་མདོག་འཕྲོ་བའི་ནང་བསྟན་འདི་ཉིད་ཡུན་རིང་དུ་གནས་འདོད་པ་ཞིག་ཡིན་ཚེ། ཕྱག་འཚལ་སྐོར་གསོག་ཙམ་གྱིས་སྒྲུབ་ནུས་པ་གཏན་ནས་མིན་པར། རྟག་ཏུ་འཆད་རྩོད་རྩོམ་པའི་ལམ་དུ་བསྐྱོད་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པས། སྔོན་བྱོན་དམ་པ་ཚོས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་བྱ་བའི་མཛད་པ་རིང་མོ་ཞིག་གནང་ཡོད་ཅིང་། དྲིན་གསག་པར་དཀའ་བའི་མཛད་པ་དེས། ངེད་ཅག་གི་ལྟ་བའི་མིག་ཡོངས་སུ་ཕྱེས་ཏེ་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཅི་འདོད་དུ་བགྲོད་ཆོག་པ་དེ་བྱུང་། དཔེ་དེབ་འདིའི་རྩོམ་པ་པོ་རང་ཉིད་ཀྱིས་སྔོན་བྱོན་དམ་པ་དག་གི་མཛད་པའི་བཞུད་ལམ་དུ་བསྐྱོད་དེ། གཞུང་ལུགས་ཀྱི་དོགས་གནད་མང་པོ་ཞིག་ལ་རང་གི་ལྟ་ཚུལ་དང་དཔྱད་འཇུག་དག་གིས་ནི། བསམ་གཞིགས་ཀྱི་སྒོ་མོ་གསར་དུ་འབྱེད་པའི་ཐབས་ཚུལ་གསར་པ་རེའང་ཅི་འདོད་དུ་བསྟེར་ཐུབ་པར་ཁོ་བོས་ཡིད་ཆེས་བྱེད་ཀྱི་ཡོད།

ཁོང་ལ་ད་རུང་ཆེ་བ་ཞིག་བགྲང་དུ་ཡོད་པ་ནི། བོད་འགྲེལ་གྱིས་རྒྱ་འགྲེལ་བཀྲལ་བའི་ཐབས་སུ་བཞུགས་པ་ལས། ཡིག་ཆའི་ཚིག་ཟུར་ཙམ་ཡང་འཆོར་མི་རུང་བའི་ལྟ་ཚུལ་བཟུང་སྟེ། རྒྱ་གཞུང་གི་ཟབ་ཅིང་བརླིང་བའི་ལེགས་བཤད་དག་ཧྲིལ་གྱིས་འདོར་ཐུབ་པའི་ཧམ་ཚད་དེ་མེད། རྗེ་ཡབ་སྲས་གྱི་གཞུང་ལུགས་དང་མ་མཐུན་ནའང་ཡིག་ཆ་ཞེས་སྙིང་དུ་མི་བཟུང་ལ། ཡབ་སྲས་དག་གི་གཞུང་དེའང་རྒྱ་གཞུང་གི་དཀའ་བའི་གནད་བཀྲོལ་བའི་དགོངས་འགྲེལ་ཡིན་པའི་གོ་རྟོགས་གསལ་པོ་ཡོད། གཞུང་དོན་ཚིག་གི་འཁར་བར་བརྟེན་མི་དགོས་པའི་བཤད་པ་དག་ཁོང་གིས་ཡིད་ཆེས་མི་བྱེད་པར་ཚིག་རེ་རེས་གནད་འབྱིན་སྟངས་དང་། དུས་གསུམ་གྱི་ལས་ཚིག་རེ་རེ་བཀོལ་སྟངས་ཚུན་ལ་དོ་སྣང་གིས་གཞུང་ལུགས་ཀྱི་བཤད་པ་བྱེད་རྒྱུ་དགའ་བའི་གྲྭ་སའི་སློབ་གཉེར་བ་ཞིག་ཡིན། ཁོང་གིས་དེ་ལྟར་གནང་བའི་ཉེར་ལེན་གྱིས། ཁྱེད་ཀྱི་ལག་ཏུ་ཡོད་པའི་དཔེ་དེབ་འདི་འཇིག་རྟེན་དུ་ལྟམ་ཐུབ་པ་ཙམ་མ་ཟད། བམ་ཀློག་དང་ཞིབ་ཀློག་ཇི་ལྟར་བྱེད་རུང་། དེ་མཚུངས་རང་རང་ལ་བློ་སྐྱེད་རེ་ཐོབ་ཐུབ་པ་ནི་བདག་ལ་ཡིད་ཆེས་བརྟན་པོ་ཡོད།

གདན་ས་ཆེན་པོ་ཞིག་གི་སློབ་གཉེར་ནི། མི་ལོ་ཉེར་གསུམ་ལྷག་ཏུ་དཀའ་བ་སྤྱད་དེ་སྡུག་རུས་བྱེད་དགོས་ཤིང་། གཞུང་ཆེན་པོའི་སློབ་གཉེར་བྱེད་མཁན་ཞིག་ཡིན་ན། རིགས་ལམ་ལ་བྱང་ཆུབ་པ་ཙམ་ཟད་གཞུང་གི་དཀའ་བའི་གནད་གཅིག་ཙམ་ལའང་། དཔྱད་གཞི་གང་མང་དང་བསྡུར་ནས་བསམ་གཞིག་བྱེད་མཁས་པ་ཞིག་ཡོང་བར་བྱེད་དགོས། དཔེ་དེབ་འདིའི་རྩོམ་པ་པོ་ཉིད་ལ་མཚོན་ན། བརྩོན་པའི་རྒྱུན་ལྷོད་མ་མྱོང་བར་མི་ལོ་བཅོ་བརྒྱད་ཙམ་ལ་དབུ་ཕར་དང་ཚད་མ། འདུལ་བ། མཛོད་བཅས་གཞུང་བཀའ་པོད་ལྔ་པོ་ལེགས་པར་བལྟས་ཡོད་པས། གདན་སའི་སློབ་གཉེར་བ་རྩེ་ཕུད་ཀྱི་གྲས་ལ་ཐོབ་པའི་<རིག་ཆུང་ཚོགས་ལངས།>དང་། <དགེ་ལྡན་པའི་འཇང་དགུན་ཆོས་>ཀྱི་དམ་བཅའ་བའི་གོ་སྐབས་ཐོབ་ལ། དབུ་ཕཪ་རབ་འབྱམས་པའི་ལག་ཁྱེར་ཐོབ་པ་ཙམ་ཟད། འཛིན་གྲྭའི་ནང་དུ་ཨང་རིམ་དང་པོ་དང་<ཤེས་སྤྱོད་ཀུན་བཟང་>གི་ལག་ཁྱེར་ཐེངས་མང་བླངས་ཡོད།  ཁོང་གིས་རྒྱུན་དུ་རང་གིས་སློབ་གཉེར་བྱེད་ཞོར་དད་གཉེར་ཅན་དག་ལ་གཞུང་ཆེན་སློབ་ཁྲིད་དང་། དཀའ་གནད་ཁག་ལ་དོགས་དཔྱད་ཀྱི་འཆད་ཁྲིད་སོགས་གནང་དང་གནང་མུས་ལ། ལོ་ངོ་གཉིས་ལྷག་ལ་སེ་རའི་རྗེ་བཙུན་པའི་ཡིག་ཆ་ཞིབ་དག་ཁང་གི་ལུང་འཚོལ་བའི་འགན་ཁུར་གྱིས་ལས་དོན་བསྒྲུབས། <དགེ་བཤེས་ཡ་མའི་ལེགས་བཤད་གཅེས་སྐྱོང་ཁང >དུ་ཞུགས་ནས་ཀུན་གཞི་རྒྱ་ཆེར་འགྲེལ་གྱི་འཆད་ཁྲིད་ཕབ་བཤུས་ཀྱི་འགན་འཁུར་རྐང་བཞེས་དང་། རྗེ་བཙུན་དགེ་འདུན་ཆོས་འཕེལ་གྱི་ལྷག་མཐོང་དཀའ་འགྲེལ་གྱི་འཆད་ཁྲིད་ཕབ་བཤུས་སོགས་ཀྱི་སློབ་གསོའི་ལས་འགན་གང་མང་བསྒྲུབས་མྱོང་།  

སློབ་གཉེར་བྱེད་སྒང་དེར་གཞུང་ཆེན་མོའི་དཀའ་གནད་ཁག་ལ་དོགས་དཔྱད་སྣ་མང་རྩོམ་འབྲི་བྱས་ལ། གཞུང་ཆེན་སློབ་གཉེར་བའི་ཁྲོད་དུ་འདི་ལྟ་བུའི་དོགས་དཔྱད་འབྲི་བསམ་དང་འབྲི་ཐུབ་མཁན་ཡང་དེ་ཙམ་མེད་པའི་ཁྲོད། ཁོང་ནི་གཞོན་སྐྱེས་སློབ་གཉེར་བ་གཞུང་ཆེན་མོའི་དཔྱད་རྩོམ་འབྲི་ཐུབ་མཁན་གྱི་གྲས་ཤིག་ཡིན། ཁོང་གི་སློབ་གཉེར་བྱེད་པའི་བརྒྱུད་རིམ་ནང་དུ། རྗེ་ཙོང་ཁ་པའི་ལེགས་བཤད་སྔ་གྲས་སུ་གཏོགས་པའི་<ལེགས་བཤད་གསེར་ཕྲེང་>ཞིབ་ཚགས་ནན་ཏན་གྱིས་སྦྱོང་པར་བྱས་ཡོད་ལ། གཞུང་འདི་ནི་སྔ་རབས་པའི་བཞེད་ཚུལ་ཧ་ཅང་མང་བས་དགེ་ལྡན་པའི་ཁྲོད་དུའང་གསུང་སྐད་འཆོར་མཁན་མང་ཞིང་། གཞོན་སྐྱེས་སློབ་གཉེར་བའི་ཁྲོད་དུ་གཞུང་འདི་ལ་ཞིབ་ཚགས་ཀྱིས་བཤད་པ་བྱེད་རྒྱུ་དཀའ་ངལ་ཅན་དུ་བརྩི་བཞིན་ཡོད། འཆད་ཁྲིད་བྱེད་ཐུབ་མཁན་ཡང་དཀོན་ཙམ་ཡོད། འོན་ཀྱང་ཁོང་གྲྭ་ས་ན་ལེགས་བཤད་གསེར་ཕྲེང་ལ་རྒྱུས་མངའ་ཆེ་ཤོས་གྲས་སུ་བརྩི་མཁན་ཡོད་པའང་དོན་ལ་གནས་སྙམ་སྟེ། གཞུང་འདིའི་ཆེད་དུ་སྔ་རབས་པའི་གཞུང་དང་ཆོས་བརྒྱུད་ཆེན་མོ་དག་གི་གཞུང་མང་པོ་ཞིབ་ཚགས་ཀྱིས་བལྟས་ཡོད།  འགྲེལ་བ་བརྒྱ་ལྷག་ཡོད་པའི་ལྕགས་གཞི་ལྕགས་མདའ་ཞེས་འབད་ས། སེམས་ཙམ་པའི་ལྟ་བའི་སྐོར་འཁོད་པའི་རྗེའི་གསུང་རྩོམ་གྲགས་ཅན། <དྲང་ངེས་ལེགས་བཤད་སྙིང་པོ་>ཧ་ཅང་ཞིབ་ཚགས་ཀྱིས་བལྟས་ཡོད་པས་གཞུང་འདི་ཉིད་ལ། ཁོང་ལ་རྒྱུས་མངའ་ཆེ་བ་ཙམ་མ་ཟད་འཆད་ཁྲིད་དང་བགྲོ་གླེང་གང་འདྲ་ཞིག་བྱེད་དགོས་རུང་སྤོབས་པ་ལྡན་ཡོད།

འཆར་ལོ་ནས་རི་བོ་དགེ་ལྡན་པའི་ཆེས་སྙན་གྲགས་ཆེ་བའི་<དགེ་ལུགས་རྒྱུགས་སྤྲོད་མོར་>ཞུགས་ཆོག་པའི་མཚམས་སུ་སླེབས་ཡོད་ཅིང་། ཧ་ཅང་དཀའ་ཚེགས་ཆེ་བའི་མི་ལོ་དྲུག་གི་རྒྱུགས་སྤྲོད་ཆེད། གཞུང་ཆེན་བསྐྱར་སྦྱོང་གི་སྟ་གོན་ཡང་འགོ་ཚུགས་ཡོད། མི་ལོ་དྲུག་གི་རྒྱུགས་སྤྲོད་ལེགས་ཐོན་གྱིས། གསེར་མདོག་འཕྲོ་བའི་ལྷ་ལྡན་རབ་འབྱམས་པའི་དགེ་བའི་བཤེས་གཉེན་གྱི་མཚན་གནས་བཞེས་རྒྱུར་ངེད་ཅག་གིས་རེ་བས་བརྟས་ཡོད། དེ་བཞིན་ལེགས་འགྲུབ་ཡོང་བའི་སྨོན་པ་རིང་དུ་བསྲིངས་ཡོད་པས་ཇི་བཞིན་འགྲུབ་པ་དཀོན་མཆོག་གིས་ཐུགས་རྗེས་གཟིགས་ཤིག།


ཅེས་དཔེ་དེབ་འདིའི་རྩོམ་པ་པོ་ལ་རྒྱུས་མངའ་ཕྲན་བུ་ཡོད་པའི་སེར་བྱེས་ཏྲེ་ཧོར་སྲོང་བཙན་གྱིས་ཕྱི་ལོ༢༠༡༦ལོའི་ཟླ་༡ཚེས༢༤ལ་བྲིས།