མེ་ལ་ལྕེབས་པའི་མི།




སྙིང་སྟོབས་མཚོན་གྱིས་རང་ཤ་བཏུབ་ལ་སྤོབས།།
རིགས་ཞེན་ཟུང་ཁྲག་འཁོལ་བའི་དཔའ་མི་དག།
བདེན་པའི་ངར་སྒྲ་སྒྲོག་ལ་ཞིམ་པ་མེད།།
སྙིང་གི་རུས་པ་འཐོར་རུང་བརྗེད་ཐབས་མེད།།

མི་འདོད་བཙན་པོས་བཙུར་བའི་ན་ཟུག་ཁྲོད།།
སྙིང་ལ་རྨ་ཁ་བཟོས་པའི་ནམ་ཟླའི་ནང་།།
མ་འཚིག་གསོན་རེ་བྲལ་བའི་ཁོར་ཡུག་ན།།
འཆི་ལམ་གདམ་ཁ་མ་གཏོགས་ཅི་ཞིག་ཡོད།།

རུས་རྐང་འཐོར་ཆག་མོད་པའི་མི་ཚོགས་རྒྱས།།
ཡ་ཐེ་ཀླད་ཤུན་འཁུམས་པའི་སྐྱེ་བོ་འབེལ།།
བདེན་པའི་མིག་ཟུང་ཞྭ་བའི་ལོང་བ་མང་།།
ལུས་སྲོག་མེ་ལ་མ་བལྟབས་གདམ་ཁ་ཅི།།

མཚན་མོ་དགྲ་བའི་མེལ་ཚེ་འཇིགས་རེ་ཡེ།།
ཉིན་མོ་བརྙན་མིག་དེའང་རང་ལ་འཁོར།།
ཉིན་ཞག་སུན་བཙེར་མང་བའི་ཕ་ས་ནས།།
རང་ལུས་མེ་ལ་མ་སྲེག་གདམ་ཁ་ཅི།།

དམར་པོ་མེ་ཡིས་ཤ་ཚིག་རུས་ཚིག་སོང་།།
ཤུལ་ལྷག་ཚིག་རོ་དེའང་དགྲ་ལག་ཐེབས།།
ཚིག་དྲི་སྣུམ་རྒྱུ་ཙམ་ལས་མ་ལྷག་འདི།།
ངེད་ཅག་སྙིང་ལ་འདེབས་པ་པའི་འཚེ་མ་ཡིན།།

མེ་ཞུན་ཐལ་བའི་རྒྱ་མཚོ་སྤུངས་ན་ཡང་།།
ཐེ་རུས་བརྩེགས་པའི་བྲག་ཐེམ་འགྱིང་མོད་རུང་།།
བདེན་པའི་གོམ་ཁ་མ་ལྷོད་ས་ཆེན་བཤགས།།
མྱི་རྒོད་དཔའ་བའི་ཚོགས་རྣམས་སྙིང་ནས་མཆོད།།

2016-1-3