སེམས་ཀྱི་རང་མདངས་མཚོན་པའི་འཚམས་འཕྲིན།


སེམས་ཀྱི་རང་མདངས་མཚོན་པའི་འཚམས་འཕྲིན།
(ཆོས་ཀྱི་གྲོགས་པོ་དགེ་བཤེས་བསྟན་འཛིན་རྡོ་རྗེ་མཆོག་ལ་ཕུལ་བ།)
བེ་རི་འཇིགས་མེད།
དཔལ་ལྡན་སྟོབས་བཅུ་མངའ་བའི་ལུང་རྟོགས་བསྟན།།
འཛིན་མཁས་ངེས་པ་དོན་གྱི་རྣལ་འབྱོར་པ།།
གསང་སྔགས་རྡོ་རྗེ་ཐེག་པའི་སྤུན་གྲོགས་ལགས།།
འཇིགས་མེད་སྙན་ངག་སྨྲ་བའི་འཕྲིན་འདི་གསོན།།

ཉེ་ཆར་གང་སྐུ་མཚན་དཔེའི་ཟླ་གཞོན་ལ།།
ཉམས་རྟོགས་དཀྱིལ་འཁོར་རྫོགས་པའི་འོད་སྣང་རིས།།
ཡིག་ངག་གང་གི་ལམ་ནས་མ་སོན་ཀྱང༌།།
བརྒྱུད་ནས་འཚམས་འདྲི་བྱས་པའི་གཏམ་ལས་ཐོས།།

ཀུན་རྟོག་མཚོ་རླབས་གཡོ་བའི་སེམས་ངོགས་ན།།
གང་སྐུ་ཟླ་བའི་འོད་སྣང་འཇོ་བའི་གཟུགས།།
བསིལ་རླུང་དལ་བུས་བདས་པའི་མཚོ་གྲུ་བཞིན།།
ངེས་མེད་ཆུ་གཉེར་འགྲོས་དང་བསྟུན་ནས་འཆར།།

རྒྱལ་ཀུན་གསང་གསུམ་གཅིག་ཏུ་བསྡུས་པའི་གར།།
ཀླུ་སྦྱིན་རྗེ་བཙུན་བླ་མའི་ཞབས་དྲུང་དུ།།
ན་རོ་མཁའ་སྤྱོད་དབང་བཞིའི་བྱིན་རླབས་ཀྱི།།
རྡོ་རྗེའི་མནའ་ཆུ་ལྕེ་ཐོག་མཉམ་དུ་མྱོང༌།།

མདོ་སྔགས་གསུང་རབ་དུ་མའི་བཤད་འཁྲིད་དང༌།།
བྱང་ཆུབ་ལམ་གྱི་རིམ་པའི་མྱོང་འཁྲིད་སོགས།།
དབང་ལུང་འཁྲིད་དང་མན་ངག་བདུད་རྩིའི་རྒྱུན།།
མཉམ་དུ་སྤྱོད་པའི་སྐལ་བཟང་བགོ་སྐལ་ཐོབ།།

དེ་སླད་དམ་ཚིག་གཅིག་པའི་སྤུན་གྲོགས་ཀྱི།།
མཛའ་བའི་གསེར་ཐག་གློད་ཐབས་མི་འདུག་པས།།
ཧ་ཅང་བསྡུས་པའི་ཚིག་སྦྱོར་དང་འགྲོགས་པའི།།
གསལ་འདེབས་ཚིག་གསུམ་ཞུ་བར་གཟིགས་མོར་མཛོད།།

མངལ་གྱི་ཐེམ་པ་བརྒལ་ནས་མི་རིང་བར།།
རྐང་ཆུང་སྟེང་ནས་ལང་འདུག་ཐུབ་པའི་སྐབས།།
ཁྱི་དང་ལི་ལི་རྡོ་རྡུང་བྱེད་པ་སོགས།།
བྱིས་སྤྱོད་ངན་པས་ཁྱོད་ལ་གོས་མྱོང་མེད།།

རྐེད་རགས་སྦོ་ལ་འཆིང་དཀྲོལ་ཐུབ་ནས་བཟུང༌།།
འུར་རྡོ་ཁྲ་རིང་སྐེད་པ་ལ་གཟེར་ནས།།
ར་ལུག་ཕག་གསུམ་འཚོ་སའི་གྲོང་གསེབ་དེར།།
མ་བཞུགས་དམ་པའི་ཆོས་ཀྱི་གདན་སར་ཕེབས།།

བཀྲ་ཤིས་དར་རྒྱས་དགོན་པའི་ཆོས་གྲྭའི་ནང༌།།
རྒྱ་སྐད་མཆོད་བརྗོད་བྱེད་པའི་ལུགས་སྲོལ་ལ།།
ཕྱི་མིག་ཅེར་ནས་ཤེས་བྱའི་སྤང་ལྗོངས་ངོགས།།
དབྱངས་གསལ་སོ་བཞིའི་སྙན་པའི་རྒྱང་གླུ་གྱེར།།

རྟ་ཕོའི་འགྲོས་དང་མེ་མདའི་ཁ་ཚ་ལ།།
ཞེ་ཆགས་མེད་པར་གོམ་ཁ་དབུས་སུ་བསྒྱུར།།
ཇོ་ཤཀ་རྣམ་གཉིས་མདུན་དུ་མཇལ་ཕྱག་ཕུལ།།
ཐེག་ཆེན་གླིང་དུ་ཆོས་ཀྱི་སྒྲོ་འདོགས་བཅད།།

ས་ཕག་དུས་འགྱུར་འབར་བའི་མེ་རླབས་ཁྲོད།།
དམར་པོ་རྒྱ་ཡི་མེ་མདའི་སོ་ཁ་ནས།།
དར་མདོ་ལྔ་མཆོད་དགོན་པའི་འདུ་ཁང་ནང༌།།
འཁྱགས་ལྟོགས་རྡུང་རྡེག་གསུམ་གྱིས་ནམ་ཟླ་བསྐྱལ།།

ཕྱི་ཡི་ཆ་ལུགས་ཁྲིམས་ཀྱིས་བསྒྱུར་ན་ཡང༌།།
ནང་གི་དད་པ་དམ་ཚིག་སྡོམ་པའི་ཁྲིམས།།
སུ་དང་གང་གིས་བཅོས་སུ་མ་བཏུབ་པར།།
རྡོ་རྗེ་བྲག་གི་རི་བོ་བཞིན་དུ་གནས།།

རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ཁྲོད།།
ཁྲེལ་མེད་ཧུར་བརྩོན་བརྒྱ་ཡིས་རྡུང་རྡེག་དང༌།།
ན་ཆུང་བུ་མོ་སྟོང་གི་མཛེས་ཁའི་ཁྲོད།།
གང་ཁྱོད་ཐོགས་རེག་བཀག་པའི་ནམ་མཁའ་བཞིན།།

ཕོ་ཐ་ཕལ་ཆེར་ལ་ཁའི་དར་ལྕོག་བཞིན།།
ཤར་ནུབ་རླུང་གིས་ཕན་ཚུན་བསྐྱོད་པ་དང༌།།
འཚུབ་མའི་རླུང་གིས་གྱེན་དུ་བསྐྱོད་པའི་སྐབས།།
གང་ཁྱོད་ལྕགས་ཀྱི་ཕ་བོང་བཞིན་དུ་བཞུགས།།

སྲང་མདོའི་ཁྱི་ལྡོམ་འདྲ་བའི་སྤྲང་ཕྲུག་ཚོས།།
སྐུ་རྟེན་འདམ་སྙོག་གསེབ་ཏུ་འཕེན་པ་དང༌།།
གསུང་རྟེན་གླེགས་བམ་མེ་ལ་བསྲེགས་པའི་སྐབས།།
ཁྱོད་ཀྱིས་རྟེན་གསུམ་སྦས་པའི་ལས་འགུལ་བརྩམས།།

དམར་སྲུང་དམག་གིས་དྲག་པོའི་བསྔོག་བཤེར་འོག།
གསུང་རྟེན་སྦས་བསྐུངས་བྱས་པའི་ནག་ཉེས་ཀྱིས།།
ལྷ་འདྲེ་གདོན་བགེགས་བྲིས་པའི་ཤོག་ཞྭ་གཡོག།
ཁྲོམ་སྐོར་ཁྲིད་ནས་རྡུང་རྡེག་སྣ་ཚོགས་མྱངས།།

ཕ་ཁའི་ཆུ་འཁོར་གྲོང་པའི་བསྟན་དགའ་དང༌།།
ཚུར་ཀའི་བྲག་གདོང་ཚང་གི་ཡོན་ཏན་གཉིས།།
གོ་ལོ་ཤང་གི་རྒྱ་མིའི་ལས་བྱེད་ཚོའི།།
མིག་གི་ནང་དུ་གྲ་མ་བཞིན་དུ་གྱུར།།

གནམ་ལ་བཀལ་ནས་རྟ་ལྕག་གཞུས་པ་དང༌།།
ས་ལ་ཕབ་ནས་ཆུ་འཁྱགས་བཤོས་པ་སོགས།།
དམྱལ་ཁམས་ས་སྟེང་འཕོས་འདྲའི་འཐབ་རྩོད་ནང༌།།
དད་པ་དམ་ཚིག་ནམ་ཡང་ཤོར་མྱོང་མེད།།

ཡ་ཀི་མདའ་ཧོར་བྲག་རྒྱབ་མན་ཆད་ནས།།
མ་ཀི་བྲག་གདོང་མཆོད་རྟེན་ཡན་ཆད་ཀྱི།།
གོ་ལོ་བརྒྱད་ཅུ་ཤོག་པའི་གྲོང་ཚོ་ནང༌།།
སྙིང་སྟོབས་སྤོབས་པ་ཁྱོད་འདྲ་སུ་ཡང་མེད།།

ཨ་ལོག་བཙོས་ནས་ལོ་གསར་བཏང་བ་དང༌།།
ར་ལྤགས་གོན་ནས་གཟབ་འཆོར་སྤྲས་པའི་སྐབས།།
ལྟོ་གོས་དོན་དུ་ངལ་ལས་མི་འགྲོ་བར།།
དམ་པའི་ཆོས་ལ་ལྐོག་ནས་ཉམས་ལེན་གནང༌།།

ལ་ཁའི་བྱ་སྤུ་འདྲ་བའི་ཕོ་ཐ་ཚོ།།
དམར་པོའི་རླུང་གིས་གང་སར་སྤུར་པའི་སྐབས།།
ཆུ་འཁོར་བསྟན་དགའ་བསྟན་ལ་དགའ་བ་ལས།།
དམར་པོ་རྒྱ་ལ་དགའ་བའི་ལོ་རྒྱུས་མེད།།

ལོ་བརྒྱད་བྱིས་པས་ར་རྐུས་བྱེད་ས་དང༌།།
དྲུག་ཅུ་རྒན་པོ་མག་པར་འགྲོ་ས་ཡི།།
ཡ་མཚན་གཏམ་རྒྱུད་མང་བའི་གྲོང་གསེབ་དེར།།
གང་ཁྱོད་གསེར་གྱི་ཞུན་མ་བཞིན་དུ་འཚེར།།

དྲུག་གིས་ལྷག་པའི་ལོ་རབས་བདུན་ཅུའི་ནང༌།།
ཀྲུའུ་ཏེ་ཀྲུ་ཨེ་ལན་དང་མའོ་ཙེ་ཏུང༌།།
ཚེ་སྲོག་དུར་སའི་འགག་འཕྲང་དོག་པོ་ནས།།
གཤིན་རྗེ་གྲོང་ཁྱེར་འགྲིམས་པའི་གཏམ་བཟང་ཐོས།།

དེང་རབས་ཅན་བཞིའི་ཁ་གཡང་སྙན་པོའི་ཁྲོད།།
མི་བཞི་ཤོག་ཁག་རྡུལ་དུ་བརླགས་པའི་གསེབ།།
ཅི་དང་གང་ཡིན་རྒྱུ་མཚན་མ་ཤེས་པར།།
སླར་ཡང་ཉེས་རྡུང་འཐབ་རྩོད་ཐེངས་གཅིག་བཟེད།།

སྐྱེས་པ་ཕོ་ཡི་ལུས་རྟེན་ཐོབ་ནས་བཟུང༌།།
དོན་ལྔ་སྣོད་དྲུག་ཚང་པ་ལོས་མཚུངས་ཀྱང༌།།
སྐྱིད་སྡུག་མེ་ཆུ་འཐབ་པའི་ཡོ་ལངས་ཁྲོད།།
ཕོ་རབ་དམ་པའི་རང་མདངས་ཁྱོད་ཀྱིས་བསྟན།།

ལོ་རབས་དོན་དགུའི་ཏང་གི་ཚོགས་ཆེན་ཐོག།
གྲངས་ཉུང་མི་རིགས་ཁུལ་གྱི་སྐད་ཡིག་དང༌།།
ཆོས་རིག་རང་སྐྱོང་ཆོག་པའི་དྲིལ་བསྒྲགས་འོག།
སྤྲིན་པའི་གསེབ་ནས་ཉི་འོད་ཐེངས་གཅིག་ཤར།།

ཕྱག་ན་པདྨོའི་ཐུགས་བསྐྱེད་དྲི་བསུང་རླབས།།
བདེན་པའི་རླུང་གིས་ཕྱོགས་འདིར་བདས་པ་དང༌།།
ཆོས་ཀྱི་རྒྱལ་མཚན་མཐོན་པོའི་གྲིབ་བསིལ་འོག།
བོད་འབངས་འགྲོ་བའི་ཚེ་སྲོག་གཉིས་པ་ཐོབ།།

སྔགས་པའི་མགོ་ལ་རལ་པ་བསགས་པ་དང༌།།
བཙུན་པའི་ལུས་ལ་ཆོས་གོས་གོན་ཆོག་པའི།།
རི་སྤྱང་དམར་པའི་ཁ་ནང་ལུ་གུ་ཡིས།།
འཕག་འཚག་ཐེངས་གཅིག་ཆོག་པའི་གོ་སྐབས་ཐོབ།།

ཏིང་ཤོའུ་ཕིང་གི་རིག་པའི་གཞུང་ལུགས་ལྟར།།
བསྒྱུར་བཅོས་སྒོ་དབྱེ་བྱས་པའི་ཆོག་མཆན་འོག།
ཚོང་ཁང་མགྲོན་ཁང་མཉེར་མཁན་མང་ན་ཡང༌།།
སྲིད་འབྱོར་ནོར་ལ་སྲེད་པའི་འཆིང་ཐག་བཅད།།

ཆོས་དད་རང་མོས་ཆོག་པའི་ཁྱབ་བསྒྲགས་གཏམ།།
གོ་མ་ཐག་ནས་ཁང་པའི་རྒྱ་སྒོ་བསྡམས།།
མདོ་སྨད་ཞྭ་སེར་བསྟན་པའི་སྒྲོན་མེ་མཆོག།
ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་དུ་བཅར།།

ང་ཡང་སྔོན་གྱི་བག་ཆགས་མི་དམན་པས།།
དགེ་རྒན་དམ་པའི་མདུན་དུ་བཅར་བའི་སྐབས།།
ཁྱོད་དང་ང་གཉིས་དགེ་ཕྲུག་གཅིག་པ་ཡི།།
མི་ཕྱེད་དམ་ཚིག་གཙང་མའི་ཆོས་གྲོགས་གྱུུར།།

རྒྱུ་ཡི་ཐེག་པ་མཚན་ཉིད་རིག་པའི་གཞུང༌།།
འབྲས་བུའི་ཐེག་པ་རྒྱུད་སྡེ་བཞི་ཡི་དོན།།
གཅིག་ཏུ་བསྡུས་པ་ལམ་གྱི་རིམ་པའི་གནད།།
གང་ཁྱོད་ཐུགས་ཀྱི་རྒྱ་མཚོའི་ཀློང་ན་འཁྱིལ།།

མི་ཕྱེད་དད་པ་ས་གཞི་བཞིན་དུ་བརྟན།།
མི་གཤིས་རང་བཞིན་སྨྱུག་མའི་མདའ་ལྟར་དྲང༌།།
མི་ལ་ལྟ་བུའི་དཀའ་སྤྱོད་སྙིང་རུས་ཟབ།།
མི་མཆོག་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན།།

གསེར་སྐུ་བཙོངས་ནས་སྦག་སྦག་ཞོན་མཁན་དང༌།།
ཕོ་བླ་བཙོང་ནས་གོ་གནས་ལེན་མཁན་ཚོར།།
ཁྲོས་ནས་གདོང་མིག་འཕེན་པའི་ལོ་རྒྱུས་ལས།།
རེ་བའི་རྨི་ལམ་བཏང་རབས་ཁྱོད་ལ་མེད།།

ལྐོག་རྔན་ཟོས་ནས་གཟིམས་ཤག་བརྩེགས་པ་དང༌།།
བསྔོ་རྟེན་རུག་ནས་ཆང་རག་འཐུང་མཁན་གྱི།།
མཐོན་པོའི་དཔོན་དང་སྤྲུལ་སྐུ་རྫུན་མ་ལ།།
ཡིད་ཆེས་དད་པའི་འཇའ་ཚོན་སྔར་ནས་ཡལ།།

རྒྱལ་ཁབ་བཙོང་ནས་མོ་ཊ་གཏོང་མཁན་དང༌།།
ཆོས་གོས་གོན་ནས་རྒྱ་མོ་རུམ་མཁན་གྱི།།
དེང་གི་བསྟན་འཛིན་སྐྱེས་བུ་དེ་དག་ལ།།
བདེན་པའི་ཚིག་མཚོན་བཏབ་ནས་ཕྱིར་ཕྱག་ཕུལ།།

རྒྱ་མགོ་མཐོ་དུས་རྒྱ་མིའི་རྐུབ་གཡོག་རྒྱུགས།།
ཆོས་མགོ་མཐོ་དུས་ཆོས་གོས་ལུས་ལ་གོན།།
བྱ་ཚོགས་ཁྲོད་ན་བྱ་ཐན་ཕ་ཝང་བཞིན།།
སྤྱོད་ངན་དེ་ཚོའི་སྤྱོད་པ་ཁྱོད་ལ་མེད།།

ནམ་མཁའི་འཇའ་རིས་མིག་གི་ལྟད་མོ་ཙམ།།
རྒྱ་ནག་གླིང་བུ་རྣ་བའི་སླུ་བྲིད་ཉིད།།
དེ་སླད་མིག་འཁྲུལ་འདྲ་བའི་མཛེས་ཚོན་ལ།།
ཞེ་ཆགས་མ་བྱས་ཆོས་གྲྭའི་དགེ་རྒན་ཕེབས།།

ཆོས་ས་བུ་དང་ཆོས་ཀྱི་གྲོགས་པོ་ཆགས།།
ཆོས་གྲྭའི་ནང་དུ་ཆོས་ཀྱི་དཔེ་ཁྲིད་གནང༌།།
ཆོས་ཀྱི་གདན་ས་ཆོས་ཀྱིས་འཛིན་སྙམ་ཡང༌།།
ཆོས་སྡེ་གླིང་ན་ཆོས་མིན་བར་ཆད་མང༌།།

ཕར་སྤྱང་ཝ་མོ་ཚོགས་པའི་ལུང་མདོ་ན།།
གཡང་དཀར་ལུ་གུའི་འཕེལ་ཁ་མི་དར་བས།།
ལུག་རྫི་རྒན་པོས་སྦྲ་གུར་ཕབ་བྱས་ཏེ།།
འབྲོག་པའི་མཚེར་ས་སྤོ་བར་ཐུགས་ཁག་ཅི།།

མུན་སྟུག་ན་བུན་འཐིབས་པའི་གྲོང་འདབས་ན།།
ལྕགས་ཐག་སྐེ་ལ་གོན་པའི་ཁྱི་ནག་མདུན།།
སེངྒེའི་པུས་མོ་ས་ལ་འཛུགས་པའི་དུས།།
སྤྱན་ཞགས་གངས་ལ་མི་འཕེན་རང་དབང་ཅི།།

རྨོངས་པའི་ནགས་ཀྱི་སྤྲེལ་རྒན་ཚོགས་པའི་ས།།
སྨྲ་བརྗོད་ཤེས་པའི་འཇིག་རྟེན་མི་ཡི་རྐུབ།།
རྔ་མ་མེད་པའི་འཕྱ་སོྨད་མ་བཟོད་ནས།།
གང་ཁྱོད་ནགས་ལ་གྱེས་མཇལ་ཞུ་དགོས་བྱུང༌།།

རི་བོ་སྒང་དྲུག་རྡོག་པའི་འོག་ཏུ་བརྫིས།།
གཙང་ཆེན་རྣམ་བཞིའི་སྐེད་པ་འཕྲེད་དུ་བཅད།།
ཀོང་པོའི་བར་ལ་བརྒལ་ནས་དབུས་ལམ་བསྙེགས།།
གདན་ས་གསུམ་དང་ཇོ་ཤག་རྣམ་གཉིས་མཇལ།།

ཞབས་རྗེས་རི་མོ་གངས་ལའི་ངོས་སུ་ཕབ།།
རེ་བའི་མིག་ཞགས་འཕགས་པའི་ཡུལ་དུ་འཕེན།།
དད་པའི་མིག་ཆུ་ྋགོང་ས་མཆོག་ལ་འཐོར།།
བལ་བོད་ས་མཚམས་བརྒལ་ནས་བལ་ཡུལ་སླེབས།།

མོ་ཊའི་ནང་དུ་ཉིན་མཚན་སྦྲེལ་ནས་ཕེབས།།
ཚ་བའི་ནང་དུ་ཆུ་འཁྱགས་བཏུང་གིན་ཡོང༌།།
བཙན་བྱོལ་བཞུགས་སྒར་དྷ་རམ་ས་ལར་འབྱོར།།
གོང་ས་ཆེན་པོའི་གསེར་ཞལ་རྗེན་པར་མཇལ།།

ཐེག་ཆེན་གླིང་དུ་སླར་ཡང་ཆོས་ཞུགས་གནང༌།།
གཞུང་ཆེན་བཀའ་པོད་ལྔ་ལ་བསྐྱར་སྦྱངས་བྱས།།
རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག།
རྒྱུད་གྲྭར་འགྲིམས་ནས་གསང་སྔགས་གཞུང་ལ་བསླབ།།





རྩོམ་སྒྲིག་པ་ཏྲེ་བོ་བསོད་ནམས།