སེམས་ཚོར་སྐྱུར་མོ། མཚན་གུང་།


དྭངས་གསལ་མཁའ་ལ་དལ་གྱིས་རྒྱུ་བའི
གསིལ་སྦྱིན་དུང་གི་ཟླ་བ་གཞོན་ནུས  
ཡིད་འཕྲོག་འོད་ཀྱི་འཛུམ་ཟེར་ངོམ་དུས
བཅོས་མིན་སྙིང་ནས་གྲོགས་ཁྱེད་དྲན་བྱུང་  

འཛུམ་ཆུང་དགོད་པའི་སྐར་ཁྱིམ་ཚོགས་ན།།
དམར་འོད་འཕྲོས་པའི་མཛེས་ལྡན་མེ་ཏོག།
ངོ་ཚའི་ཟོལ་གྱིས་འདར་འགུལ་བྱེད་དུས།།
བཅོས་མིན་སྙིང་ནས་གྲོགས་ཁྱེད་དྲན་བྱུང་།།

ཐར་ཐོར་སྤྲིན་ཚོམ་གཡོ་ཤིང་བཞུད་ལ།།
སྟོན་རླུང་འཇམ་པས་གྲང་བསིར་ཁུར་ཏེ།།
ཁེར་རྐྱང་མི་ལ་བྱམས་བྱམས་བྱེད་དུས།།
བཅོས་མིན་སྙིང་ནས་གྲོགས་ཁྱེད་དྲན་བྱུང་།།

མཚན་འཇགས་སྟུགས་པོའི་ཁུ་སིམ་བར་ན།།
སྒོ་ཁྱི་ཟུག་པའི་སྐད་སྒྲ་མཉམ་པོས།།
གྲོགས་ཁྱེད་ཡོང་བའི་སེམས་ཚོར་སློང་བ།།
བཅོས་མིན་སྙིང་ནས་གྲོགས་ཁྱེད་དྲན་བྱུང་།།

2015-10-4