བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལ་འོས་ཨེ་བླུག་ཁྱེད་ཚོས་ལྟོས།


བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་གྲོས་ཚོགས་སུ་མ་སླེབས་གོང་དུ་མི་མང་པོ་ཞིག་གིས་ཁོང་ངོ་ཤེས་ཀྱི་མེད་ལ། དེ་ལས་ཀྱང་ཁོང་གི་རང་གཤིས་དང་སྤྱི་སེམས། འགན་ཁུར་གྱི་བསམ་བློ་དང་ཀུན་སྤྱོད། རྒྱབ་ལྗོངས་སུ་དཀར་ནག་གི་རི་མོ་ཅི་ཞིག་ཡོད་མེད་སུ་ཡིས་ཀྱང་ཤེས་རྟོགས་མེད་ཁར། མཐའ་ན་བལ་ཡུལ་དོན་གཅོད་གནང་མྱོང་བའི་མི་རབས་རྒན་པའི་གྲས་ཤིག་ཡིན་པའང་ཧ་གོ་གི་མེད། སྐབས་བཅོ་ལྔ་པའི་བྱང་ཨ་རིའི་སྤྱི་འཐུས་སུ་སླེབས་ནས། གྲོགས་ཚོགས་སུ་གྲོས་འཆར་དང་ལས་རིམ་ལ་ཆ་ཤས་གང་འདྲ་ལེན་མིན་ཡང་དོ་སྣང་བྱུང་མེད་ཚོད་རེད། འོན་ཀྱང་ཕྱི་ལོ་2015ལོའི་གྲོས་ཚོགས་འཚོག་དུས་དགུ་པའི་ཐོག་ཏུ་ཁོང་ལ་དོ་སྣང་དམིགས་བསལ་ཞིག་བྱུང་ཡོད་ཅིང་། འདི་ནས་བཟུང་ཁོང་གི་གནས་ཚུལ་ཡང་ཉིན་རེ་བཞིན་ཡག་གཙོག་གཉིས་ཀ་སྤྱི་ཚོགས་སུ་ཐོན་ནས། གླེང་སློང་གི་གཞི་ཞིག་ཏུ་གྱུར་ཡོད། ཁོང་གི་སྐོར་དེ་འཇུ་ཆེན་གྱི་དཔེ་དེབ་ནང་དུ་གསལ་པོ་ཡོད་ཚུལ་བཤད་མཁན་འདུག་རུང་ངས་ནི་གང་ཡང་ཤེས་རྟོགས་མ་བྱུང་།

2015ལོའི་གྲོས་ཚོགས་འཚོག་དུས་དགུ་པའི་ཐོག་ཏུ་བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ཁོང་གིས་དོ་གལ་ཆེན་པོས་ཐོག་ནས། དཔལ་ལྡན་སྲིད་སྐྱོང་མཆོག་ལ་དོགས་འདྲི་ཞིག་ཕུལ་ཡོད། ཨ་རིའི་དོན་གཅོད་ཁང་དུ་སྲིད་སྐྱོང་གི་སྐུ་པར་དམིགས་བསལ་ཞིག་གཤམས་འདུག འདི་ལ་བཀའ་ཤག་གིས་ཤེས་རྟོགས་དང་ལམ་སྟོན་ཡོད་མིན་དྲིས་གནང་བ་རེད། དོགས་འདྲི་འདི་ལས་འཕྲོས་ཏེ། དཔལ་སྲིད་སྐྱོང་མཆོག་ལ་སྐྱོན་འཛུགས་དང་གཞི་མེད་ཀྱི་སྐད་ཆ་ཞིག་ཡང་དང་བསྐྱར་དུ་སྤྱི་ཚོགས་སུ་འཁོར་རྒྱུག་བྱེད་གཅུག་པ་མ་ཟད། མི་སྣ་རེ་འགའ་ལ་ཆེད་དུ་ཆབ་སྲིད་ཀྱི་ཟློ་གར་འཁྲབ་ཆོག་ཆོག་ཅིག་བཟོས་ཏེ། ད་བར་སྤྱི་ཚོགས་ལྷིང་འཇགས་སུ་གནས་ཐབས་མེད་པར་བཟོས་ཡོད། ཀུན་སློང་དང་དམིགས་ཡུལ་ཅི་ཞིག་ཡིན་མིན་ལ་མ་ལྟོས་པར། ཁོང་གི་དོགས་འདྲི་དེ་འདྲ་ཞིག་གནང་ཆོག་ཆོག་ཡིན་ལ། རང་གི་ལས་དོན་དང་མ་འཚམ་པ་དང་མ་འགྲིག་པ་ཞིག་མིན་པས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཚ་འདྲི་དང་བདའ་འདེད་ཅི་བྱས་རུང་ནོར་བ་ཞིག་མིན།

སྲིད་སྐྱོང་གི་འོས་བསྡུ་དང་ཁ་ཐག་ཇེ་ཉེར་སོང་བ་དང་བསྟུན། སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་གྱི་དོགས་འདྲི་དེ་ངོ་བོ་རྦད་དུ་ལོག་ཀ་ཆགས་ནས་སྤྱི་ཚོགས་སུ་གླེང་སློང་གི་འགོ་ཚུགས་ཡོད། ཨ་རིའི་དོན་གཅོད་ཁང་དུ་༸སྐུ་མདུན་གྱི་སྐུ་པར་མར་ཕབ་ནས་སྲིད་སྐྱོང་གི་སྐུ་པར་ཡར་གཤམ་ཡོད་ལུགས་ཀྱི་སྐད་ཆ་ཞིག་བཟོ་འགོ་བརྩམས་ཡོད། སྐད་ཆ་དེ་མི་རེ་འགས་ཆེད་དུ་དཀྲོགས་གཏམ་ངོ་བོར་སྒྱུར་ཐབས་བྱས་ཏེ་བཤད་ས་ཡོད་ཚད་ན་བཤད་ནས་སོང་ཡོད་ལ། མི་མང་རེ་གཉིས་ཀྱང་ཏན་ཏན་འགོ་སྐོར་འདིའི་འོག་ཏུ་ཚུད་ཡོད་པ་གཏན་ཁེལ་རེད། དངོས་དོན་ག་རེ་ཡིན་མིན། མི་མང་ནང་དུ་ཤེས་རྟོགས་ཆེད་སྲིད་སྐྱོང་གིས་ས་གནས་གང་སར་འགྲེལ་བཤད་དང་གསལ་བཤད་གང་ཐུབ་བྱས་ཏེ་མི་མང་ལ་གསལ་པོ་ཞིག་གྱུར་ཡོད་རུང་། མི་རེ་འགའི་ཁ་དེ་འགོག་ཐབས་ཤིག་རྙེད་མེད། འོས་བསྡུའི་ཆེད་དུ་དཀྲོགས་གཏམ་བཟོ་མཁན་དེ་དག་གི་ཁ་དེ་འགོག་ཐབས་གཏན་ནས་མེད་པ་ཞིག་མ་ཡིན་པར། ལས་སླ་པོའི་ཐོག་ནས་ཁོ་ཚོའི་ཁ་དེ་བཀག་ཐུབ་སྟེ། སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་གྱིས་གསལ་བཤད་ཐེངས་གཅིག་གིས་དཀྲོགས་གཏམ་འདི་ཞི་འཇམ་གཏོང་ཐུབ།

བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ཁོང་ནི་སྲིད་སྐྱོང་ལ་མ་ཉེས་ཁག་གཡོགས་བྱས་པའི་གནད་དོན་འདིའི་ཐོག་མའི་འབྱུང་རྩ་དང་དཀྲོགས་གཏམ་འདི་འདྲ་ཞིག་སྤེལ་ནས་སྤྱི་ཚོགས་ལྷིང་འཇགས་མི་ཡོང་བར་བྱེད་པའི་གནས་ཚུལ་འཚབ་ཆེན་འདི་དང་འབྲེལ་བ་ཅན་ཞིག་རེད། འོན་ཀྱང་ང་ཚོས་ཁོང་གི་གྲོས་ཚོགས་སུ་གླེང་སློང་དེ་འདྲ་བྱས་པར་མི་འདོད་པ་དང་ཚིག་པ་ཟ་བ་ཞིག་གཏན་ནས་མིན། ཧ་ཅང་བློ་ཡིད་མ་འཚིམས་ས་དང་གཏན་ནས་འཐད་པ་མ་བྱུང་བ་དེ་ནི་སྤྱི་འཐུས་ཁོས་རང་ཉིད་ཀྱི་སྐད་ཆ་ལ་བརྟེན་ནས་སྲིད་སྐྱོང་ལ་མ་ཉེས་ཁག་གཡོགས་དང་སྤྱི་ཚོགས་བརྡབ་གསིག་སོང་བ་མཐོང་བཞིན་དུ་འགན་ཁུར་ཡོད་པའི་ཐོག་ནས་གསལ་བཤད་ཅིག་གཏན་ནས་གནང་མེད་པ་འདི་རེད། ཁོང་གིས་ཁ་གསལ་ཐོག་ནས་༸སྐུ་མདུན་གྱི་སྐུ་པར་མར་ཕབ་ནས་སྲིད་སྐྱོང་གི་སྐུ་པར་ཡར་གཤམ་པ་ཞིག་བྱུང་མེད་ལུགས་དང་དེ་སྔར་གྲོས་ཚོགས་སུ་གླེང་སློང་ངོ་མ་ཅི་བྱས་མིན་བདེན་པ་བདེན་རྐྱང་ཞིག་བཤད་ཡོད་ཚེ། སྤྱི་ཚོགས་བརྡབ་གསིག་དང་དོན་མེད་དཀྲོགས་གཏམ་དེ་ཚོ་ནམ་ཡང་ཁྱབ་སྤེལ་འགྲོ་མི་ཐུབ་པ་བྱུང་ཡོད་མོད། ཁོང་གིས་ལྟད་མོ་བལྟས་ནས་བཞུགས་བཞིན་པ་ལས་ཅི་ཡང་མཛད་མ་སོང་།

ང་ཚོས་གནད་དོན་འདིའི་ཐོག་ནས་དཔྱད་ནའང་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ཁོང་འགན་ཁུར་ཅན་ཞིག་དང་སྤྱི་བསམ་ཅན། དྲང་བཞག་གནང་མཁན་ཞིག་དང་། ཡ་རབས་ཀུན་སྤྱོད་ལྡན་པ་ཞིག་ཡིན་མིན་གསལ་པོར་མཐོང་ཡོད་སྟབས། དེའི་ཐོག་ནས་རང་གི་འོས་ཤོག་དེ་ཁོང་ལ་འཕངས་ནས་སླར་ཡང་ཁོང་སྐབས་བཅུ་དྲུག་པའི་བྱང་ཨ་རིའི་སྤྱི་འཐུས་སུ་ཨེ་བཞག་ཁྱེད་ཅག་གིས་བསམ་བློ་ཞིབ་ཚགས་གཏོང་དགོས།  གནས་ཚུལ་འདི་འདྲ་ཡོད་མུས་ཐོག་ཏུ་ད་དུང་དོ་སྣང་དང་ཕྱོགས་ཡོངས་ཀྱི་གནས་ཚུལ་མ་ཤེས་མ་རྟོགས་པར་མི་རེ་གཉིས་ལ་གོ་སྐབས་བསྐྱར་འབུལ་ཡང་འབུལ་བྱས་སྡོད་ན་གྲོས་ཚོགས་ཀྱི་བརྗིད་ཉམས་ཤོར་བ་ཙམ་མ་ཟད། གྲོས་ཚོགས་རྭ་བ་དེ་ནང་འཁྲུགས་གི་གཡུལ་ས་ལྟ་བུར་ཆགས་རྒྱུའི་མཐུན་རྐྱེན་སྐྲུན་མི་སྲིད་པ་མ་རེད་སྙམ། སྐབས་དེ་དུས་རང་ཉིད་ཀྱི་གདམ་ཁ་དེ་དང་རང་གི་འོས་ཤོག་དེས་བཙན་བྱོལ་སྒྲིག་འཛུགས་ཀྱི་རྐ་བ་གཅིག་ས་ལ་འགྱེལ་དགོས་པར་བཟོས་པའི་ནག་ཉེས་ཤིག་ཁུར་དགོས་ཐུག་པའང་གཡོལ་དུ་མེད་སྟབས། ནག་ཉེས་ཆེན་པོ་འདི་འདྲ་ཞིག་ཁུར་ཨེ་འདོད་རང་རང་གིས་བསམ་བློ་བཏང་སྟེ་འོས་ཤོག་འཕེན་ས་མ་ནོར་བར་བྱེད་དགོས་སོ།།

2016-3-14
Powered by Blogger.