སྐྱེལ་མ་དང་མི་སྐད།


ཇ་འཐུང་ཉོ་བྱེད་དངུལ་དམར་སྤྲོད་རྒྱུ་མེད།།
གྲྭ་རྐྱང་ཅང་མེད་ཁས་འབྱོར་ཁྱེད་ཀྱིས་ཤེས།
འཛུམ་དཀར་སོ་སྟོན་ཡག་མོ་འཁྲབ་རྒྱུ་མེད།།
ཁ་ཞེན་ཟོལ་བཅོས་འཇོན་ཐང་ཁྱེད་ཀྱིས་ཤེས།།

དགའ་ན་སྐྱིད་པའི་འཕག་འཚབ་བརྒྱག་མྱོང་མེད།།
སྡུག་ན་མུག་གི་ཡིད་ཆད་སླེབས་མྱོང་མེད།།
དགའ་སྡུག་འགྱུར་ཚོར་སྐྱེན་པོའི་རྣམ་འགྱུར་དེ།།
ངེད་ཀྱི་ལུས་སེམས་གང་ནས་ཐོན་མ་ཤེས།།

མཚམས་རེ་གཅེས་པའི་ཟོལ་གྱིས་ལུས་ལ་འཐོམ།།
ལན་རེ་སྡང་བའི་ཚུལ་གྱིས་རྒྱང་དུ་བྲོས།།
དབྱར་གནམ་སྤྲིན་ཕུང་གཡོ་ལུགས་དེ་འདྲ་བ།།
ནན་གྱིས་བྱེད་ཀྱང་ཡོང་ཐབས་མི་འདུག་ལགས།།

ཁམས་པའི་མི་ལ་ཞེ་སའི་ཚིག་བརྗོད་མེད།།
གུས་ཞུམ་ལུས་སྒུར་ཉམ་ཆུང་ཟོལ་འཁྲབ་མེད།།
བདེན་གཏམ་ཅི་བསམ་ཁ་ཁོག་ཟུར་འཐེན་མེད།།
འདྲ་ཆགས་ཟོག་པའི་མི་ཞིག་བྱེད་མ་ཤེས།།

ཁྲོ་ན་གདོང་ནས་འཁྲོས་ཚུལ་གསལ་ལེ་མངོན།
མ་དགའ་ཁ་ནས་མི་སྙན་ཚིག་ངན་སྐྱུགས།།
དུང་ན་ཤ་ཉེ་ཟེར་བཞིན་ཁུར་ཚུར་བསྣུན།།
ང་གཙོས་ཁམས་པའི་རྣམ་འགྱུར་གསལ་པོ་ཡིན།།

གྲོགས་ཆེད་ཤི་རྒྱུ་མི་སྐྲགས་གཤིས་སུ་ཡོད།།
མནའ་བཞག་སྤུན་ལ་མི་འགལ་རུས་རྐང་ཡོད།།
ཁྱིམ་ཉེ་བྱམས་པས་སྐྱོང་ལུགས་གོམས་ནས་ཡོད།།
ཕྱི་ནང་དགྲ་བོ་མི་འཇོག་བློ་སྤོབས་ཡོད།།

བླ་མ་དཀོན་མཆོག་གཙུག་གི་རལ་པས་གཏུགས།།
དགྲ་ལྷ་གཤེད་མ་དཔུང་གཉེན་གྲོགས་སུ་བསྟེན།།
ཤ་ཉེ་གྲོགས་པོར་སྐྱིད་སྡུག་རེ་བཅོལ་བྱེད།།
གྲོང་པ་ཁྱིམ་མཚིས་བློ་འདོན་གྲོས་ཀྱིས་འཛིན།།

མི་གཟའ་མནའ་ལ་ཡིད་ཆོས་དམ་པོར་བཟུང་།།
ཉེ་འབྲེལ་རྐུ་ཇག་མི་ཐེབས་ནན་ནན་བྱས།།
རུས་འབྲེལ་གནའ་མ་ལེན་དབྱེ་མཚམས་ཕྱེས།།
དགྲ་གཉེན་བར་མ་གསུམ་ལ་ལྟ་ཚུལ་ཡོད།།

གྲི་རྣོ་སྐེད་པ་མི་གཟར་འགྲོ་ལུགས་མེད།།
དགྲ་ལྷ་ཀི་གསང་མ་འཐེན་རྒྱུགས་ལུགས་མེད།།
འཛིང་ན་མདུན་ཤར་མ་གཏོགས་ཕྱི་ནུབ་མེད།།
ཤི་ལ་སྔ་ཕྱི་མ་གཏོགས་སྐྲག་སྣང་མེད།།

ལུས་ཆེ་སྟོབས་འཛོམས་དཔའ་བོའི་ཉམས་རེ་ཡོད།།
ཁ་སྣ་ཆེ་རྫིགས་ཕོ་ཉམས་ཁྲིགས་སེ་ཡོད།།
འགྲོ་འདུག་གོམ་ཆེན་སྤོ་ལ་འཇིགས་སེ་ཡོད།།
ཁམས་པའི་ཕོ་རྒོད་ཟེར་དུས་སྐྲག་མོ་གདའ།།

བཞོན་རྟ་ག་འགྲོ་ཁྲིད་པའི་ཕོ་གཤིས་ཡོད།།
མེ་མདའ་རྒྱལ་ནས་ཁུར་བའི་དམག་གཤིས་ཡོད།།
གྲི་རིང་སྐེད་པར་གཟར་བའི་དཔའ་གཤིས་ཡོད།།
བཟའ་གྲི་བློ་གཡས་དཔྱང་པའི་མི་གཤིས་ཡོད།།

གྲོས་ཐག་ཕོ་ཡིས་གཅོད་པའི་ལམ་ལུགས་ཡོད།།
མང་འདུས་གྲོས་ཁ་བསྡུ་བའི་བློ་བཤང་ཡོད།།
རྒན་པོའི་ཁ་ཏ་ཉན་པའི་གུས་སྲོལ་ཡོད།།
མི་རྒན་གཡང་ལ་བརྩི་བའི་སྲོལ་བཟང་ཡོད།།

ཤ་རློན་ཁྲག་དམར་སྤྱོད་པའི་བོད་གཤིས་འཛོམས།།
རྩམ་ཟ་མར་ཁུ་འཐུང་བའི་བོད་ཟས་འཛོམས།།
ཕྱུ་པ་དཔག་ཚགས་གྱོན་པའི་བོད་གོས་འཛོམས།།
ཡབ་རྗེ་བཙན་པོའི་ཕོ་གཤིས་གསལ་ལེ་འཛོམས།།

ཆོས་སྦྱིན་གཏོང་ཕོད་སེར་སྣ་བྱེད་མི་ཤེས།།
དམ་ཆོས་བདུད་རྩི་མ་མྱོང་སྡོད་མི་ཤེས།།
སྐྱབས་གནས་དགེ་འདུན་མ་དྲངས་འཚོག་མི་ཤེས།།
ཆོས་སྡེ་ཐབས་ཀྱིས་མ་སྐྱོང་འཇོག་མི་ཤེས།།


2015-5-10