སྨྱོན་པའི་སྣང་བ་དགུང་ལས་མཐོ། འཕུང་རྒན་བྱེད་རྒྱུ་གཞན་ལས་མང་།



དེང་རི་ཤེལ་དཀར་པ་སངས་དོན་གྲུབ་པས།

བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་གིས་ཨ་རི་རླུང་འཕྲིན་ཁང་གིས་གོ་སྒྲིག་བྱས་པའི་སྲིང་སྐྱོང་འོས་མི་བར་གྱི་བགྲོ་གླེང་མ་བྱས་པའི་སྔ་ཉིན་ཏག་ཏག་ལ་གློ་བུ་དུ་རྒྱུད་རིམ་གང་ཡང་མེད་པར་སྲིད་སྐྱོང་གི་ཁྱིམ་ནང་ཕྱིན་ནས་ང་བཀའ་བློན་ནས་དགོས་པ་ཞུ་རྒྱུ་ཡིན་ང་རང་ད་ལྟ་འགྲོ་བཞིན་པའི་འོས་བསྡུའི་ནང་ཆ་ཤས་ལེན་འདོད་ཡོད།   ང་རང་ད་ལྟའི་འོས་བསྡུ་ལས་རིམ་འགྲོ་བཞིན་པ་འདི་ལ་བློ་ཕམ་ཡོང་གི་འདུག་ལ་ང་ཚོའི་མདུན་དུ་ལྷག་པའི་དཀའ་ངལ་མང་དག་གཅིག་ལ་གདོང་གཏད་དགོས་འདུག་པས།   བཀའ་བློན་ལས་ཐོག་ཡིན་ན་ཡོང་གི་མི་འདུག་ཅེས་སྲིད་སྐྱོང་ལ་ཞུས་འདུག།    
བསྒྲགས་གཏམ་ཡི་གེ་ཞིག་ཀྱང་ཕུལ་བ་རེད་ལ་དེའི་ནང་འགོ་ཐོག་མ་ནས་བློ་ཕམ་གྱི་སྒོ་ནས་ཞེས་བྲིས་འདུག།    དེ་ནས་བཟུང་སྤྱི་ཚོགས་སུ་གསལ་ལ་མི་གསལ་གྱི་གསལ་བཤད་དེས་གླེང་གཞི་དང་རྙོག་གླེང་ཆེན་པོ་གྱུར་ནས་མི་མང་པོས་ཁོ་མོ་ནིོ་མདོ་སྨད་ཆོལ་ཁ་ཡིོན་པས་ཆོལ་ཞེན་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱས་པ་རེད་ཟེར།  འགའ་ཤས་ཀྱིས་མདོ་སྨད་དབུས་རྒྱུན་གྱིས་གནོད་ཤུགས་སྤྲད་ནས་དེ་ལྟར་གནང་དགོས་ཆགས་པ་རེད་ཟེར།   དགྲ་བོ་རྒྱ་ནག་གིས་ཀྱང་རྡ་རམ་ས་ཡི་ཁྲིམས་མཐུན་མིན་པའི་བཀའ་ཤག་རྫུན་མ་དེ་མཐོར་གྲབ་ཡོད་པ་དང་དེའི་མངོན་རྟགས་གསལ་ཤོས་ནི་བཀའ་བློན་ཞིག་དུས་མིན་དགོངས་ཞུ་བྱས་པ་འདིས་ནང་དཀྲུག་ཆེན་པོ་ཤོར་ཀྱི་ཡོད་པ་གསལ་སྟོན་བྱས་པ་རེད་བཅས་བཤད་ཡོད།       གང་ལྟར་མི་མང་ཆེ་བ་ཞིག་ལ་དོགས་པ་སྣ་ཚོགས་བཟོས་ཡོད།   ཆབ་སྲིོད་པ་ཁག་གཅིག་གིས་འདི་ཆེད་དུ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཟིང་སློང་བའི་ཆེད་དུ་གསལ་བཤད་ཁ་གསལ་གཏིང་གསལ་མ་བྱས་པ་རེད།   འདི་ལྟར་བྱས་ན་ཆེད་དུ་ཟིང་སློང་སྡོད་མཁན་གྱི་འོས་མི་དང་དེའི་རྒྱབ་སྐྱོར་བ་དག་གི་འདོད་ཐོག་ལ་འགྲོ་བཞིན་ཡོད་པས།  འདི་ནི་ཆེད་བཟོས་བྱས་པའི་ཆབ་སྲིད་གཅིག་རེད་ཟེར།    གང་ལྟར་ལབ་གླེང་སྣ་ཚོགས་བྱས་བྱས་པའི་མཐར་གསར་འགྱུར་རྒྱུད་ལམ་དང་སྒེར་གྱི་གསལ་བཤད་དང་བསམ་འཆར་སོགས་ཅི་ཡང་གོ་མེད་ཚོར་མེད་དུ་གྱུར་ནས་རེ་ཞིག་འཇམ་ཅག་གེ་ཆགས་ཟིན་པའི་སྐབས་ཤིག་ལ།    སང་ཉིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་བྱས་པའི་སྲིད་སྐྱོང་བགྲོ་གླེང་རེད་ཅེས་བཤད་བཞིན་པའི་སྐབས་དེ་རང་ལ།   ཡང་སྐྱར་བསྒྲགས་གཏམ་ཞིག་སྤེལ་འདུག།    དེའི་ནང་འགོ་ནས་༸སྐུ་མདུན་ལ་ཆེ་བསྟོད་དང་རང་ཉིད་དགོངས་ཞུ་བྱས་པ་དེ་སྒེར་དོན་སྤང་ནས་སྤྱི་དོན་ཡིན་རབས་དང་།      རྩ་དགོངས་ཞུས་པ་དེ་སུས་ཀྱང་གནོད་ཤུགས་མིན་རབས་སོགས་བཤད་ཡོད་ལ།    དེ་ནས་གཤམ་ལ་སྲིད་སྐྱོང་འོས་མི་ལ་ཚང་དགོས་པའི་ཆ་རྐྱེན་ཡིན་ཟེར་བའི་བདེ་སྐྱིད་ཆོས་དབྱངས་ཁོ་རང་སྒེར་གྱི་བསལ་ཚུལ་དོན་ཚན་དགུ་བཀོད་འདུག།  དེ་དག་ནི་མདོར་བསྡུས་ནས་བཀོད་ན།
()ཐུན་མོང་གི་ཁེ་ཕན་ལ་ནུས་ཤུགས་འདོན་མཁན་ཡིན་དགོས་པ། ()ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག།  ()ཟོལ་མེད་ཡིན་པ་ཞིག།  ()ལས་དོན་མཉམ་རུབ་སྒྲུབ་མཁན།  ()ཕྱིའི་མཐོང་སྣང་དོན་དངོས་རྩ་ཆེན་བརྩི་མཁན།   ()གཞན་ལ་བརྩི་བཀུར་ཡོད་མཁན། ()ཁེངས་སྐྱུང་མཁན། ()གདེངས་ཚོད་ཡོད་མཁན།  ()ཆོལ་ཁའི་ཕྱོགས་ཞེན་ལས་རྒལ་བ།   ཞེས་འདི་དག་རེད།  འདི་དག་ལ་བལྟས་ན་ཡིན་དང་ཡིན།  སྲིད་སྐྱོང་ཞིག་ལ་ངེས་པར་དུ་དེ་དག་ཚང་དགོས་དང་དགོས་བསམ་པ་ཞིག་ཡོད།   དེའི་མཇུག་ལ་ད་དུང་དོན་གནད་མཐའ་མ་ལ་གསལ་ཁ་སྟོན་ནས་འདས་པའི་དུས་དང་སྡུར་ན་ཡར་རྒྱས་ཕྱིན་ཡོད་ཀྱང་ད་ལྟ་སྤེལ་བཞིན་པའི་འོས་འདེམས་འདི་ལ་ཆོལ་ཁའི་ཕྱོགས་ཞེན་ཤུགས་ཆེན་པོར་ཐོན་ཡོད།    འདི་ནི་གཏོེར་བཤིག་ཅན་ཞིག་ཡིན།    ཕྲུ་གུ་ཚོ་ལ་འོས་ཤོག་འཕེན་སྐབས་ཆོལ་ཁའི་ངོས་ནས་མི་འཕེན་པར་བསླབ་བྱ་རྒྱག་དགོས་།ཞེས་སྙན་པོ་རིང་པོ་ཞེ་དྲག་བཤད་ཡོད།  སྐབས་འདི་ནས་མི་མང་གིས་ཨོ།     བདེ་སྐྱིད་ཆོས་དབྱངས་གིས་སྐད་ཆ་བཤད་སྟངས་ལ་བལྟས་ན་ཁོས་སྲིད་སྐྱོང་བློ་བཟང་ངེས་གེ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་བསམ་བསམ་བཟོས་ཡོད།  གང་ཡིན་ཟེར་ན་འོས་ཆོས་དེ་ཡོངས་རྫོགས་སྲིད་སྐྱོང་ལས་ཐོག་བློ་བཟང་ངེས་གེ་ལ་ཏག་ཏག་ཚང་ཡོད་ལ།    སྤྱི་ཚོགས་ནང་ཆོལ་ཁའི་ཕྱོགས་ཞེན་ཤུགས་ཆེ་བཞིན་པའི་སྐབས་རེད་ལ།  དེ་ཡང་མདོ་སྨད་དབུས་རྒྱུན་དང་།  དབུས་གཙང་དབུས་རྒྱུན་ཡིན་ཟེར་བའི་མི་འགའ་ཤས་དང་།  མངའ་རིའི་དབུས་རྒྱུན་ཡིན་ཟེར་བའི་མི་འགའ་ཤས་ཀྱིས་རང་ཁོངས་ཀྱི་མི་མང་ལ་ངེས་པར་དུ་ཐེངས་འདིའི་སྲིད་སྐྱོང་དེ་སྤེན་པ་ཚེ་རིང་བླུག་དགོས་རེད་གདའ།  ཞེས་བཀའ་གཏོང་བཞིན་པའི་སྐབས་རེད་ལ།    ཁག་གཅིག་གིས་དབུས་དང་ཁམས་གཉིས་ཀྱི་སྔོན་གྱི་ཉ་ཚ་རྙིང་པ་དྲི་ངན་སོབ་སོབ་དེ་འདྲ་མང་པོ་ཞིག་ས་འོག་དོང་ནས་ཡར་དྲུས་ནས་གཞོན་སྐྱེས་ཚོའི་མདུན་ལ་བཤམ་བཞིན་པའི་སྐབས་འདིར།    མདོ་སྟོད་ཆོལ་ཁའི་མིང་ཐོག་ནས་འོས་མི་ཙམ་ཡང་མིང་འདོན་གནང་མེད་ལ་མདོ་སྟོད་ཀྱི་ཚོགས་པ་སྐྱིད་སྡུག་རྐང་གཅིག་གིས་ཀྱང་ལས་འགུལ་དང་དྲི་བསྒྲགས་སོགས་ཅི་ཡང་བྱས་མེད།  མ་ཟད་སྲིད་སྐྱོང་བློ་བཟང་སེང་གེའི་རྒྱབ་སྐྱོར་ཚོགས་པའི་ནང་ལ་ནི་མདོ་དབུས་ཁམས་གསུམ་གྱི་མི་ཡོད་ལ་ད་དུང་ངོ་སྤྲོད་དང་ལས་རིམ་སོགས་མདོར་ན་ས་གནས་ཁག་ལ་གོ་སྒྲིག་བྱེད་མཁན་ནི་དབུས་གཙང་གཞོན་སྐྱེན་ཧ་ཅང་མང་པོ་ཡོདཔ་ནི་ཀུན་གསལ་རེད།   མ་ཟད་སྔོན་འགྲོའི་སྐབས་རྒྱ་ཆེ་མང་ཚོགས་ཀྱིས་འོས་གྲངས་ཚད་མཐོན་པོ་འདི་འདྲ་ཞིག་འཕེན་ཡོད་དུས་ལུང་ཞེན་བྱེད་ཐབས་ཤིག་གཏན་ནས་ཡོད་པ་མ་རེད།   སྔོན་འགྲོའི་འོས་གྲངས་ཐོག་ནས་བསམ་བློ་གཏང་ན་ཡང་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་གཞི་ཡིས་རྒྱབ་སྐྱོར་ཧ་ཅང་ཚད་མཐོན་པོ་བྱས་ཡོད་མེད་ཧ་ཅང་གསལ་པོ་རེད།   གནས་ཚུལ་འདི་དག་ལ་བལྟས་ཡོང་དུས་མི་མང་གིས་བདེ་སྐྱིད་ཆོས་དབྱངས་འདི་ཆོལ་ཁའི་ཞེན་ཁོག་མེད་པ་དྲང་བདེན་དང་བདེན་པའི་ཆེད་དུ་ལངས་ནས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་པ་དེ་ཧ་ཅང་ཡག་པོ་བྱུང་སོང་།  འདིས་ད་ལྟ་ཆོལ་ཞེན་རིང་ལུགས་པ་རྣམས་ལ་གོ་བརྡ་ཞིག་སྤྲད་སོང་ལ་ལྷག་པར་དུ་རྒྱ་ནག་གཞུང་གི་མི་བདེན་རྫུན་སྒྲིག་དེ་ལ་ཡང་ལན་འདེབས་ཚ་པོ་ཞིག་གནང་སོང་སྙམ་ནས་གླེང་སློང་དང་བསྔགས་བརྗོད་བྱེད་བཞིན་པའི་སྐབས་དེར།

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་བཅར་འདྲིའི་སྐབས་སུ་གཞན་རྣམས་དམིགས་བསལ་གསལ་ཁ་གང་ཡང་བྱས་མ་སོང་ཡང་།   མཐའ་མར་ཁྱོད་རང་གིས་དོན་ཚན་དེ་དག་འོས་མི་གཉིས་སུ་ལ་ཚང་ཡོད་སུ་ལ་ཚང་མེད་གསལ་པོ་ཞིག་གསུང་རོགས་ཞེས་དྲིས་སྐབས།    ངའི་འོས་དེ་སྤེན་པ་ཚེ་རིང་ལ་བླུག་གི་ཡིན་ཞེས་བཤད་པ་རེད།    སྐད་ཆ་འདིས་ཁོ་མོས་སྤྱི་དོན་རང་ལ་བསམ་བློ་བཏང་པ་ཡིན་རབས་དང་།   ཆོལ་ཞེན་བྱ་རྒྱུ་མེད་རབས་དང་།  ད་ལྟའི་འོས་སྡུར་སྐབས་འདིར་ཆོལ་ཁའི་ཞེན་ཁོག་ཤུགས་ཆེན་པོ་ཡོང་གི་འདུག་པས་འདི་ཡག་པོ་མིན་རབས་སོགས་བཤད་པ་མཐའ་དག་ལ་ཁ་ཙམ་གྱི་སྐད་ཆ་ཡིན་པ་ལས།    སེམས་གཏིང་གི་སྐད་ཆ་མིན་པ་ར་སྤྲོད་གསལ་པོ་བྱས་ཡོད།

 དེ་ནས་ང་ཚོ་ལ་རང་བཞིན་གྱིས་དྲི་བ་ཞིག་ཡོང་བ་ནི་བདེ་སྐྱིད་ཆོས་དབྱངས་གིས་ཁ་སྙན་སྙན་བྱས་ནས་སྤྱི་དོན་ཡིན་ཁུལ་གྱི་བཤད་པའི་དོན་ཚན་དགུ་དེ་ལ་བསམ་བློ་ཞིག་བཏང་དགོས།    ཁོ་མོི་དངོས་སུ་བཀའ་བློན་ནས་དགོངས་ཞུ་བྱས་པའི་དགོས་པ་ནི་འོས་འགྲན་ནང་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པས།    དོན་ཚན་དེ་དག་བློ་བཟང་སེང་གེ་ལ་ག་རེ་ཚང་མི་འདུག་སྤེན་པ་ཚེ་རིང་ལ་གང་ཞིག་ཚང་འདུག།  མི་མང་ལ་ཁ གསལ་གཏིང་གསལ་གྱི་འགྲེལ་བཤད་བྱེད་དགོས་པ་དང་།   དེ་ཡང་མི་ཚང་བའི་རྒྱུ་མཚན་འདི་དང་འདི་ཞེས་ར་སྤྲོད་གསལ་པོ་དང་དཔང་རྟགས་ཁུངས་ལྡན་ཡོད་པའི་ཐོག་ནས་མི་མང་ཡིད་ཆེས་པ་དང་སྤྱི་ཚོགས་ལ་འགན་ཁུར་བ་ནི་སྐབས་སུ་བབ་ཡོད་མོད།    ཨ་རི་རླུང་འཕྲིན་ཁང་གི་གསར་འགོད་པ་རྣམ་རྒྱལ་ལགས་ཀྱིས་བདེ་སྐྱིད་ཆོས་དབྱངས་གྱི་དོན་ཚན་དགུ་པོ་རེ་རེ་བཞིན་རྒྱུ་མ་ཕུགས་འདེད་བྱས་ནས་གསལ་བཤད་དང་ཁུངས་ལུང་དཔང་རྟགས་བཅས་གསུང་རོགས་ཞེས་བཅར་འདྲི་གནང་སོང་མོད།   ཁོ་མོ་ལ་གསལ་བཤད་དང་དཔང་རྟགས་སོགས་སྣེ་གཅིག་སྟོན་རྒྱུ་མེད་པ་ནི་བརྙན་ཐུང་དེ་གཟིགས་ཡོད་ན་གསལ་པོ་རེད།    ད་འོ་ན་ཅི་ཡིན་འདི་ཡིན་མེད་པའི་དོན་ཚན་དགུ།   ལས་ཐོག་སྲིད་སྐྱོང་ལ་མི་ཚང་བའི་རྒྱུ་མཚན་གསལ་པོ་ཞིག་མོ་རང་ལ་ཡང་བཤད་ཡ་མེད་པ།    ཚོགས་གཙོ་ལ་ཚང་བའི་ཁུངས་ལུང་དང་བདེན་དཔང་རྒྱུ་མཚན་སོགས་གང་ཡང་མེད་པའི་གཏམ་བཤད་འདི་དག་མཐོང་ཡོང་དུས།   མཚམས་འདི་ནས་ང་ཚོས་བདེ་སྐྱིད་ཆོས་དབྱངས་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་གསལ་པོ་ངོ་འཕྲོད་ཡོད་ལ་རྒྱུས་ལོན་ཡོད།     ཁོང་ནི་ཞེན་ཁོག་གི་དུག་ཆུ་སློག་སློག་ཏུ་ཁོལ་བའི་ནང་ཚུད་ཟིན་པ་དང་།  ཆོལ་ཁའི་གནོད་ཤུགས་ཀྱི་གཉའ་ཤིང་གིས་གནོན་ཟིན་པར་ངོས་ཟིན་ཡོད།    ཁོ་མོས་ཞེན་ཁོང་མེ་འབར་བའི་སྤྱི་ཚོགས་འདིའི་ནང་མེ་ཐོག་སྣུམ་བླུག་བྱས་ཡོད།     རྒྱ་གུང་ཁྲན་ལ་དགོས་པའི་དོན་དག་དེ་ཏག་ཏག་སྒྲུབ་ཡོད།   རྒྱ་གུང་ཁྲན་གྱིས་བོད་མིའི་སྒྲིག་འཛུག་ལ་སྐྱོན་བརྗོད་བྱས་པ་དེ་ལ་དཔང་རྟགས་དང་བདེན་དཔང་བྱས་ཡོད།     འདི་ནི་ཁོ་མོའི་ངོ་གདོང་དེ་རེད་ལ།    བསྡོམས་བརྒྱབ་ན་ཁ་དཔེ་ལ། ཁྱི་ངན་ཐོག་ཁར་བཞག་ན་གནམ་གྱི་སྐར་མ་ལ་རྨུག་ཟེར་བ་དེ་རེད།


འདི་ནས་ང་ཚོས་འདས་དོན་ལ་བསྐྱར་ཞིབ་ཞིག་བྱས་ན།    བདེ་སྐྱིད་ཆོས་དབྱངས་ཟེར་བའི་མིང་དེ་ཐོག་མ་བཙན་བྱོལ་ནང་གོ་ཡོང་བ་ནི་ད་ལྟའི་སྲིང་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་ཁོང་བཀའ་བློན་སྐོས་པ་ནས་བཟུང་བཙན་བྱོལ་ནང་མིང་གོ་རྒྱུ་ཡོད་ཙམ་ཞིག་ཆགས་པ་ལས་དེའི་སྔོན་ལ་གོ་རྒྱུ་གྲགས་རྒྱུ་ཡོད་པ་ཞིག་མ་རེད།     ལོ་བཞི་ལྷག་ཙམ་གྱི་རིང་ལ་གྲོས་ཚོགས་ནང་དྲི་བ་ལ་ལན་འདེབས་སོགས་གང་འདྲ་བྱས་ཡོད་མེད་ངས་བཤད་མི་དགོས་པ་གྲོས་ཚོགས་ཀྱི་ལས་རིམ་གཟིགས་མཁན་ཞིག་ཡིན་ན་ཧ་ཅང་གསལ་པོ་ཡིན་ཏེ།    བོད་སྐད་དག་ལ་མ་དག་དེས་འགྲེལ་བཤད་གསལ་ལ་མ་གསལ་རྐྱང་རྐྱང་བརྒྱབ་ནས་སྲིད་སྐྱོང་དང་ལས་རོགས་བཀའ་བློན་རྣམས་ལ་ཡང་མཛད་དཀའ་མང་པོ་བཟོས་ཡོད།    མ་ཟད་ཁོ་མོ་བཀའ་བློན་ལ་སླེབས་ནས་ཡུན་རིང་མ་འགོར་བར་སྤྱི་དངུལ་བཏང་ནས་ཁ་པར་སྒོར་འབུམ་བཅུ་གསུམ་བྱས་པ་ཞིག་ཉོས་པ་རེད།   འདི་ལ་བསམ་ན་ཡང་ཁོ་མོ་ནི་འདོད་རྔམ་ཆེ་བའི་མི་ཞིག་ཡིན་པ་དང་བཀའ་བློན་ལ་སླེབས་དུས་རང་བཙན་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་སྲིད་འཛིན་ཞིག་གི་རྣམ་པ་སྟོན་རྒྱུ་ཙམ་གྱི་ཆེ་རློམ་ཡོད་པ་གསལ་པོ་རེད།   ཡིན་ན་ཡང་ལས་རོགས་བཀའ་བློན་ཞིག་གི་འདོད་པ་དང་དགོས་མཁོ་ཡང་ཅུང་ཙམ་ཡོད་དུས་སྲིད་སྐྱོང་གིས་ཀྱང་རྒྱབ་སྐྱོར་མ་བྱས་ན་ལས་དོན་ཆེན་པོའི་རིགས་ལ་གནོད་སྐྱོན་བཟོ་སྲིད་སྙམ་ནས་བཀའ་ཁྲོལ་མ་གནང་རང་གནང་ཆགས་པ་་འདྲ།   གནད་དོན་གཞན་པ་ཞིག་ནི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་བཀའ་ཤག་ལ་སྐྱོན་འཛུག་མང་ཆེ་བ་ཕྱི་དྲིལ་ལྷན་ཁང་ལ་ཁ་གཏད་ཡོད།    འདིས་ཀྱང་གནད་དོན་ཞིག་གསལ་སྟོན་བྱས་འདུག་སྟེ་ཁོང་གཉིས་སྙིང་གཏལ་རྒྱུན་དུ་བཤད་ས་ཞིོག་ཡིན་པ་དང་།  ཚོགས་གཙོ་སྤེན་པ་ཚེ་རིང་ནི་འདི་ལོར་སྲིད་སྐྱོང་འོས་མི་ལངས་རྒྱུ་ཡིན་པ་ལོ་བཞིའི་སྔོན་ནས་གྲ་སྒྲིག་བྱས་ཡོད་ལ།   དེའི་དགོས་མཁོ་དང་དངོས་སུ་འོས་འགྲན་སྐབས་སྲིད་སྐྱོང་ལས་ཐོག་ལ་སྐྱོན་འཛུག་བྱ་རྒྱུ་འཚོལ་བསྡུ་ལོ་བཞིའི་སྔོན་ནས་བྱེད་བཞིན་པ་ཡིན།   ཕྱི་ནས་སྐྱོན་བརྗོད་བྱེད་མཁན་ཤར་ཕྱོགས་ཁུག་རྟ་ཟེར་བའི་མདོ་སྨད་པ་དེ་དང་།  ནང་ནས་མཁོ་འདོན་བྱེད་མཁན་བདེ་སྐྱིད་ཆོས་དབྱངས་ཡིན་པ་གསལ་པོ་རེད།    ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་སྲིད་སྐྱོད་ལ་སྐྱོན་བརྗོད་བྱས་པའི་དེབ་གཅིག་ཆེད་རྩོམ་བྱས་ནས་དབུ་འབྱེད་ཚོགས་གཙོ་སྤེན་པ་ཚེ་རིང་རང་གིས་བྱས་ཡོད།      འདི་འདྲ་ཕྱི་ནང་གཉིས་ནས་ལོ་བཞི་ལྷག་ཙན་སྐྱོན་བཙལ་ཀྱང་གནད་དོན་གླེང་རིན་ཡོད་པ་རྐང་གཅིག་མ་རྙེད་པ་ནི་ད་ལྟའི་བཀའ་ཤག་གི་གཟི་བརྗིད་རེད་ལ།  ད་ལྟའི་སྲིད་སྐྱོང་གི་འཇོན་ཐང་དང་རྣམ་དཔྱོད་རེད།    འདི་ང་ཚོ་བོད་མི་ཡོངས་ཀྱི་གཟི་བརྗིད་རེད།    ང་ཚོས་དུས་རྟག་ཏུ་ཕྱི་གསལ་ནང་གསལ་ཡིན་ཞེས་པ་འདི་ལ་བརྡ་ལན་དོན་དངོས་ནས་སྤྲད་བྱས་ཡོད།  

གནད་དོན་ཞིག་གླེང་གཞི་ཆེན་པོ་འགྲོ་བཞིན་པ་ནི་དུས་འཁོར་དབང་ཆེན་སྐོར་རེད།  འདི་སྲིད་སྐྱོང་འོས་འགྲན་སྐབས་གླེང་བྱ་ཞིག་མིན་ན་ཡང་སྐུ་ངོ་སྤེན་པ་ཚེ་རིང་གིས་གནད་དོན་འདི་འདྲ་ཞིག་ལ་ལག་པ་མ་འཆངས་ན་གཞན་འཆངས་ས་ཞིག་གཏན་ནས་རག་གི་མེད།   འདི་ལ་འཇུས་ནས་སྲིད་སྐྱོད་ནག་པོ་བཟོ་དགོས་བསམ་ཡོད་ལ།    དེ་ཡང་བམ་རིམ་སྒྲིག་ནས་ཆེད་དུ་དེའི་སྐོར་གླེང་སློང་བྱས་པ་ཞིག་ལས་བགྲོ་གླེང་སྐབས་གློ་བུ་དུ་དྲི་བ་བྱུང་ནས་བཤད་ཤོར་སོང་བ་ཞིག་གཏན་ནས་མ་རེད།   རྒྱུ་མཚན་ནི་གནད་དོན་འདི་ཐོག་མར་དྲྭ་ཐོག་སྤེལ་མཁན་ནི་སྐུ་ངོ་སྤེན་པ་ཚེ་རིང་གི་དྲུང་ཡིག་ཤར་ཕྱོགས་ཁུག་རྟ་ལགས་རེད།     གནད་དོན་འདི་ལ་འཇུས་ནས་མདོ་སྟོད་ནང་འགལ་བཟོ་ཐུབ་པའི་རེ་བ་ཡོད་ལ།  འདི་ནས་འཇུས་ནས་བློ་སེང་ནག་པོ་བཟོ་ཐུག་པའི་རེ་བ་ཡང་ཡོད།   མ་ཟད་འདིས་མི་མང་ཡང་རྣམ་བར་འགྲོ་པོ་ཞིག་ཆགས་ཐུབ་པའི་རེ་བ་ཡོད།   རྒྱུ་མཚན་ནི་རྡ་སའི་མདོ་སྟོད་ཆུ་སྒང་ལ་བློ་བཟང་སེང་གེས་རྟེན་བཞུགས་བཀག་པ་རེད་གདའ་ཟེར་ནས་བསྒྲགས་པ་འདིས་མདོ་སྟོད་ཁག་གཅིག་བཟོ་ཐབས་བྱས་ཡོད།      ༸སྐུ་མདུན་ལ་མཛད་དཀའ་བཟོ་ཡི་འདུག་པས་ཞེས་བཤད་ནས་བློ་བཟང་སེང་གེ་ནག་པོ་བཟོ་ཐབས་བྱས་ཡོད།    དེས་ན་གནད་དོན་འདི་ལ་ཁུངས་ལུང་དཔང་རྟགས་ནི་སུ་གང་སྟོན་རྒྱུ་མེད།    མང་ཚོགས་ཀྱིས་དྲི་བའི་སྐབས་སུ་དེ་ལྟར་སུས་བཤད་སོང་ཞེས་དྲིས་ཀྱང་དེ་ངས་བཤད་རྒྱུ་མིན་མི།    མང་ཚོགས་ཀྱིས་ཤེས་དགོས་ཡ་ཡོད་མ་རེད་ཅེས་བཤད་འདུག།   བཀའ་ཤག་དང་སྐུ་སྒེར་ཡིག་ཚང་གཉིས་ཀ་ནས་གསལ་བསྒྲགས་གཅིག་པ་གནང་ཡོད་ལ།     ༸སྐུ་མདུན་ཀྱི་ཞལ་དྲོན་མོ་ནས་དུས་དབང་ཕར་འགྱང་གནང་ཡ་དེ་སྐུའི་འཕྲོད་བཞེས་དང་སྨན་བཅོས་ཀྱི་ཆེད་ཡིན་པ་སྐུ་མདུན་ནས་ཐེངས་གཉིས་གསུང་པ་དང་སོགས་པོ་ལ་དུས་དབང་གནང་འཆར་དེ་ཡང་ཕྱི་འགྱང་བྱས་པ་ཡིན་ཞེས་གསལ་པོ་གསལ་རྐྱང་གསུང་ཡོད།    ཚོགས་གཙོས་ཝ་ཎ་ནས་སྐུ་མདུན་དགོངས་པ་ཚོམ་ན་ཡང་ཐབས་ཤེས་མི་འདུག་དེ་ལྟར་གསུང་པ་དེ་ནི་དྲང་དོན་རེད།       ཅེས་སྐུ་མདུན་གྱི་བཀའ་གནང་བ་དེ་དྲང་དོན་ཡིན་པ་མ་གཏོགས་དངོས་གནས་མིན་པ་དང་སྐུ་མདུན་མཆོག་ལ་མདུན་ལ་གསུང་རྒྱུ་གཅིག་དང་རྒྱབ་ལ་སྦས་རྒྱུ་གཅིག་ཡོད་པར་བཤད་ཡོད།   སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་དེའི་སྐོར་བཀའ་ཤག་ནས་གསལ་བཤད་གྲུབ་པ་ཡིན། ཚེས་༢༩ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་མར་ཕེབས་ནས་སྲིད་སྐྱོང་དང་བཀའ་བློན་ལ་མཇལ་ནས་བཀའ་བསྡུར་ག་རེ་བྱུང་བ་དེ་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ནང་བཏང་བཞག་ཡོད་པ་དེ་རང་ཡིན། ཚེས་༢༩ སྔོན་ལ་ག་རེ་བྱུང་མིན་བཀའ་ཤག་དང་འབྲེལ་བ་རྩ་བ་ནས་མེད། ཚེས་༢༧ དང་༢༨ ལ་བཀའ་ཤག་གིས་དགའ་ལྡན་ཕོ་བྲང་ལ་ཡར་གང་ཡང་ཞུས་མེད་ལ། དགའ་ལྡན་ཕོ་བྲང་གིས་མར་ཡང་གང་ཡང་གསུངས་མ་སོང་།     ཉེ་ཆར་ཚོགས་གཙོས་ཕྱག་ཡིག་གནང་བ་ལ་ལན་གསལ་པོ་ཕུལ་ཡོད། ༧གོང་ས་མཆོག་གིས་བཀྲ་ཤིས་ལྷུན་པོར་སྨན་བཅོས་ཆེད་དུ་དུས་འཁོར་དབང་ཆེན་ཕར་འགྱངས་གནང་བ་རེད་གསུངས་པ་དེ་ག་རང་རེད།   མཱེ་ནེ་སོ་ཊ་ལ་རྡོ་རྗེ་གདན་དང་སོག་པོ་ལ་དུས་དབང་གཉིས་ཐོག་མར་དགོངས་པ་ཡོད་དེ།    གཉིས་ཀ་ཕར་འགྱངས་གནང་བ་ཡིན་གསུངས་ཡོད་པས། ཆབ་སྲིད་དང་འབྲེལ་བ་ཡོད་ན། སོག་པོའི་དུས་དབང་ཕར་འགྱངས་གནང་དགོས་ཀྱི་མི་འདུག་ཨ།   མདོར་བསྡུས་ན་༧གོང་ས་མཆོག་གི་གསུང་པ་དེ་ལ་ཡིད་ཆེས་གནང་གི་ཡིན་དང་། ཡང་ན་ཚོགས་གཙོས་གསུང་པ་དེ་ལ་ཡིད་ཆེས་གནང་གི་ཡིན་ཞེས་གསུངས་སོང་།  

དེས་ན་མཚམས་འདི་ནས་ང་ཚོ་མི་མང་ལ་དྲི་བ་ཞིག་དང་གདམ་ཀ་ཞིག་སྤྲད་ཡོད།    དྲི་བ་ནི་ཚོགས་གཙོ་ལགས་ཀྱིས་བཤད་པ་དེ་དངོས་གནས་ཡིན་ན་ཚོགས་གཙོ་ལ་སྐུ་མདུན་གྱིས་གསུང་པ་དེ་དངོས་གནས་མ་རེད་ལབ་མཁན་དེ་སུ་ཡིན་ནམ།     མི་དེ་སྐུ་སྒེར་ཡིག་ཚང་ནང་ལ་ཡོད་པ་ཞིག་གཏན་གཏན་ཡིན་རྒྱུ་རེད།   སྐུ་མདུན་གྱིས་བཀའ་གནང་ཟིན་པ་ཞིག་དོན་དངོས་དེ་འདྲ་མ་རེད་ལབ་མཁན་དེ་དགོས་པ་ཅིའི་ཕྱིར་ཚོགས་གཙོ་ལགས་ཀྱི་རྣ་བ་ནང་ཤུབ་ཤུབ་དུ་བཤད་པ་ཡིན་ནམ།   ཡང་ཚོགས་གཙོ་ལགས་ཀྱིས་བཤད་པ་ལྟར་ཡིན་ན་དུས་དབང་ཆབ་སྲིད་རེད་ཅེས་ཡར་ཞུ་མཁན་དེ་ཡང་སུ་ཡིན་ནམ།   དེ་ཡང་སྐུ་སྒེར་ཡིག་ཚང་ནང་ལ་ཡོད་པ་ཡིན་ནམ།    ག་དུས་ཞུས་པ་ཡིན་ནམ།  ལན་ཇི་ཙམ་ཞུས་པ་ཡིན་ནམ།    ཁོང་གིས་དེ་ལྟར་ཞུ་དགོས་དོན་གང་ཡིན་ནམ།   རྒྱུ་མཚན་མེད་བཞིན་དུ་དེ་ལྟར་ཆེད་དུ་ཞུས་ནས་སྲིད་སྐྱོང་གི་མཚན་སྙན་མེད་པ་བཟོ་ཐབས་བྱེད་མཁན་དེ་སུ་ཡིན་ནམ།    དེ་ལྟར་བྱས་ན་ཁོ་ལ་ཁེ་ཕན་ཅི་ཡོད་དམ།   ཡང་ན་ཁོའི་ཉེ་འབྲེལ་དགའ་ཉེ་སྤུན་མཆེད་ཞིག་ལ་ཁེ་སང་ཞིག་རག་གི་ཡོད་དམ།   འདི་ཚང་མ་དྲི་བ་རེད།   འདི་ཡོད་ཚད་ཀྱི་འབྱུང་ཁུངས་སྐུ་སྒེར་ཡིག་ཚང་ནང་གི་གསང་བ་ཕྱི་གྱར་བྱེད་མཁན་དེས་བཟོས་པའི་རྙོག་དགྲ་རེད།   འདི་ངེས་པར་དུ་སུ་ཡིན་གསལ་པོ་བཟོ་དགོས།  དེ་ཡང་འོས་བསྡུ་མ་བྱས་པའི་སྔོན་ལ་གསལ་པོ་བཟོ་དགོས།  སྐུ་སྒེར་ཡིག་ཚང་ནས་མི་དེ་ཞིབ་ཏུ་བཙལ་དགོས།   སྤེན་པ་ཚེ་རིང་གིས་ར་སྤྲོད་དང་མི་ངོ་སྤྲད་དགོས།
གདམ་ཀ་ནི་སྐུ་མདུན་གྱིས་ལན་གཉིས་གསུང་པ་དེ་ལ་ཡིད་ཆེས་བྱེད་རྒྱུ་ཡིན་ནམ།  ཡང་ན་ཚོགས་གཙོ་ལགས་ལ་སུས་བཤད་སོང་ཟེར་དུས་འདིས་བཤད་སོང་ཞེས་ཀྱང་གསལ་ཁ་མེད་པའི་ཚོགས་གཙོའི་བཤད་པ་ལ་ཡོད་ཆེས་དགོས་སམ།    འདི་གཉིས་མི་མང་གིས་གདམ་དགོས་པ་ཞིག་རེད།    འདི་ཡོངས་རྫོགས་ལ་ཕྱོགས་བསྡོམས་ཞིག་བརྒྱབ་ན།     ཚོགས་གཙོ་ལགས་ནི་ཐལ་བ་གནམ་ལ་གཏོར་ན་འབབ་ས་རང་གི་མགོ་ཟེར་བ་ལྟར་ཆགས་སོང་ལ།     ཁ་དཔེ་ལ། རང་གིས་གཡོས་པའི་སྐྱོ་མ།  རང་གིས་གཙང་མ་བཟོ་དགོས་ཟེར་བ་ལྟར་ཚོགས་གཙོ་ལགས་ཀྱི་འདི་ཡོངས་རྫོགས་གཙང་མ་བཟོ་དགོས་ངེས་རེད།  །།