བོད་པའི་འོས་འགུག་ལས་འགུལ་འདི་ཁ་ཕྱོགས་ལོག་པར་ཁྲིད་སོང་།


------དེང་རི་བ་པ་སངས་དོན་གྲུབ་པས།

སྤྱིའི་ཆ་ནས་བཤད་ན་འཛམ་གླིང་ཡོངས་ཀྱི་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་གང་ཡིན་རུང་འོས་མི་སོ་སོས་འོས་འགུག་ལས་འགུལ་སྣ་ཚོགས་སྤེལ་ནས་ཁྱབ་བསྒྲགས་དང་འབོད་སྐུལ། དེ་བཞིན་དུ་མི་མང་ཡིད་དབང་འཕྲོག་པའི་གཏམ་བཤད་སྤེལ་བ་སོགས་ལས་འགུལ་སྣ་ཚོགས་སྤེལ་སྟངས་ཤིག་ཡོད་པ་རེད་ལ་དེ་ཡང་ལུགས་མཐུན་ཁྲིམས་སྒྲིག་དང་ཀུན་སྤྱོད་སོགས་གང་ལ་ཡང་མ་འགལ་བའི་ཐོག་ནས་བྱ་དགོས་པ་ནི་མ་འོངས་ཀྱི་དབུ་ཁྲིད་གཅིག་ལ་མཚོན་ན་མི་མང་ལ་མིག་དཔེ་སྟོན་སྟངས་ཤིག་དང་འོས་འགན་ཁུར་སྟངས་ཤིག་ཀྱང་རེད།
ཡིན་ན་ཡང་བཙན་བྱོལ་བོད་མིའི་(༢༠༡༦)ཀྱི་འོས་འགུག་ལས་འགུལ་སྤེལ་སྟངས་འདི་ནི་གནད་ཆེ་ས་ནས་མི་གླེང་པར་ཆུང་ས་ནས་གླེང་།   མཐུན་སྒྲིལ་ཡོང་ཐབས་སུ་མི་གླེང་པར་ཁ་མཐོར་གཏང་ཐབས་སུ་གླེང་།  མ་འོངས་ཀྱི་འཆར་གཞི་མི་གླེང་པར་སྔོན་སོང་གི་གཏམ་འཆལ་རྣམས་གླེང་།  སྲིད་དོན་གྱི་གནད་འགག་མི་གླེང་པར་ཆོས་ལུགས་ཀྱི་ཆོ་ག་གླེང་།    རྒྱ་ནག་དང་བོད་སྐོར་མི་གླེང་པར་རང་བཙན་དང་དབུ་མ་གླེང་། ཆབ་སྲིད་ཀྱི་བསམ་བློ་མི་གླེང་པར་དད་པ་དང་དམ་ཚིག་གླེང་པ་སོགས་མདོར་ན་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་འདེམས་བཞིན་ཡོད་པའི་རྣམ་པ་ཞིག་གཏན་ནས་མི་འདུག།

འོ་ན་འདི་ཇི་ལྟར་འགོ་ཚུགས་པ་དང་བྱུང་རིམ་ཇི་ལྟར་བྱུང་མིན་ཐུགས་བསམ་ཞིག་བཞེས་དགོས་ངེས་རེད།   སྤྱིའི་ཆ་ནས་འབྲས་བུ་ཞིག་སྐྱེ་བ་ལ་རྒྱུ་རྐྱེན་དུ་མ་ཞིག་ཚང་དགོས་པ་ནི་དངོས་པོའི་གཤིས་ལུགས་རེད།   ཡིན་ན་ཡང་རྒྱུ་རྐྱེན་དུ་མ་ཡོད་པ་ལས་གཙོ་བོ་དང་གནད་རྩ་རྣམས་གླེང་ན་སྙམ་པ་ཡིན།

བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུ་མ་བྱས་པའི་སྔོན་ལ་འོས་མི་སོ་སོས་གཏམ་བཤད་དང་ཁྱབ་བསྒྲགས་སྣ་ཚོགས་ཤིག་བྱས་ཡོད་ཅིང་།   དེའི་ཁྲོད་ནས་མི་སྣ་ཁག་གཅིག་མང་གཙོ་ཚོགས་པས་བཏོན་ཡོད་ལ་ཁག་གཅིག་རང་འགུལ་དང་བླང་དང་།  ཁག་གཅིག་ཆོལ་ཁའི་མིང་ཐོག་ནས་བཏོན་ཡོད།   གང་ལྟར་ཡང་བཏོན་སྟང་མི་འདྲ་བ་དང་དོན་སྟངས་མི་འདྲ་བ་སྣ་ཚོགས་ཀྱིས་སྲིད་སྐྱོང་འོས་མི་ལྔ་བྱུང་བ་རེད།

དེའི་ཁྲོད་ནས་འོས་མི་བཞི་ཡིས་ད་ལྟའི་ལས་ཐོག་སྲིད་སྐྱོང་གི་ཕྱག་ལས་གནང་སྟངས་ལ་སྐྱོན་བརྗོད་བྱས་པ་ནི་གཅིག་མཚུངས་རེད།   དེ་ནི་ལུགས་མཐུན་ཞིག་རེད་ལ་འཛམ་གླིང་གི་འོས་བསྡུ་ཁྲོད་ན་འོས་མི་གསར་པས་ལས་ཐོག་སྲིད་འཛིན་དང་སྲིད་བློན་ལ་སྐྱོན་བརྗོད་བྱེད་པ་ནི་འགྲོ་སྟངས་ཤིག་ཡིན་པ་ལས་གསར་པ་ཞིག་གང་ཡང་མ་རེད་ལ།  ལས་ཐོག་སྲིད་སྐྱོང་གི་ལོ་བཞིའི་རིང་ལས་ཀ་ཚང་མ་ཕུན་སུམ་ཚོགས་པ་རྐྱང་རྐྱང་ཡིན་མི་སྲིད་པས་སྐྱོན་བརྗོད་བྱས་པ་ནི་ཡར་རྒྱས་ཀྱི་རྩ་བ་ཡིན་པས་གླེང་དགོས་དང་དགོས།  ཕྱོགས་གཅིག་ནས་འོས་མི་གསར་པ་དེ་དག་གིས་ལས་ཐོག་ཀྱི་སྲིད་སྐྱོང་ལ་ལས་ཀ་འགྲིག་གི་མི་འདུག་ཅེས་བརྗོད་རྒྱུ་མེད་སོང་ན་ཁོ་ཚོ་འོས་མི་ལངས་དགོས་པའི་རྒྱུ་མཚན་ཡང་བཤད་དཀའ་མོ་ཡིན་པས་དེ་ནི་སྐྱོན་བཙལ་ནས་མ་བཤད་རང་བཤད་གཅིག་རེད།    ཡིན་ན་ཡང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་སྔོན་འགྲོའི་སྐབས་སུ་འོས་འགུག་ལས་འགུལ་དང་གསལ་བཤད་སོགས་གང་ཡང་སྤེལ་མེད། 

དེ་ནི་ཁོང་ལ་འོས་གྲངས་ཀྱི་ཐད་ནས་གདེང་ཚོད་ཆེན་པོ་ཡོད་པའི་རྟགས་ཤིག་སྟོན་པ་རེད་ལ།   ལས་ཐོག་སྲིད་སྐྱོང་ཞིག་གིས་སྔོན་འགྲོའི་སྐབས་ནས་འོས་མི་གསར་པ་དང་མཉམ་དུ་འོས་འགུག་ལས་འགུལ་ཤུགས་ཆེར་སྤེལ་ན་འོས་མི་གཞན་རྣམས་ཕན་ཚུན་འགྲན་ས་མེད་པ་ལྟ་བུ་ཞིག་ཆགས་ཉེན་ཡོད་པས་གསར་ཞུགས་འོས་མི་རྣམས་ལ་རང་རང་གི་རྣམ་དཔྱོད་རྩལ་དུ་སྟོན་རྒྱུའི་གོ་སྐབས་སྤྲད་པ་ཞིག་ཀྱང་རེད་སྙམ།  

ཡིན་ན་ཡང་སྔོན་འགྲོའི་འོས་མི་ཁྲོད་ནས་ཆབ་སྲིད་རང་བཞིན་དང་ཕུགས་བསམ་རང་བཞིན།  བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་བསམ་བློའི་ཁ་ཕྱོགས་དང་བོད་པའི་སྤྱི་ཚོགས་ཀྱི་ད་ལྟའི་ཞན་ཆ།  རང་ཉིད་ཀྱིས་མ་འོངས་འཆར་གཞི་དང་བཅས་པ་ཡིག་ངག་གཉིས་ནས་ཁྱབ་སྤེལ་གནང་མཁན་ནི་འོས་མི་གསར་པ་བཞིའི་ཁྲོད་ནས་རྣམ་གྲངས་མང་ཤོས་དང་ཞིབ་ཚག་ཆེ་ཤོས་དེ་བཀྲ་ཤིས་དབང་འདུས་ལགས་རེད།  

ཡང་བོད་ཀྱི་སྤྱི་ཚོགས་འདིའི་ནང་དེ་སྔོན་ཡིན་ཤག་ཤག་བྱས་སྡོད་པའི་གནས་ཚུལ་མང་དག་གཅིག་ལ་དྲི་རྟགས་བཀོད་ནས་མ་འོངས་ཀྱི་ཕུགས་འདུན་གཏིང་ཟབ་ས་དང་ད་ལྟའི་སྤྱི་ཚོགས་ཀྱི་ཞན་ཆ་རྣམས་གཙོ་བོ་གླེང་མཁན་ནི་ཨ་ཚོགས་ཀླུ་མཁར་བྱམས་རེད།

ཡང་སྲིད་ཀྱི་འོས་འགུག་ལས་འགུལ་སྟེང་དུ་དད་པ་དང་དམ་ཚིག་གཙོ་བོ་གླེང་ཞིང་གཞུང་འབྲེལ་མིན་པའི་ཚོགས་པ་རེ་ཟུང་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ལ་གོ་སྐབས་ནམ་བྱུང་་དགག་པ་བརྒྱབ་གང་ཐུབ་ཀྱིས་མ་འོངས་འཆར་གཞི་རག་རིམ་ཙམ་མཉམ་དུ་སྒྲོག་ནས་འོས་མི་གཞན་གྱི་མཚན་སྙམ་དང་འོས་གཅོག་ཐབས་སྣ་ཚོགས་ཀྱིས་སྦྱོར་བ་གཙོ་བོ་འཛིན་པ་ལས་སྤྱི་ཚོགས་ཀྱི་འགན་དེ་ཙམ་མི་ཁུར་མཁན་གྱི་འོས་མི་དེ་ནི་ལོ་ངོ་ཉི་ཤུའི་ཉམས་མྱོང་ཡོད་པའི་སྐུ་ངོ་སྤེན་པ་ཚེ་རིང་ཁོང་རེད།

ཡང་འཆར་གཞི་དང་ཕུགས་བསམ་གང་ཡང་མེད་ཅིང་རྟེན་འབྲེལ་མཚོན་བྱེད་ཀྱི་འོས་མི་དམིགས་བསལ་ཞིག་བྱུང་བ་ནི་ལུག་རྫི་བཀྲ་ཤིས་སྟོབས་རྒྱལ་ལགས་རེད།  ཁོང་གི་སྐོར་གླེང་རིན་ཡང་དེ་ཙམ་མི་འདུག།

དེས་ན་གོང་གི་འོས་མི་དེ་དག་ལས་སྔོན་འགྲོའི་སྐབས་སུ་གྲགས་ཆེ་ཤོས་དང་གླེང་གཞི་ཆེ་ཤོས་ནི་ཨ་ཚོགས་ཀླུ་མཁར་བྱམས་རེད།   ཡང་ན་ཨ་ཚོགས་དེ་ལྟར་གྲགས་པ་དེ་ཡང་རྒྱུ་མེད་རྐྱེན་མེད་པ་གཏན་ནས་མིན་ཏེ།  ཨ་ཚོགས་ཁོང་གི་མི་གཤིས་དང་ཚོགས་གཙོ་སྤེན་པ་ཚེ་རིང་གི་རང་འདེགས་སོགས་རྒྱུ་རྐྱེན་གཉིས་ཚོགས་ཀྱིས་གླེང་གཞི་ཆེ་ཤོས་སུ་བཟོས་པ་རེད།   ཨ་ཚོགས་ནི་ཆབ་སྲིད་མ་གཏོགས་དད་པ་དམ་ཚིགས་ཀྱི་རིགས་དེ་ཆབ་སྲིད་བགྲོ་གླེང་སྐབས་སུ་གླེང་རིན་མེད་པ་ཞིག་ལ་བརྩི་མཁན་ཞིག་དང་ཡང་སྲིད་ཕྱོགས་ནས་ལྟ་གྲུབ་འཁྲིག་པོ་འཛིན་མཁན་ཞིག་རེད་ལ་རང་གི་གང་བསམ་སྤྱི་ཚོགས་སུ་སྤོབ་པ་མཐོན་པོས་གླེང་ཕོད་པ་མ་ཟད་སྨྲ་ལྕེ་བདེ་མོ་དེས་་གསར་འགོད་པ་དང་གསན་གཟིགས་མཁན་གནང་མཁན་ཡོངས་ལ་བལྟ་རྒྱུ་ཡོད་པ་དང་ཉན་རྒྱུ་ཡོད་པ་ཞིག་བཟོས་ཡོད།  

དེ་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནི་སྔར་ནས་ཨ་ཚོགས་དང་ལན་མང་གདོང་ཏུག་བྱས་ཟིན་པ་དང་ཁ་གསལ་ནས་བཤད་ལ་འགལ་ཟླ་ཆེན་པོ་ཡོད་པའི་མི་ཞིག་ཡིན། དེས་ན་ཚོགས་གཙོ་ལགས་ཀྱིས་ཁོ་ལ་ཁ་གཏད་བཅག་དགོས་དུས་ཚོགས་གཙོ་ལ་དམིགས་བསལ་མི་མང་དོ་སྣང་འདྲེན་ནུས་པའི་སྐད་ཆ་གསར་པ་དང་འཆར་གཞི་གསར་པ་དང་ཡང་ན་སྤྱི་ཚོགས་ཀྱི་ཞན་ཆ་རིགས་གསར་པ་གང་ཡང་སྟོན་རྒྱུ་མ་རྙེད་ནས་མཐའ་མར་འུ་ཐུག་གི་ལས་ཀ་ཞིག་མ་བྱེད་ཐབས་མེད་ཆགས་ཡོད། དེ་ནི་སྔོན་འགྲོའི་འོས་མི་གསར་པའི་ནང་ནས་གྲགས་ཆེ་ཤོས་ཨ་ཚོགས་ལ་སྐྱོན་བརྗོད་བྱས་ནས་ཨ་ཚོགས་ཀྱི་གྲགས་པ་དང་མཉམ་དུ་རང་ཉིད་གྲགས་ཐབས་དང་།  ཕྱོགས་གཅིག་ནས་ལོ་མང་གི་སྙིང་ནད་བསང་བའི་གོ་སྐབས་འདི་འདྲ་ནི་རྙེད་དཀའ་བར་བསམ་པ་འདྲ།     ཡིན་ན་ཡང་ཨ་ཚོགས་ཀྱི་དད་པ་ལོག་སྤྱོད་ལ་ངོ་རྒོལ་དང་།  བྲན་གཡོག་གཤིས་ཀ་ལ་ངོ་རྒོལ།  གཞུང་སྲིད་བར་གནས།   གཞུང་སྲིད་བསྐྱར་ཞིབཅེས་ལྟ་གྲུབ་བཞི་སྟོན་པ་ལ་དགག་པ་འདི་ཡིན་ཟེར་བ་སྣ་གཅིག་སྟོན་ཡ་མེད་པ་ལ།  ལོ་མང་པོའི་སྔོན་ལ་བྲིས་པའི་རྩོམ་ཡིག་འགའ་ཁུར་ཡོང་ནས་རྩོམ་པ་པོ་ཁོང་གི་གསལ་བཤད་དང་འགྲེལ་བ་ལས་ལོག་སུ་འགྲེལ་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་རབས་རྐྱང་རྐྱང་བཤད་ཡོད་ལ་མཐའ་ན་ཁོང་ཨ་ཚོགས་དང་ལྡིང་ཆ་གཅིག་གི་སྒང་ལ་སྐད་ཆ་བཤད་རྒྱུ་མིན་རབས་ཀྱང་བཤད་ཡོད།   དེས་ན་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་རེད་ལབ་ཡོང་དུས་བོད་པའི་སྤྱི་ཚོགས་འདི་བརྟག་དཔྱད་གང་ཡང་མེད་པར་ཧང་སང་སང་བྱེད་ཀྱི་ཡོད་ལ་ཁག་གཅིག་རྒྱུ་མཚན་གང་ཡང་མ་ཤེས་གོང་ནས་ངུ་བཞིན་ཡོད།  དེས་ན་འདི་ནས་སྤེན་པ་ཚེ་རིང་གིས་ཁེ་སང་གསུམ་རག་ཡོད།   སྨྲ་ལྕེ་རྣོ་ངར་ཅན་གྱི་ཨ་ཚོགས་དང་ལྡིང་ཆ་གཅིག་གི་སྒང་ནས་སྐུ་ངོ་ཁོང་སྔོ་ལོ་འཕྱར་མི་དགོས་པ།   འུར་གཏམ་དེས་མི་མང་གི་སྣང་ངོར་རང་ཉིད་༧གོང་ས་མཆོག་ལ་དད་པ་གཡོ་བ་མེད་པ་ཞིག་ཡིན་པའི་རྣམ་པ་སྟོན་ཐུབ་པ།  ལོ་མང་སྔོན་ནས་མི་མཐུན་པའི་སྙིང་ནད་ཀྱང་ཅུང་ཙམ་བསང་ཐུབ་པ་བཅས་རེད།  ཚོགས་གཙོ་ལགས་ཀྱིས་གང་སར་དད་པ་དང་༧གོང་ས་མཆོག་ལ་མཚན་སྨོད་བྱས་རབས་ཤུགས་ཆེར་བཤད་པའི་དབང་གིས་ཨ་ཚོགས་ལ་བོད་པའི་སྤྱི་ཚོགས་འགའ་ཤས་ནས་གཏམ་བཤད་བྱ་མ་བཅུག་པ་དང་ཁྱབ་བསྒྲགས་མེར་སྲེག་བཏང་བ་སོགས་གང་ཟག་སྒེར་གཅིག་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཐོང་ཆུང་དང་ཁྱད་བསོད་ཚད་ལས་རྒལ་བ་བྱས་ཡོད།  ཚོགས་གཙོས་སྐད་ཆ་དེའི་ཤུགས་རྐྱེན་གྱིས་དབུས་འོས་སྡུ་ལས་ཁང་གིས་ཀྱང་ཨ་ཚོགས་དངོས་གཞིའི་ནང་བྱུང་ན་ཚོགས་གཙོ་དང་ལྡིང་ཆ་གཅིག་གི་སྒང་ལ་བསྡད་ཐབས་མེད་པས་དེ་ལྟར་བྱུང་ན་སྤྱི་ཚོགས་ནང་རྙོག་གླེང་སྔ་ལས་ལྷག་པ་འབྱུང་གི་རེད་སྙམ་ནས།   འོས་བསྡུའི་སྒྲིག་གཞིའི་ནང་འོས་མི་གཉིས་ལས་མི་ཉུང་བ་ཞེས་པ་དེ་ཁུང་ཡོང་ནས་ལུགས་མཐུན་ཡིན་རབས་ཀྱིས་དག་སྐྱེལ་བྱས་པ་རེད།   ཡིན་ན་ཡང་མི་མང་ཧ་ཅང་མང་པོ་ཞིག་གི་སེམས་ཁམས་སུ་དབུས་འོས་བསྡུ་ལས་ཁང་གི་ངོ་མདོག་དེ་གསལ་པོ་རྟོགས་ཡོད་ལ།   སྔོན་འགྲོའི་འོས་བསྡུའི་སྐབས་གཟིགས་ཞིབ་གནང་མཁན་གྱི་ཨེ་ཤ་ཡའི་མང་གཙོའི་སྐོར་གྱི་ཚོགས་པ་དང་ད་དུང་ཚོགས་པ་གཉིས་ཙམ་ནས་བཙན་བྱོལ་གྱི་མང་གཙོ་འགྲོ་སྟངས་ལ་ཞིབ་དཔྱད་བྱས་པར་མཐའ་མར་འོས་མི་སྟོན་སྟངས་སྐོར་ནས་དེ་ལྟར་བྱས་ན་མི་འགྲིག་པའི་བསམ་འཆར་སྟོན་ཡོད་ལ།  ཨ་རིའི་གྲོས་ཚོགས་ཀྱི་མི་སྣ་འགས་ཀྱང་མང་གཙོ་ཡང་དག་ལ་འགྲོ་ཡི་ཡོད་མིན་ལ་དོགས་པ་ཟ་ནས་ཡི་གེ་ཡང་བཏང་དགོས་པ་བཟོས་ཡོད།  འདི་ཡོད་ཚད་ནི་ཚོགས་གཙོ་ལགས་ཀྱི་སྔོན་འགྲོའི་འོས་འགུག་ལས་འགུལ་སྐབས་ཀྱི་གཏམ་བཤད་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་རེད།   ཡིན་ན་ཡང་སྔོན་འགྲོའི་སྐབས་སུ་མི་མང་གི་སེམས་སུ་ཚོགས་གཙི་ནི་༧གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་ཡིན་པར་སེམས་ཡོད།

དེ་ནས་དངོས་གཞིའི་འོས་མི་ནང་མི་གཉིས་མ་གཏོགས་མེད་ལ་འོས་འགུག་ལས་འགུལ་ཡང་ཤུགས་ཇེ་ཆེར་འགྲོ་དགོས་པས།  ཚོགས་གཙོ་ལགས་ལ་ལས་གཞི་གསར་པ་དང་སྐྱོན་བརྗོད་གསར་པ་ཞིག་བཤད་ཡ་མེད་ན་ད་ལྟའི་ལས་ཐོག་སྲིད་སྐྱོང་འདི་མི་འགྲིག་པ་སྒྲུབ་ཐབས་མེད་ལ། འགྲིག་ཡོད་ན་ཁོད་རང་ཡར་ལང་དགོས་དོན་ཅི་ཡིན་ཞེས་མི་མང་གིས་འདྲི་ངེས་རེད།  དེས་ན་ཁོ་ལ་གསར་གཏོད་རང་བཞིན་ཀྱི་འཆར་གཞི།   བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་དང་ད་ལྟའི་བཀའ་ཤག་གིས་ལས་འཆར་ལ་རྒྱུ་མཚན་དང་ཁུངས་ལུང་ལྡན་པའི་སྐྱོན་བརྗོད།   དེ་གཉིས་སྟོན་ཡ་མེད་ན་ལས་ཐོག་སྲིད་སྐྱོང་དང་འགྲན་བསྡུར་བྱ་ཐབས་མེད་པ་ཞིག་རེད།   ཡིན་ན་ཡང་ཁོང་ལ་གསར་གཏོད་རང་བཞིན་གྱི་འཆར་གཞི་སྣེ་གཅིག་སྟོན་རྒྱུ་མི་འདུག་ལ།  འཆར་གཞི་འགའ་ཤས་བཤད་བཞིན་པ་དེ་དག་ནི་ད་ལྟ་ལས་ཐོག་སྲིད་སྐྱོང་གིས་ལས་བཞིན་པ་རྐྱང་རྐྱང་རེད་འདུག།   ད་འོ་ན་ལས་དོན་སྒྲུབ་ཕྱོགས་ཀྱི་ཐད་མཐུས་ཤོར་སོང་རབས་ཀྱི་སྐྱོན་བརྗོད་ཁུངས་ལུང་ལྡན་པ་ཞིག་དང་། ལྷག་པར་དུ་རྩ་དོན་སྒྲུབ་ཕྱོགས་ཀྱི་ཐད་ནས་སྐྱོན་བརྗོད་ཡིད་ཆེས་འཕེལ་ངེས་ཤིག་་ཡོད་དགོས་ཀྱང་དེ་ཡང་རྐང་གཅིག་སྟོན་རྒྱུ་མེད་པ་ནི་ད་བར་གཏམ་བཤད་ཚང་མར་ཉན་ཡོད་ན་གསལ་པོ་མཐོང་ཐུབ།  ད་འོ་ན་ཁོང་ལ་འོས་འགུག་ལས་འགུལ་ཅི་ཞིག་སྤེལ་རྒྱུ་ལྷག་ཡོད་དམ།  མི་མང་གང་མང་བཀུག་ཐུབ་པའི་ཐབས་ལམ་ཅི་ཡོད་དམ། ད་ནི་ལུགས་མཐུན་གྱིས་ལས་འགུལ་གང་ཡང་སྤེལ་རྒྱུ་ལྷག་མེད་ཀྱང་།   འཛམ་གླིང་གི་སྤྱི་ཚོགས་མང་པོའི་ནང་ཆབ་སྲིད་ནག་པོ་ཟེར་བ་ཞིག་ཡོད་པས་དེ་སྤེལ་རྒྱུ་ལས་ལྷག་མེད།   དེས་ན་བོད་པའི་སྤྱི་ཚོགས་ནང་ཞན་ཆ་གང་ཡོད་ནས་འགལ་ཟླ་བཟོ་ཐབས་ཀྱི་ཕྱོགས་ཞེན་ཤུགས་ཆེ་རུ་བཏང་ནས་གྲངས་མང་གི་སྡེ་ཚན་གང་རུང་ཞིག་རང་གི་ཕྱོགས་ལ་འགུག་ཐབས་བྱ་རྒྱུ་དང་།    མི་མང་གི་དད་པ་དང་ཡིད་ཆེས་སེམས་གཏིང་ནས་བྱ་ཡུལ་༧གོང་ས་མཆོག་ལག་ཆ་བེད་སྤྱད་རྒྱུ་གཉིས་རེད།  འདི་གཉིས་ནི་ཁོང་གི་ལག་ཆ་ཡོད་ན་ཡོད་པ་དང་མེད་ན་མེད་པ་དེ་རེད།   དེ་ནས་དབུས་གཙང་གི་སྐུ་ངོ་ཟླ་བ་ཚེ་རིང་ཕྱོགས་གཏོགས་ཀྱི་དབུས་གཙང་ཁག་གཅིག་བརྒྱུད་སྐུལ་བྱས་ནས་དབུས་གཙང་དང་ཁམས་པ་གཉིས་ཀྱི་བ་ལ་འགལ་ཟླ་བཟོ་ཡ་དང་སྔོན་གྱི་ནད་རྙིང་རྣམས་བསྐྱར་ལོག་བྱ་བཅུག་རྒྱུ་དང་།  ཁམས་པ་རྣམས་ཞེན་ཁོག་ཆེན་པོ་དང་ཁོང་ཁྲོ་ཚ་པོ་ཡིན་པས་ཁོང་ཁྲོ་ཇི་ཙམ་སླང་ཐུབ་ན་བློ་སེང་གི་རྒྱབ་སྐྱོར་བ་ཚོས་བསམ་ཡུལ་ལས་འདས་པའི་ལས་ཀ་བྱེད་སྲིད་པས་དེའི་དུས་གོ་སྐབས་ཀྱང་རྙེད་སྲིད་སྙམ་ནས་ཚོད་དཔག་བྱས་ཡོད། 

དེས་ཤུགས་རྐྱེན་གྱིས་དབུས་གཙང་གི་མིང་ཁུར་ནས་དབུས་ས་གཉིས་ཀ་ལ་སྐད་འཕྲིན་ཚོགས་པ་བཙུག་ཡ་དང་དབུས་པའི་ཞེན་ཁོག་སྤེལ་བ་སོགས་མི་ཁག་གཅིག་གིས་ཚ་ཚ་འུར་འུར་བྱས་ཡོད་ལ།   ཧ་ལམ་རྒྱ་ནག་གིས་ད་བར་བཙན་གནོན་དང་དམར་བསོད་བྱས་པ་དག་ལ་ཁོ་ཁྲོ་ལང་པ་ལས་ཀྱང་བློ་སེང་ལ་སྡང་བའི་རྣམ་པ་སྟོན་ནས་མི་མང་འགུག་ཐབས་བྱས་ཡོད།   དེས་ཕྱོགས་ཞེན་ཆེ་བའི་མི་ཁག་གཅིག་དང་གནས་ལུགས་རྒྱུ་མཚན་གང་ཡང་མི་ཤེས་པའི་མི་གང་མཚམས་ཤིག་གཏན་གཏན་བཀུག་ཐུབ་ཡོད་ངེས་རེད།   ཡིན་ན་ཡང་རྒྱ་ཆེ་བའི་དབུས་གཙང་མི་མང་དེ་འདྲ་མགོ་སྐོར་ཆོག་ཆོག་གཅིག་ག་ལ་ཡོད་སྲིད།  མ་ཟད་རང་ཉིད་ཀྱིས་སྔོན་འགྲོའི་སྐབས་སུ་རྒྱབ་སྐྱོར་གནང་ཡ་དེ་རྒྱུ་མཚན་གང་ལ་ཡང་མ་བལྟས་ནས་འོས་འཕེན་པ་ཞིག་ཡིན་མི་སྲིད་པས་ཞེན་ཁོག་སློང་ནས་ཕྱོགས་ཞེན་དར་སྤེལ་བྱས་པ་ཙམ་གྱིས་འོས་ལ་ཁྱད་པ་དེ་ཙམ་བཟོ་ཐུབ་ཁག་པོ་རེད།   ཡིན་ན་ཡང་འདིའི་བར་ནས་རྒྱ་མིའི་གསང་ཉུལ་དང་དོལ་ཚོགས་ཀྱི་སྐབས་འཚོལ་བ་དག་ལ་གོ་སྐབས་ཡག་པོ་གཏན་གཏན་རག་ཡོད་པ་ཐག་ཆོད་པ་མ་ཟད།   ༧སྐུ་མདུན་གྱིས་ལོ་ངོ་ལྔ་བཅུ་ལྷག་ཙམ་གྱིས་སྐུ་ལས་སྐྱོན་པའི་ཆོལ་གསུམ་གོང་བུ་ཅིག་སྒྲིལ་ལ་ཡང་དོ་ཕོག་ཅུང་ཙམ་བཟོས་ཡོད་པ་ནི་གསལ་པོ་མཐོང་ཐུབ་ཀྱི་འདུག།   འདི་ནི་འོས་བསྡུའི་ལས་རིམ་འདིའི་བར་ནས་བོད་མི་རིགས་ལ་བྱུང་བའི་གྱོང་གུད་ཆེ་ཤོས་དེ་རེད་ལ་༧སྐུ་མདུན་གྱི་ཕྱག་ལས་རླབས་ཆེན་ཆིག་སྒྲིལ་ལ་གཏོར་བཅོམ་ཆེ་ཤོད་དེ་ཡང་བྱས་པ་ཞིག་རེད།

དེ་ནས་གནས་ཚུལ་གཞན་ཞིག་ནི་འོས་བསྡུ་དང་འབྲེལ་བ་གང་ཡང་མེད་པའི་དུས་འཁོར་དབང་ཆེན་སྐོར་དེ་རེད།  འདི་ཆེད་དུ་གཉེར་ནས་ཐོག་མར་གླེང་མཁན་དང་།   ཡང་དང་བསྐྱར་དུ་གླེང་མཁན་ནི་སྐུ་ངོ་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་རེད།    གནས་ཚུལ་འདི་ཐོག་མར་ཚོགས་གཙོ་མཆོག་གིས་ཨ་རི་ནས་གླེང་པ་རེད་ལ།   གླེང་སྟངས་ཡང་ད་ལྟའི་སྲིད་སྐྱོང་གིས་༧སྐུ་མདུན་ལ་མཛད་དཀའ་བཟོ་ཡི་འདུག་པས་ང་སྲིད་སྐྱོང་ལ་མ་ལང་རང་ལང་ཆགས་པ་རེད་མ་གཏོགས་གཞན་ལང་དོན་མེད་ཅེས་བཤད་པ་རེད།   སྐད་ཆ་དེ་འདྲ་བཤད་ཡོང་དུས་མི་མང་གི་སེམས་སུ་མཛད་དཀའ་གང་བཟོས་སོང་ཞེས་འདྲི་འདོད་ཡོང་བ་ནི་ཐག་ཆོད་པ་རེད་ལ་དེ་ལྟར་དྲིས་པ་ཡང་རེད།  སྐུ་ངོ་ལགས་ཀྱིས་སྲིད་སྐྱོང་ལས་ཐོག་གིས་༧སྐུ་མདུན་མཛད་དཀའ་གང་བཟོས་སོང་ཞེས་དྲིས་པའི་ལན་ལ།  དུས་དབང་ཕྱི་འགྱངས་བྱ་དགོས་པའི་གནད་དོན་ཅུང་ཙམ་ཞིག་བཤད་ནས་ཟླ་དུས་ཚེས་གྲངས་དང་བཅས་པ་ཆ་ཚང་ཤེས་ཀྱང་བཤད་རྒྱུ་མིན་ཟེར་ནས་ཡང་སྦས་པའི་རྣམ་པ་ཞིག་ཀྱང་སྟོན་པ་རེད།   སྐད་ཆ་འདི་འདྲ་བཤད་ཡོང་དུས་མི་མང་གི་སེམས་སུ་དོགས་པ་ཇེ་ཆེ་དང་དྲི་བ་ཇེ་མང་ཡོང་བ་ནི་ཡིན་ཡིན་པ་རེད།  དེ་ལྟར་ཡོང་བ་ཚོགས་གཙོས་ཀྱང་གསལ་པོ་ཤེས་ཀྱི་ཡོད་པ་གསལ་པོ་རེད།  གང་ཡིན་ཟེར་ན་གསལ་ལ་མི་གསལ་ཞིག་བཤད་ནས་ཡིན་ན་ཡང་ཆ་ཚང་ངས་ཤེས་ཀྱི་ཡོད་ལབ་ན་མི་མང་གིས་གསལ་པོ་ཤོད་ཅེས་འདྲི་ཡོང་བ་ནི་སུས་བལྟས་ཀྱང་མཐོང་ཐུབ་པ་ཞིག་རེད།  དེ་ནས་༧སྐུ་མདུན་ནས་ལན་གཉིས་ཙམ་མི་མང་ཁྲི་སྟོང་ཡོད་སར་དུས་དབང་ཕྱི་འགྱངས་དེ་སྨན་བཅོས་དང་འཕྲོད་བཞེས་ཀྱི་དབང་གིས་ཡིན་པ་གསུངས་ཡོད་ན་ཡང་།   ད་དུང་ཚོགས་གཙོས་ཝ་ཎ་མཐོ་སློབ་ཏུ་ཡང་བསྐྱར་༧སྐུ་མདུན་གྱི་གསུང་དེ་ནི་དྲང་དོན་ཡིན་པ་ལས་དངོས་དོན་མ་རེད་ཅེས་དང་།   ད་འོ་ན་༧སྐུ་མདུན་ནས་བཀའ་སྐྱོན་གནང་ན་ཡང་གནང་ཟེར་བ་སོགས་སྔར་ཨ་ཚོགས་ལ་༧སྐུ་མདུན་ལ་མཚན་སྨད་ཞུས་སོང་ཟེར་ནས་སྐད་ཆ་བཤད་མཁན་དེ་དེ་རིང་༧སྐུ་མདུན་གིས་བཀའ་སྐྱོན་གནང་ན་ཡང་གནང་ཟེར་བའི་མི་ཞིག་ལ་འགྱུར་སོང་།   དེ་ཡང་འོས་བསྡུའི་རྒྱུད་རིམ་དེ་ཁོ་ན་ལ་འགྱུར་སོང་།    འདི་ལ་བལྟས་ཡོང་ན་མི་འདི་རང་ལ་བེད་སྤྱོད་ཡོད་དུས་༧སྐུ་མདུན་ལ་མཚན་སྨོད་ཞུས་སོང་ཟེར་ནས་ངར་ངར་བྱས་པ་ཙམ་ལས་དོན་དངོས་ཐོག་༧སྐུ་མདུན་གྱི་བཀའ་གསུང་ལ་དང་ལེན་བྱེད་མཁན་ཞིག་མིན་པ་ནི་གསལ་པོ་བཟོས་སོང་།  ཡང་ན་ཁོང་ལ་༧སྐུ་མདུན་གྱིས་གསུང་པ་དེ་དྲང་དོན་ཡིན་པའི་དཔང་རྟགས་དང་བཅས་པ་དང་མི་འདིས་ཟེར་ཅེས་ར་སྤྲོད་གནང་རྒྱུ་ཡོད་པ་ཞིག་དགོས་ཀྱང་མི་འདིས་ཟེར་ཅེས་མི་མིང་ཙམ་ཡང་སྟོན་རྒྱུ་མི་འདུག།   ༧སྐུ་མདུན་གྱི་བཀའ་གསུང་ཀྱང་དྲང་དོན་བཀྲལ་ནུས་མཁན་ཞིག་གིས་མི་སུས་ཟེར་ཞེས་འདྲི་དུས་ཁ་གསལ་གཏིང་གསལ་གྱི་ལན་ཞིག་གནང་མ་ཐུབ་པ་ནི་ཧ་ཅང་གཡོ་ཐབས་ཤིག་རེད།   དེ་ནས་བཀའ་ཤག་གིས་༧སྐུ་མདུན་གྱིས་གསུང་པ་དེ་ག་རང་ཡིན་ཞེས་བསྐྱར་ནན་བྱས་ཡོད་ལ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་མི་མང་ནས་༧སྐུ་མདུན་གྱིས་ཐེངས་གཉིས་གསུང་པ་དེ་ལ་ཡིད་ཆེས་བྱའང་ཡང་བ་ཚོགས་གཙོས་གསུངས་པ་དེ་ལ་ཡིད་ཆེས་བྱ་རྒྱུ་ཡིན་གདམ་ཀ་བྱ་རྒྱུ་ཞིག་མ་གཏོགས་སླག་མེད་ཅེས་བཤད་ཡོད།    སྐད་ཆ་འདི་དག་ཚང་མ་བཤད་ཚར་བའི་རྗེས་སུ་ཡང་བསྐྱར་༧སྐུ་མདུན་ནས་སུད་སི་ལ་མི་མང་སྟོང་ཚོའི་མདུན་དུ་དུས་དབང་ཕྱི་འགྱངས་དེ་སྨན་བཅོས་དང་ངལ་གསོའི་ཆེད་དུ་ཡིན་པར་བསྐྱར་ནན་གནང་ཡོད།   གླེང་སློང་མང་པོ་བྱུང་བ་འདི་༧སྐུ་མདུན་ནས་དུས་སྐབས་འདི་འདྲ་ཞིག་ནང་ཡང་བསྐྱར་གསུངས་ནན་གནང་བ་འདི་ཞོར་དུ་གསུང་པ་ཞིག་དང་ཡང་ན་ཆེད་དུ་མ་གསུང་པ་ཞིག་གཏན་ནས་མིན་པར་འདི་ནི་༧སྐུ་མདུན་ནས་ཆེད་དུ་གསུང་པ་ཞིག་ཡིན་པས།   རྒྱ་ཆེ་མི་མང་རྣམས་ཀྱིས་འདིའི་ཐོག་ནས་ཚོགས་གཙོས་སུས་བཤད་ཀྱང་སྟོན་རྒྱུ་མེད་པའི་སྐད་ཆ་དེ་དག་ལ་ཡིད་ཆེས་བྱ་རུང་བ་ཞིག་མ་ཡིན་པ་གསལ་སྟོན་བྱས་ཡོད་པས་ཐུགས་གཟབ་མཛོད།   དེས་མ་ཚོགས་གཙོ་ལགས་ཀྱི་དུས་དབང་གི་སྐད་ཆ་འདི་བཤད་ནས་སྲིད་སྐྱོང་བློ་སེང་ཡང་ཨ་ཚོགས་ལྟར་ནག་པོ་བཟོ་ཐབས་ལན་མང་བྱས་ཀྱང་གཞན་ནག་པོ་བཟོ་རྒྱུའི་ཚབ་ལ་རང་ཉིད་༧སྐུ་མདུན་གྱི་གསུང་ལ་དྲང་དོན་འགྲེལ་མཁན་ཞིག་དང་༧སྐུ་མདུན་ལ་མཛད་དཀའ་བཟོ་མཁན་ཞིག་ཆགས་སོང་།


དེས་ན་གོང་བཀོད་གནད་དོན་འདི་དག་ལ་བལྟས་ཡོང་ནས་ཆོགས་གཙོ་ལགས་ནི་མི་ཡ་རབ་སྤྱོད་བཟང་ཞིག་གཏན་ནས་མིན་པ་མ་ཟད་སྤྱི་ཚོགས་ལ་འགན་ཁུར་མཁན་ཞིག་ཀྱང་མ་ཡིན་པ་གསལ་པོ་ཆགས་ཡོད།  ཁ་དཔེ་ལ་ཁྱི་སྨྱོན་གང་དུ་ཡོད་ན་ལུང་པར་ཀུ་ཅོ་ཁེངས་ཟེར་བ་བཞིན་ཚོགས་གཙོ་ལགས་འོས་བསྡུའི་སྐབས་སུ་ཕྱོགས་གང་དུ་ཕེབས་ན་སྤྱི་ཙོགས་ལ་རྙོག་གླེང་དང་མ་འཆམ་པ་ཞིག་མ་གཏོགས་གཅིག་གྱུར་ཡོང་ཐབས་ཀྱི་ལས་འགུལ་སྣ་གཅིག་སྤེལ་མ་སོང་།   འདི་འདྲ་ཞིག་བོད་མིའི་ཆེས་མཐོའི་སྲིད་སྟེག་ཅིག་གི་སྒང་ལ་གཞག་ན་ཧ་ཅང་ཞེན་སྣང་བྱ་དགོས་པ་ཞིག་རེད།  འདི་དག་ནི་འོས་འགུག་ལས་འགུལ་ཁྲོད་ཀྱི་གནས་ཚུལ་ཁོ་ན་མིག་མཐོག་ལག་ཟིན་བྱུང་བ་རྣམས་ཡིན་པ་ལས་འདས་ཟིན་པའི་སྐྱག་དྲི་ཅན་དག་གཏན་ནས་གླེང་མེད།   དེས་ན་འདི་ནི་རྒྱ་ཆེ་བའི་མི་མང་ལ་དཔྱད་གཞིའི་ཚུལ་དུ་ཕུལ་བ་ལས་མཐའ་གཅིག་ཏུ་ངས་བཤད་པ་དེ་ཡིན་དགོས་ཞེས་ཨུ་ཚུགས་བྱེད་ཀྱི་མེད་པས་ནོར་འཁྲུལ་འདུག་ན་འཛུབ་མོ་བཙུགས་ནས་འདི་དང་འདི་ཞེས་བཏོན་རོགས། 
Powered by Blogger.